དབེན་རྩ་དགོན།

ཡོང་ཁུངས་Wikipedia

མཚན་གཞན་ལ། དུས་འཁོར་བྱམས་ཆེན་གྲྭ་ཚང་ཞེས་ཞུ། རྒྱལ་སྨད་ནས་སྤྱི་ལེ་༡༥ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་ཕན་ཕུ་ཞེས་པའི་གྲོང་གི་ལྷོ་ངོས་ཤིང་སྣ་སྣ་ཚོགས་ཀྱི་དབུས་སུ་དགོན་དེ་མཇལ་བ་ཡིན། དབེན་རྩ་ཞེས་པ་ནི་དུས་རབས་བཅུ་བཞི་པའི་དུས་འགོར་ཞ་ལུའི་བླ་མ་གུ་རུ་དཔལ་ལྡན་ལེགས་གནས་དེར་དབེན་པ་སྒྲུབ་གནང་ནས་བཞུགས་པས་དབེན་རྩ་ཞེས་པའི་མཚན་དེ་ལྟར་བྱུང་། དེ་ནས་བུ་སློབ་མང་པོ་འདུས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་རིམ་བཞིན་རྒྱས་པར་གྱུར།བུ་སྟོན་རིན་ཆེན་གྲུབ་ཀྱང་གནས་དེར་ཞབས་བཅགས་པ་ཡིན་ཞེས་གསུངས། སྔོན་གཙུག་ལག་ཁང་ཐོག་སོ་གསུམ་གྱི་འདུ་ཁང་ཀ་བ་༡༢ཀྱི་གཙང་ཁང་དབུས་མའི་བྱམས་པ་ལྷ་ཁང་ནང་སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་ཉིས་ཐོག་ཅན་དང་། གཡས་གཡོན་ཉེ་སྲས་བརྒྱད་མི་ཚད་ཙམ། སྐུ་ཚད་དེ་མཚུངས་ཀྱི་རྒྱལ་བ་རིགས་ལྔའི་སྐུ་རྒྱབ་བྲག་བཟོ་སྤུས་ལེགས། བྱང་ངོས་དུས་འཁོར་ལྷ་ཁང་ནང་དྲུང་པ་ཆོས་ཉིད་རང་གྲོལ་གྱི་ཕྱག་བཟོ་དུས་འཁོར་སྐུ་ཚད་ཉིས་ཐོག་དང་། ལྡེབས་རིས་སུ་རིགས་ལྡན་བླ་རྒྱུད་དང་སྨན་རྒྱལ་སྐུ་བརྙན་སྟོང་ཚར། རྒྱལ་བའི་བཀའ་འགྱུར་པར་མ། འདུ་ཁང་གི་གཡས་སུ་ཤར་ལི་ལས་གྲུབ་པའི་ཇོ་བོའི་སྐུ་བརྙན་མི་ཚད་ཙམ་གྱི་གཡས་གཡོན་དུ་བྱམས་འཇམ་དབྱངས་སྤྱན་རས་གཟིགས་སོགས་ཁྲུ་གང་ཙམ་དང་སྨན་འདམ་གྱི་བུ་སྟོན་རིན་པོ་ཆེའི་སྐུ་བརྙན་སོགས་བཞུགས། གུ་རུ་རིན་པོ་ཆེ་དང་རྗེ་ཙོང་ཁ་པའི་སྐུ་བརྙན་སྐུ་ཚད་ཇོ་བོ་དང་འདྲ་བ། དེའི་གཡས་ངོས་སུ་བཀའ་འགྱུར་པར་མ། གཡོན་གྲལ་གྱི་གྲལ་འགོར་ཁྱུང་སྤྲུལ་པདྨ་དབང་ཆེན་གྱི་སྐུ་བརྙན་མི་ཚད་མ། སྨན་འདམ་གྱི་བདེ་གཤེགས་མཆོད་རྟེན་བརྒྱད། མགོན་ཁང་ནང་གུར་གྱི་མགོན་པོ་དང་རྣམ་སྲས། ལྷ་མོ་རྡོ་རྗེ་རབ་བརྟན་མ། པེ་ཧར་རྒྱལ་པོ། གནོད་སྦྱིན་ཙིའུ་དམར་པོ། དབུ་རྩེའི་ལྷ་ཁང་གི་དབུས་སུ་གནས་བརྟན་བཅུ་དྲུག་དང་ལྟུང་བཤགས་སོ་ལྔ་སོགས་སྨན་འདམ། དབུ་རྩེའི་གཡས་ངོས་སུ་བསྟན་འགྱུར་ལྷ་ཁང་གི་དབུས་སུ་གསེར་ཟངས་ཀྱི་རྒྱལ་བ་བྱམས་པའི་སྐུ་བརྙན་གྱི་ཁྲ་རྒྱན་ཁོ་ནར་འབྲི་བརྒྱ་ཐམ་པ་རེ་བ་ཡོད་ཅེས་དང་། གཡོན་གྱི་བླ་མ་ལྷ་ཁང་ནང་བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་འབུམ་ཆ་ཚང་དང་རྟེན་གཙོ་དུས་གསུམ་སངས་རྒྱས་དང་ཚེ་ལྷ་རྣམ་གསུམ། རིགས་གསུམ་མགོན་པོ་སོགས་ཁྱོན་ལི་སྐུ་ལྔ་བཅུ་ཙམ་དང་དེའི་ནང་སྤྱན་གཟིགས་ཆོས་རྫས་ཤིན་ཏུ་རྒྱས་པ་ཡོད། སྔོན་དགེ་འདུན་ཞལ་གྲངས་བརྒྱ་སྐོར་གྱིས་ཞ་ལུ་བུ་སྟོན་ལུགས་ཕྱག་ལེན་གནང་བ་ཡིན། དཔལ་ཆོས་དགོན་གྱི་བླ་ཁག་༡༦གི་ནང་ཚན་དུས་འཁོར་གྲྭ་ཚང་ཞེས་པའང་དགོན་དེ་ཡིན། [page 26] སྔར་དགོན་དེར་ལོ་ལྟར་བོད་ཟླ་ཚེས་༢༨ ∕ ༢༩གཉིས་ལ་ཆོས་སྐྱོང་གཏང་རག་ཅེས་པའི་གར་འཆམ་བསྐྱོན་སྲོལ་ཡོད།

ད་ལྟ་སྔོན་གྱི་རྩིག་གདན་སྟེང་གསར་བཞེངས་གནང་བའི་གཙུག་ལག་ཁང་གི་འདུ་ཁང་ནང་སྔོན་གྱི་ཇོ་བོའི་སྐུ་བརྙན་དང་། སྔོན་གྱི་འཇམ་དབྱངས་ཀྱི་སྐུ་སྨད་སྟེང་སྐུ་སྟོད་གསར་བཞེངས་གནང་བ། གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

ཡང་དགོན་དེའི་མདུན་ངོས་རི་སྡེབས་སུ་བཙུན་མའི་དགོན་དགོན་པ་ཤར་ཞེས་པའི་སྟོངས་རོ་དང་། དེའི་བྱང་ངོས་སུ་གསེར་ཁང་གྲྭ་ཚང་། དེའི་ཕུར་ན་རོང་ཅུང་ཐོས་དང་དེའི་རྒྱབ་ཏུ་དང་པོ་དགོན་ཞེས་པ་སོགས་མཇལ་རྒྱུ་ཡོད།