Jump to content

དབེན་པའི་ཡོན་ཏན་

ཡོང་ཁུངས་Wikipedia

དབེན་པའི་ཡོན་ཏན་ནི་སྤྱོད་འཇུག་གི་བསམ་གཏན་གྱི་ལེའུར་གསུངས་པའི་གནད་ཆེན་པོ་ཞིག་ཡིན་ཏེ། འདུ་འཛི་ལས་རིང་དུ་གྱུར་པའི་དབེན་པའི་གནས་སུ་བསྡད་པ་ལས་ཐོབ་པའི་ཕན་ཡོན་ཁྱད་པར་ཅན་རྣམས་ལ་ཟེར།

སྒྲ་བཤད།

[རྩོམ་སྒྲིག]

དབེན་པ་ནི་འདུ་འཛི་དང་འཆལ་བའི་སྤྱོད་པ་སོགས་ལས་རིང་དུ་གྱུར་པ་ལ་ཟེར་ཞིང་། ཡོན་ཏན་ནི་ཕན་པ་དང་བདེ་བ་སྐྱེད་པའི་ཆོས་བཟང་པོ་རྣམས་ལ་བྱ། དེས་ན་དབེན་པའི་ཡོན་ཏན་ནི་འདུ་འཛི་སྤངས་ཏེ་དབེན་པར་གནས་པ་ལས་བྱུང་བའི་ཕན་པ་དང་བདེ་བ་ཁྱད་པར་ཅན་གྱི་ཆོས་རྣམས་ལ་གོ་དགོས།

ངོ་བོ།

[རྩོམ་སྒྲིག]

དབེན་པའི་ཡོན་ཏན་གྱི་ངོ་བོ་ནི། "དེ་ལ་སོགས་པའི་རྣམ་པ་ཡིས་དབེན་པའི་ཡོན་ཏན་བསམ་བྱས་ནས། འདོད་པ་ལ་སོགས་པའི་རྣམ་རྟོག་ཉེ་བར་ཞི་བ་དང་བྱང་ཆུབ་སེམས་ནི་བསྒོམ་པར་བྱའོ། །"[]ཞེས་གསུངས་པ་ལྟར་འདུ་འཛི་སྤངས་ཏེ་དབེན་པར་གནས་པའི་སྒོ་ནས་རྣམ་རྟོག་ཞི་ཞིང་བྱང་ཆུབ་ཀྱི་སེམས་བསྒོམ་པར་སླ་བའི་མཐུན་རྐྱེན་གྱི་བདག་ཉིད་ཡིན།

དབྱེ་བ།

[རྩོམ་སྒྲིག]

ལུས་དབེན་པ། "འདུ་འཛི་དེ་དག་གིས་དབེན་པ་གྲོང་ལས་གཞུ་འདོམ་ལྔ་བརྒྱ་སྟེ་མངོན་པའི་ལུགས་ཀྱི་རྒྱང་གྲགས་གཅིག་འཕགས་པའི་ས་ཕན་ནི་དགོན་པ་སྟེ། བརྡ་རྙིང་ལ་གཡེ་ཞེས་ཀྱང་བྱ་སྟེ་དེར་གཅིག་པུར་གནས་པ་ནི་ལུས་ཀྱི་དབེན་པ་སྟེ་ལུས་ཁྱིམ་གྱི་བྱ་བ་ལ་སོགས་པས་དབེན་པའི་ཕྱིར་རོ། །"[]ཞེས་གསུངས་པ་ལྟར་ཁྱིམ་གྱི་བྱ་བ་སོགས་ལས་དབེན་པའི་དགོན་པར་གནས་པ་ཡིན།

སེམས་དབེན་པ། "འདི་ལྟར་སེམས་ཡོངས་སུ་བྱང་བ་བསྒོམ་པ་ན་བྱང་ཆུབ་ཀྱི་སེམས་ཕུལ་དུ་ཕྱིན་པའི་གོ་འཕང་སྐྱེ་བར་འགྱུར་རོ་ཞེས་ནིའི་སྒྲས་ཁྱད་པར་སྟོན་ཏོ། །"[]ཞེས་གསུངས་པ་ལྟར་རྣམ་རྟོག་གིས་དབེན་པའི་སེམས་ཀྱི་རྣལ་འབྱོར་ཡིན།
གནས་ཀྱི་དབེན་པ། གནས་ཀྱི་དབེན་པ་ནི་རི་ཁྲོད་དང་ནགས་ཚལ་སོགས་སུ་གནས་པ་སྟེ། "བདག་ཏུ་གཞི་གང་དུ་རང་ལོ་ཟླ་ལ་སོགས་པ་ཇི་སྲིད་སྡོད་པར་འདོད་པའི་བར་དུ་གནས་ཤིང་གནས་དང་ལོངས་སྤྱོད་ལ་ཡོངས་སུ་འཛིན་པ་དང་བསྲུང་བའི་སྡུག་བསྔལ་ཐམས་ཅད་སྤངས་ཏེ།"[] ཞེས་གསུངས།

ཕན་ཡོན།

[རྩོམ་སྒྲིག]

ཆོག་ཤེས་ཀྱི་བདེ་བ། "སེམས་ཅན་གང་དང་ཡང་ནི་འབྲེལ་བ་མེད་པའི་སྒོ་ནས་ཆོག་ཤེས་ཀྱི་བདེ་བ་སྤྱོད་པ་གང་ཡིན་པ་དེ་ནི་དབང་པོ་ཡིས་ཀྱང་རྙེད་པར་དཀའ་སྟེ།"[] ཞེས་གསུངས་པ་ལྟར་ཆོག་ཤེས་ཀྱི་བདེ་བ་ཁྱད་པར་ཅན་ཐོབ་པ་ཡིན།

དབེན་པའི་ཕན་ཡོན། དབེན་པ་བསྟེན་པའི་ཕན་ཡོན་ནི་ཤིན་ཏུ་རྒྱ་ཆེ་སྟེ། "གནས་དང་ལོངས་སྤྱོད་སོགས་ཇི་ལྟར་འདོད་པ་བཞིན་དུ་རང་དབང་དུ་སྤྱོད་ཅིང་དེ་ལ་ཆགས་པ་མེད་ལ། སྐྱེ་བོ་གང་དང་ཡང་ནི་འབྲེལ་བ་མེད་པའི་གནས་སུ་ཟས་གོས་སོགས་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་བདེ་བ་ལ་སྤྱོད་པ་གང་ཡིན་པ་ལྷ་དང་མིའི་དབང་པོས་ཀྱང་ནི་དེ་རྙེད་དཀའ་བས་མཁས་པས་དབེན་པ་བསྟེན་པ་ལ་འབད་པར་བྱའོ། །"[]ཞེས་གསུངས་སོ། །

བསྒོམ་ཚུལ།

[རྩོམ་སྒྲིག]

"ཕྱི་དང་ནང་གི་དངོས་པོ་ལ་འདོད་ཅིང་ཆགས་པའི་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བ་དང་། བྱང་ཆུབ་ཀྱི་སེམས་ནི་བསྒོམ་པ་ལ་འབད་པར་བྱའོ། །"[]ཞེས་གསུངས་པ་ལྟར་དབེན་པའི་ཡོན་ཏན་རྣམས་བསམས་ཏེ་རྣམ་རྟོག་ཞི་བ་དང་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱེད་དགོས།

བསྡུས་དོན།

[རྩོམ་སྒྲིག]

དབེན་པའི་ཡོན་ཏན་ནི་འདུ་འཛི་དང་བྲལ་ཏེ་དགོན་པའི་གནས་སུ་བསྡད་པ་ལས་བྱུང་བའི་ཕན་ཡོན་རྣམས་ལ་བྱ་སྟེ། ལུས་ཀྱིས་འདུ་འཛི་ལས་དབེན་པ་དང་། སེམས་ཀྱིས་རྣམ་རྟོག་ལས་དབེན་པའི་སྒོ་ནས་བསོད་ནམས་ཆེན་པོ་གསོག་པ་དང་། ཏིང་ངེ་འཛིན་ཐོབ་པ། ཆོག་ཤེས་ཀྱི་བདེ་བ་ཁྱད་པར་ཅན་མྱོང་བ་སོགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་ཐོབ་པར་འགྱུར། དེ་ལྟ་བུའི་དབེན་པའི་ཡོན་ཏན་བསམས་ཏེ་རྣམ་རྟོག་ཞི་ཞིང་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་འབད་པར་བྱ་དགོས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༡༥༥
  2. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༢༣༡
  3. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༢༤༨
  4. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༤༥༦
  5. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༡༥༥
  6. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༢༠༨
  7. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༤༥༨