དབུ་མའི་ལྡེ་མིག
༄༅། །དབུ་མའི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།

ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཕྱག་འཚལ་ལོ། །
དམིགས་མེད་ཐུགས་རྗེས་འགྲོ་ཀུན་སྐྱོང༌། །
མཁྱེན་དང་འཕྲིན་ལས་དཔལ་མངའ་ཡང༌། །
མིང་དང་བློ་ཡིས་བཏགས་ཙམ་གྱིས། །
སྒྱུ་འདྲའི་རྒྱལ་ལ་གུས་བཏུད་ནས། །
དེ་ཡི་ལེགས་གསུང་བདུད་རྩིའི་བཅུད། །
སྟོང་དང་རྟེན་འབྱུང་ཟུང་འཇུག་ཚུལ། །
བློ་གསར་བློ་གྲོས་རྒྱས་བྱེད་དུ། །
མདོར་བསྡུས་ཚིག་གིས་འདིར་བཤད་བྱ། །
རང་རེ་རྣམས་བདེ་བ་འདོད་ཅིང༌། སྡུག་བསྔལ་མི་འདོད་ལ། དེ་གཉིས་སྒྲུབ་པ་དང་སེལ་བ་ཡང༌། ལུས་ངག་ཡིད་གསུམ་གྱི་སྤྱོད་པར་རག་ལས་ཤིང༌། ལུང་ངག་གི་སྤྱོད་པ་དེ་དག་ཀྱང་སེམས་ལ་རག་ལས་པས་སེམས་ལ་བཟོ་བཅོས་བྱེད་དགོས།སེམས་ལ་བཟོ་བཅོས་བྱེད་ལུགས་ཀྱང༌། སེམས་ནོར་འཁྲུལ་ཅན་མི་སྐྱེ་བ་དང༌།བཟང་པོའི་རིགས་སྐྱེད་ཅིང་འཕེལ་བར་བྱེད་རྒྱུ་དེ་ཡིན། འདིར་སེམས་བཟང་ངན་བརྩི་ས་ནི། སེམས་གང་སྐྱེས་ན། ཐོག་མར་རང་ཉིད་མི་བདེ་བར་གྱུར་ཏེ་ད་ཅི་སེམས་བག་ཕེབས་པོར་ཡོད་པ་གློ་བུར་དུ་ཚབ་ཚུབ་བམ། བློང་བློང་པོར་གྱུར་པ་དང༌། དེས་རྐྱེན་དབུགས་འཚངས་ཡོང་བ་དང༌། ནད་ཀྱི་རྐྱེན་བྱེད་པ་སོགས་བྱེད་ཅིང༌། དེ་ལས་རིམ་གྱིས་ལུས་ངག་གི་ངན་སྤྱོད་ཐོན་ཏེ་དངོས་ཤུགས་བརྒྱུད་གསུམ་ནས་གཞན་ལའང་བཟོད་མ་བདེ་བ་བྱེད་པའི་རིགས་མཐའ་དག་སེམས་ངན་པ་དང༌། དེ་ལས་ལྡོག་སྟེ་རང་ངམ་གཞན་ལ་འཕྲལ་ཕུགས་སུ་བདེ་ཞིང་ཞི་བའི་འབྲས་བུ་སྟེར་བར་བྱེད་པའི་རིགས་རྣམས་སེམས་བཟང་པོར་འཇོག་པ་ཡིན།
ནོར་འཁྲུལ་ཅན་གྱི་སེམས་མི་སྐྱེ་བར་བྱེད་པ་ཡང་ཀླད་རྩ་བཤག་བཅོས་དང༌། རིལ་བུ་ཅི་རིགས་ཟ་བ། ཡང་གཉིད་ཀྱིས་བཟི་བ་ལྟ་བུའི་དྲན་པ་མི་གསལ་བ་བཟོ་བ། ཡང་གཉིད་མཐུག་པོ་ཁུག་པ་ལྟ་བུའི་དྲན་མེད་བཟོས་པའི་ཐབས་རྣམས་ཀྱིས་འཕྲལ་སེལ་ཕན་པ་རེ་ཟུང་ཡོང་སྲིད་པ་ཙམ་ལས། ཕུགས་ནས་ཕན་ལས་གནོད་ཆེའི་རིགས་མང༌།
དེས་ན། བཟང་པོར་བཅོས་ཚུལ་བློ་ངན་པའི་རིགས་ཀྱི་ཉེས་དམིགས་བསམ་པའི་སྒོ་ནས་བློ་དེའི་ངོ་བོ་མྱོང་བས་ངོ་འཕྲད་པ་བྱས། དེ་ནས་བློ་བཟང་པོའི་རིགས་ཤེས་པར་བྱས་ཏེ་དེའི་དགེ་མཚན་དང༌། རྒྱབ་རྟེན་ཚད་མ་ཡོད་ཚུལ་རྣམས་ཡང་ཡང་བསམ་པས་གོམས་སུ་བཅུག་ན་འདྲིས་པའི་སྟོབས་དང༌། རྒྱབ་རྟེན་ཡོད་པ་དང༌། སེམས་ལ་བརྟེན་པའི་ཡོན་ཏན་ཡིན་པ་བཅས་ཀྱིས་བློ་བཟང་པོའི་རིགས་མཐུ་ཇེ་ཆེར་སོང་བ་ན། བློ་སྐྱོན་ཅན་མཐུ་ཇེ་ཆུང་དུ་འགྲོ་བ་ཆོས་ཉིད་ཡིན་པས། ནམ་ཞིག་སེམས་ལ་བཟང་པོའི་གདེང་རྟགས་ཐོན་པ་ཡོང༌།
དེ་འདྲའི་སེམས་བཅོས་ཐབས་འཛམ་གླིང་འདིའི་སྟོན་ཆེན་དུ་མས་གནས་དུས་སོ་སོ་དང༌། གདུལ་བྱ་སོ་སོའི་བློ་དང་འཚམས་པའི་ཐབས་མི་འདྲ་བ་དུ་མ་བསྟན་ཅིང༌། དེ་དག་གི་ནང་ཚན་ནང་པ་སངས་རྒྱས་པའི་གཞུང་དུ་སེམས་འདུལ་བའི་ཐབས་ཚུལ་དུ་མ་བསྟན་ཡོད་པ་ལས། འདིར་སྟོང་ཉིད་ཀྱི་ལྟ་བའི་ལྟ་བའི་སྐོར་ཅུང་ཟད་བརྗོད་ན།
ནང་པ་སངས་རྒྱས་པའི་ཐེག་པ་ཆེ་ཆུང་གཉིས་དང༌། ཐེག་ཆེན་ལའང་མདོ་སྔགས་གཉིས་བཅས་དེ་ཐམས་ཅད་ནས་བདག་མེད་པའི་ལྟ་བ་བསྟན་ལ། ཕྱི་ནང་གི་ཁྱད་པར་སྤྱོད་པས་འབྱེད་ཚེ་སྐྱབས་འགྲོ་ཡོད་མེད་དང༌། ལྟ་བས་འབྱེད་ཚེ་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མི་ལེན་གྱིས་འབྱེད་པ་ཡིན་ཅིང༌། ཕྱག་རྒྱ་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ། ཞེས་གསུངས་པས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ནི་ནང་པ་ཚང་མས་བཞེད་པ་ཡིན།
བདག་མེད་པའི་དོན་ལ་བྱེ་མདོ་རྣམ་རིག་དབུ་མའི་གྲུབ་མཐའ་བཞི་སྤྱི་ཁྱབ་ཏུ་འདོད་པའི་གང་ཟག་རང་རྐྱ་ཐུབ་པའི་རྫས་སུ་མེད་པའི་གང་ཟག་གི་བདག་མེད་དང༌། སེམས་ཙམ་པས་གཟུང་འཛིན་གཉིས་སྟོང་གི་ཆོས་ཀྱི་བདག་མེད་དང༌། དབུ་མ་པས་བདེན་གྲུབ་ཀྱིས་སྟོང་པའི་ཆོས་ཀྱི་བདག་མེད་བཞེད་དེ། གྲུབ་མཐའ་གོང་འོག་གི་ལྟ་བའི་གོ་དོན་ལ་ཕྲ་རགས་ཀྱི་ཁྱད་པར་ཆེ་ཞིང༌། འོག་མ་འོག་མའི་འདོད་ཚུལ་ལ་གོ་བ་ཆགས་ན། གོང་མ་གོང་མའི་ལྟ་བ་གཏིང་ཕྱིན་པར་ངེས་པའི་ཐབས་སུ་འགྲོ་བས་ཕན་ཐོགས་ཆེ། འདིར་དབུ་མའི་ལུགས་དང༌། དེར་ཡང་ཐལ་རང་གཉིས་སུ་དབྱེ་བའི་ཐལ་འགྱུར་བའི་ལུགས་བཞིན་བརྗོད་རྒྱུ་ཡིན།
འོ་ན་གྲུབ་མཐའི་ཁྱད་པར་འདི་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནམ། ཡིན་ན་མདོ་སྡེ་གང་དང་གང་ལ་བརྟེན། གྲུབ་མཐའི་མཆོག་དམན་དང༌།ཟབ་ཁྱད་ཀྱང་ལུང་ལ་བརྟེན་དགོས་པ་ཡིན་ནམ་ཟེར་ན། གྲུབ་མཐའ་བཞིའི་ལྟ་བའི་ཁྱད་པར་རྣམས་བཅོམ་ལྡན་འདས་ཉིད་ཀྱིས་གདུལ་བྱ་བློ་རབ་འབྲིང་མཐའ་མ་ལ་ལྟོས་པའི་དགོས་དབང་གིས་གསུངས་པ་ཡིན་ལ་བདག་མེད་པར་བསྟན་ན་ཆད་ལྟར་འགྲོ་དོགས་ཡོད་པའམ། དད་ལོག་འགྲོ་ཉེན་ཡོད་པའི་གདུལ་བྱའི་ཆེད་མདོ་འགའ་ཞིག་ཏུ་བདག་ཡོད་པའང་གསུངས་ཡོད། ཡང་ཡོད་མེད་ཀྱི་ལན་མཛད་ན་རྟག་ཆད་གང་རུང་དུ་འགྲོ་བར་དོགས་པའི་གདུལ་བྱའི་ཆེད་དུ་ཡོད་མེད་གཉིས་ཀ་མ་གསུངས་པར་བཏང་སྙོམས་སུ་བཞག་པ་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ལྟ་བུ་ཡིན། བདག་མེད་ཚུལ་ལའང་འདིར་རོབ་ཙམ་རྟག་ཆད་གང་རུང་དུ་འགྲོ་བར་དོགས་པའི་གདུལ་བྱའི་ཆེད་དུ་ཡོད་མེད་གཉིས་ཀ་མ་གསུངས་པར་བཏང་སྙོམས་སུ་བཞག་པ་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ལྟ་བུ་ཡིན།བདག་མེད་ཚུལ་ལའང་འདིར་རོབ་ཙམ་བཤད་པ་ལྟར་རྣམ་གྲངས་མང་པོ་གསུངས་པ་ཡིན།
མདོ་སྡེ་གང་ལ་བརྟེན་ན། བྱེ་མདོའི་གྲུབ་མཐའ་བདེན་བཞིའི་མདོ་སོགས་འཁོར་ལོ་དང་པོའི་མདོ་ལ་གཙོ་བོར་བརྟེན་ཅིང༌། རྣམ་རིག་པའི་གྲུབ་མཐའ་ནི་མདོ་སྡེ་དགོངས་པ་ངེས་འགྲེལ་སོགས་འཁོར་ལོ་མཐའ་མའི་མདོ་ལ་གཙོ་བོར་བརྟེན་ལ། དབུ་མའི་གྲུབ་མཐའ་ནི་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་སོགས་འཁོར་ལོ་བར་པའི་མདོ་ལ་གཙོ་བོར་བརྟེན་པ་ཡིན། འཁོར་ལོ་རིམ་པ་གསུམ་ནི་ཡུལ་དུས་བརྗོད་བྱ་གདུལ་བྱའི་དབང་གིས་འཇོག་ཚུལ་ཡོད།
གྲུབ་མཐའ་མི་མཐུན་པའི་ལྟ་བ་མཆོག་དམན་ནམ། ཟབ་ཁྱད་ཀྱི་ཁྱད་པར་ལུང་ལ་བརྟེན་ནས་འབྱེད་དགོས་ན། མདོ་སྡེ་སོ་སོ་ནས་རང་རང་གི་བསྟན་བྱའི་ལུགས་དེ་མཆོག་ཏུ་གསུངས་པས་ལུང་གང་བདེན་པར་འཛིན་པ་ན། དེ་དང་མི་མཐུན་པའི་ལུང་གཅིག་ཤོས་དེ་ཇི་ལྟར་བྱེད། གཅིག་བདེན་ལ་གཅིག་ཤོས་མི་བདེན་པའི་ཚུལ་དེའང་ལུང་འབའ་ཞིག་གིས་སྒྲུབ་དགོས་ན་ཐུག་མེད་དུ་འགྱུར།དེས་ན་ལྟ་བའི་མཆོག་དམན་འབྱེད་པ་རིགས་གཉིས་ལ་བརྟེན་དགོས། དེའི་ཕྱིར་ཐེག་ཆེན་གྱི་མདོ་སྡེ་ལས་རྒྱལ་བའི་བཀའ་ལ་དྲང་ངེས་འབྱེད་དགོས་པར་གསུངས། འདི་ལ་དགོངས་ནས་མདོ་ལས།
དགེ་སློང་དག་གམ་མཁས་རྣམས་ཀྱིས། །
བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །
ལེགས་པར་བརྟག་ལ་ང་ཡི་བཀའ། །
ང་བར་བྱ་ཡི་གུས་ཕྱིན་མིན། ། ཞེས་གསུངས།
དེའི་དགོངས་དོན་བྱམས་པས་མདོ་སྡེ་རྒྱན་དུ་ལེགས་པར་བཀྲལ་ཏེ་རྟོན་བཞི་གསུངས།
༡ ༽ དེ་ཡང་སྟོན་པ་པོ་གང་ལ་མི་རྟོན་པར་དེས་བསྟན་པའི་གྲུབ་མཐའ་འམ། ཆོས་ལ་རྟོན་པ་དང༌།
༢ ༽ དེ་ཡང་ཚིག་སྙན་འཇེབས་སོགས་ཙམ་ལ་མི་རྟོན་པར་དོན་ལ་རྟོན་པ་དང༌།
༣ ༽ དོན་ལའང་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་དང༌། སྒྲ་ཇི་བཞིན་པ་ཡིན་ཡང་དོན་དེ་ཙམ་གནས་ལུགས་མཐར་ཐུག་མིན་པས་ད་དུང་དགོངས་པ་གཞན་དུ་དྲངས་དགོས་པའི་དྲང་དོན་ལ་མི་རྟོན་པར་དགོངས་པ་གཞན་དུ་དྲངས་མི་དགོས་པའི་ངེས་དོན་ལ་རྟོན་པ་དང༌།
༤ ༽ ངེས་དོན་དེ་ཡང་གཉིས་སྣང་དང་བཅས་པའི་རྣམ་ཤེས་ལ་མི་རྟོན་པར་རྣམ་པར་མི་རྟོན་པའི་ཡེ་ཤེས་ལ་རྟོན་དགོས་པ་ཡིན་ཅིང་།
ཟབ་མོ་ལ་དམིགས་པའི་མི་རྟོག་པའི་སེམས་དེ་ཡང་ཟབ་མོ་ལ་དམིགས་པའི་རྟོག་པ་ཚད་མ་གོམས་ཏེ་བསྒོམ་བྱའི་དོན་ལ་གསལ་སྣང་ཐོན་པ་ན་མི་རྟོག་ཡེ་ཤེས་སུ་འགྱུར། དེ་འདྲའི་རྟོག་པ་དེ་གསར་དུ་སྐྱེ་བ་ཡང་རྒྱུ་མཚན་ཡང་དག་ལ་བརྟེན་དགོས་པས་མཐར་གཏུགས་ན་རིགས་པ་ཉིད་ལ་ཐུག་པ་ཡིན་ལ། དེ་ཉིད་ཀྱང་མཐར་རང་གཞན་གྱི་མྱོང་བ་ཚད་མ་འདི་ལ་གཏུགས་དགོས་པས་རིགས་པ་རྣམས་མཐར་གཏུགས་ན་མངོན་སུམ་ཉིད་ལ་ཐུག་པ་ཡིན་པ་ནི་རིགས་པའི་དབང་ཕྱུག་ཕྱོགས་ཀྱི་གླང་པོ་དང༌། ཆོས་ཀྱི་གྲགས་པའི་དགོངས་པ་ཡིན་ནོ། །
ཡང་སེམས་བཟང་དུ་གཏོང་བར། ཚད་མ་དང༌། ལྟ་བའི་རྣམ་གཞག་རྟོགས་པའི་བློ་གྲོས་ཀྱིས་ཅི་བྱེད། ཆོས་པ་ལ་བཙུན་པ་དང་བཟང་པོ་དགོས། མཁས་པ་ལ་བློ་གྲོས་དགོས་ཟེར་ན།
སེམས་བཟང་དུ་གཏོང་བར་རིམ་པ་མང་པོ་ཡོད་དེ། འགའ་ཞིག་རྒྱུ་མཚན་ལ་དཔྱད་མི་དགོས་པར་ཡིད་ཆེས་ཀྱི་དད་པ་ཙམ་རྩེ་ཅིག་ཏུ་སྒོམ་པ་ལྟ་བུ་ཡོད་མོད། དེ་ཙམ་གྱིས་ནུས་པ་ཆེར་མི་ཐོན་ལ། ལྷག་པར་སེམས་བཟང་པོ་མཐའ་མེད་དུ་འགྲོ་བ་ལ་ནི། བསྒོམ་བྱའི་དོན་ལ་བློ་གོམས་འདྲིས་གཅིག་པུས་མི་ཆོག་པར་དོན་དེ་རྒྱུ་མཚན་དང་ལྡན་པ་ཞིག་དང༌། དེ་ཡང་སྤྱིར་དོན་དེ་ལ་རྒྱུ་མཚན་ཡོད་པས་མི་ཆོག་གི སྒོམ་པ་པོ་རང་གིས་ཤེས་ཤིང་ངེས་པ་རྙེད་པ་ཞིག་དགོས། དེའི་ཕྱིར་ཆོས་པ་རབ་ལ་བློ་གྲོས་མེད་ཀ་མེད་ཡིན།
དེ་ལྟ་ན་མཁས་བཙུན་གཉིས་ལས་གང་རུང་ཞིག་འདེམས་ཀ་མི་བྱེད་མཐུ་མེད་ལྟ་བུ་ཡིན་ན་བཙུན་པ་ལ་ཆེ་སྟེ་དེའི་ཚོད་ཀྱིས་ཕན་ཐོགས་ཤིང་ཡོང་། སེམས་མ་དུལ་བའི་མཁས་པ་ཙམ་གྱིས་སེམས་ལ་ཞི་བདེ་ཡོང་རྒྱུའི་ཚབ་ཏུ་རང་ལས་མཐོ་བར་ཕྲག་དོག མཉམ་པ་ལ་འགྲན་སེམས། དམན་པ་ལ་ང་རྒྱལ་དང་བརྙས་དམོད་སོགས་རང་གཞན་མི་བདེ་བར་བྱེད་པའི་བློ་ངན་རྒྱས་བྱེད་དུ་འགྱུར་སྲིད་ པས་སྨན་དུག་ཏུ་སོང་བ་ལྟ་བུ་འབྱུང་ཉེན་ཆེ་བས་མཁས་པས་བཙུན་པ་མ་བཅོམ། བཙུན་པས་མཁས་པ་མ་བཅོམ་པའི་མཁས་བཙུན་བཟང་གསུམ་འཛོམས་པ་ཤིན་ཏུ་གལ་ཆེའོ། །
དེ་ལ། བདག་མེད་པ་སྟོང་པ་ཉིད་ཀྱི་དོན་ངེས་པ་ཞེས་པའི་སྟོང་རྒྱུ་དེའི་གོ་དོན་ངེས་དགོས་ཏེ། རྒྱས་སྲས་ཞི་བ་ལྷས། བརྟགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །གསུངས་པ་ལྟར། གང་གིས་སྟོང་རྒྱུའི་དགག་བྱ་དེ་མ་ངེས་པར་དེས་སྟོང་པའི་གོ་དོན་མི་ཆགས།
གང་གིས་སྟོང་ན། དགག་བྱ་ཐོགས་རེག་ལྟ་བུ་བཞག་ནས་དེས་སྟོང་པའི་འཇའ་ཚོན་སྟོང་པ་ཟེར་བ་ལྟ་བུ་དང༌། ཡང་དགག་བྱ་གཟུགས་ཅན་གྱིས་སྟོང་པའི་ནམ་མཁའ་སྟོང་པ་ཟེར་བ་ལྟ་བུ་མིན་པར། དགག་བྱ་ངོ་བོ་ཉིད་ཀྱིས་གྲུབ་པ་བཞག་ནས་དེས་སྟོང་པ་དང༌།
དེ་ཡང་དགག་བྱ་སྔར་ཡོད་ཕྱིས་བསལ་དཔེར་ན། ཁ་སའི་དུས་སུ་ནགས་ཚལ་མེས་བཅོམ་སྟེ་ས་གཞི་ནགས་ཀྱིས་སྟོང་པ་ལྟ་བུ་མིན་པར་ཐོག་མ་མེད་པ་ནས་ཡོད་མ་མྱོང་བའི་དགག་བྱས་སྟོང་པ་དང༌།
དགག་བྱས་སྟོང་ལུགས་ཀྱང་ལྕོག་རྩེའི་སྟེང་མེ་ཏོག་གིས་སྟོང་པ་ལྟ་བུ་མིན་པར་དགག་གཞི་དེ་ཉིད་དགག་བྱའི་ངོ་བོར་མེད་པའི་དོན་དང༌། དེའི་གནད་ཀྱིས་གང་གིས་སྟོང་རྒྱུའི་དགག་བྱའམ། བདག་གི་གྲུབ་ཚད་མ་ངེས་པར་འདི་མིན་ཅི་ཡང་མེད་པར་སྟོང་ཆས་མེ་བའི་སྟོང་སངས་ཀྱང་སྟོང་པའི་དོན་གཏན་ནས་མིན།
འོ་ན་མེད་ངེས་ཤིག་གི་གྲུབ་ཚད་དམ་གོ་དོན་ཤེས་པར་བྱས་ནས་དེ་མེད་ངེས་སུ་ལྟ་དགོས་པའི་ལས་རྙོག་འདི་འདྲ་དགོས་པ་གང་ཡིན་ཟེར་ན།
འཇིག་རྟེན་ཡོངས་གྲགས་ལའང་གནས་ཚུལ་མི་བདེན་པ་ཞིག་བདེན་པར་བཟུང་ནས་མགོ་འཁོར་ཐེབས་ཏེ་ཕུང་ཡོང་རྒྱུ་ཡོད་པ་ལྟར། འདིར་ཡང་ཆོས་རྣམས་རང་བཞིན་མེད་བཞིན་དུ་རང་བཞིན་གྱིས་ཡོད་པར་བཟུང་བས་དེའི་དབང་གིས་ཕུང་གི་ཡོད་པ་དཔེར་ན། རང་ལ་དམིགས་པའི་བློ་ལ་ང་ལ་དམིགས་པའི་ཆགས་སྡང་དང༌། ང་རྒྱལ་སོགས་སྐྱེ་བའི་གནས་སྐབས་ཀྱི་ངའི་འཛིན་ཚུལ་དང༌། དེ་དག་མངོན་གྱུར་དུ་མེད་པར་བག་ཕེབས་ཏེ་ཡོད་པའི་གནས་སྐབས་ཀྱི་ངའི་འཛིན་ཚུལ་ལ་ཁྱད་པར་ཡོད།
དེ་བཞིན་དུ་ཁྲོམ་དུ་ཡོད་པའི་དངོས་པོ་ཞིག་རང་གིས་མ་ཉོས་གོང་གི་དེ་ལ་དམིགས་པའི་བློ་ཙམ་དང༌། ཉོས་ནས་བདག་གིར་ཞེན་ཅིང་ཆགས་ནས་བཟུང་བའི་ནས་སྐབས་གཉིས་སུ་དངོས་པོ་དེ་ལ་དམིགས་པའི་བློ་གཉིས་ཀ་དམིགས་པ་གཅིག་ཅིང༌། དངོས་པོ་དེའི་སྣང་ཚུལ་བདེན་གྲུབ་ཏུ་སྣང་བ་མཚུངས་ཀྱང་། བདེན་པའམ་ཚུགས་ཐུབ་པའི་ཞེན་ཚུལ་མེད་པ་དང་ཡོད་པའི་ཁྱད་པར་ཡོད།
ཡང་མི་བཅུ་གྲངས་ཤིག་མཐོང་བ་ན་མཐོང་ཙམ་ཉིད་ནས་མི་བཅུ་ཡུལ་སྟེང་ནས་ཡོད་པར་སྣང་ཡང༌། དེ་ལྟར་བདེན་ཤག་བྱེད་པའི་ཞེན་ཚུལ་ལྟར་ཡོད་པའི་ངེས་པ་མེད་ཅིང་དེ་ནས་མི་བཅུའི་ནང་ནས་རྒྱུ་མཚན་ལྟར་སྣང་ངམ། ཡང་དག་པ་གང་ཡང་རུང་བ་ཞིག་ལ་བརྟེན་ནས་མི་གཅིག་ལ་བཟང་ངན་དུ་རྟོག་པའི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་རྒྱ་བསྐྱེད་སྐབས་དངོས་ཡོད་ལས་བརྒལ་བའི་བཟང་ངན་དུ་བློས་སྒྲོ་བཏགས་ནས་ཆགས་སྡང་སྐྱེ་ཡོང་བས་དེའི་གནས་སྐབས་སུ་ཡུལ་དེ་བདེན་བདེན་དུ་བློ་ཕུགས་ནས་དམ་པོར་ཞེན་པ་ཞིག་ཡོད།
དེས་ན་བློ་ངན་ཅི་འདྲ་ཞིག་ཡིན་ཡང་དེའི་སྔོན་འགྲོ་སྣ་འདྲེན་དང༌། བློ་ངན་མང་པོ་ཞིག་དང་མཚུངས་ལྡན་ནམ་རོགས་སུ་བདེན་འཛིན་དེ་ཡོང་བ་ཡིན་པས་བདེན་འཛིན་གྱི་མ་རིག་པ་དེ་མེད་ན་ཆགས་སྡང་སོགས་སྐྱེ་ས་མེད་པ་དེ་ལྟར་ཡིན་པས།
དགག་བྱས་ཐོག་མ་མེད་པ་ལ་མེད་པར་ངོ་འཕྲོད་དེ་ངེས་ཤེས་སྐྱེ་དགོས་པ་ནི་མེད་བཞིན་དུ་ཡོད་པ་ལྟར་མངོན་ཞིང་ཞེན་པས་དེའི་དབང་གིས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་རྒྱ་མཚོའི་གཉེར་མ་ལྟར་ཟད་པ་མེད་པར་འབྱུང་བ་དེ་འགོག་པའི་ཆེད་དུ་ཡིན།
དེ་ལྟར་ཡང་ཀླུ་སྒྲུབ་ཀྱི་རྩ་ཤེའི་རབ་བྱེད་བཅོ་བརྒྱད་པ་ལས།
ནང་དང་ཕྱི་རོལ་ཉིད་དག་ལས། །
བདག་དང་བདག་གི་སྙམ་ཟད་ན། །
ཉེ་བར་ལེན་པ་འགག་འགྱུར་ཞིང༌། །
དེ་ཟད་པས་ན་སྐྱེ་བ་ཟད། །
ལས་དང་ཉོན་མོངས་ཟད་པས་ཐར། །
ལས་དང་ཉོན་མོངས་རྣམ་རྟོག་ལས། །
དེ་དག་སྤྲོས་ལས་སྤྲོས་པ་ནི། །
སྟོང་པ་ཉིད་ཀྱིས་འགག་པར་འགྱུར། ། ཞེས་གསུངས་པ་ལྟར་རོ།
ངོ་བོ་ཉིད་ཀྱིས་གྲུབ་པ་ཐོག་མ་ནས་ཡོད་མ་མྱོང་བས་རང་དབང་གཏན་ནས་མེད་པ་དང་། དེས་སྟོང་པའི་རྟེན་འབྲེལ་ཙམ་དེས་ཕན་གནོད་ཐམས་ཅད་བྱེད་པ་མྱོང་བས་འགྲུབ་པས་རྟེན་འབྲེལ་ཙམ་ཞིག་ཡོད་པ་ཡིན་པས།
སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ངོ་བོས་གྲུབ་པ་གཏན་ནས་མེད་པའི་རང་བཞིན་དེ་གའི་དབྱིངས་ལས་སམ། རང་བཞིན་དེ་ཀ་ལས་མ་འདས་པའི་ངང་ནས་སྣང་བ་བརྟེན་འབྱུང་སྣ་ཚོགས་སུ་འཆར་བའི་ངང་ཚུལ་དུ་ཡོད་པས་ཤེས་བྱ་ཐམས་ཅད་ལ་ངོ་བོ་གཉིས་རེ་ཡོད་ཅིང༌། དེ་ཡང་འཕྲལ་གྱིས་སྣང་ཚུལ་གྱི་ངོ་བོ་གཅིག་དང༌། ཕུགས་ཀྱི་སྡོད་ལུགས་ཀྱི་ངོ་བོ་གཅིག་སྟེ་གཉིས་པོ་དེ་ལ་ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པ་ཟེར།
འཕགས་པ་ཀླུ་སྒྲུབ་ཀྱི་རྩ་ཤེ་ལས།
སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །
།བདེན་པ་གཉིས་ལ་ཡང་དག་བརྟེན། །
འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །
དམ་པའི་དོན་གྱི་བདེན་པ་འོ། ། ཞེས་དང༌།
དཔལ་ལྡན་ཟླ་བ་གྲགས་པའི་འཇུག་པ་ལས།
དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡིས། །
དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །
ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །
མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། ། ཞེས་གསུངས།
དོན་དམ་བདེན་པའི་དབྱེ་བ་རོབ་ཙམ་འོག་ཏུ་འཆད་ཅིང༌། ཀུན་རྫོབ་བདེན་པའི་ལ་འཇིག་རྟེན་ཤེས་ངོ་ཉིད་ལ་ལྟོས་ཏེ་ཡང་ལོག་གཉིས་འབྱེད་པ་ཡིན་ཏེ། ཟླ་བས།
མཐོང་བ་རྫུན་པའང་རྣམ་པ་གཉིས་འདོད་དོ། །
དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །
སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །
དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །
གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱི། །
གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་དེ། །
འཇིག་རྟེན་ཉིད་ལས་བདེན་མིན་ལྷག་མ་ནི། །
འཇིག་རྟེན་ཉིད་ལས་ལོག་པ་རྣམ་པར་བཞག ། ཅེས་གསུངས་པ་ལྟར་རོ། །
དེ་ལྟར་བདེན་པ་གཉིས་ཀྱི་རྣམ་གཞག་ཤེས་དགོས་པ་ནི། བཟང་ངན་སྣ་ཚོགས་བྱེད་པའི་སྣང་བ་འདི་དག་ལ་གཏན་དུ་འབྲེལ་བ་བྱེད་དགོས་པས་གང་ལ་འབྲེལ་བྱེད་སའི་གཞི་དེའི་འཕྲལ་ཕུགས་ཀྱི་རང་བཞིན་གཉིས་ཤེས་དགོས།
དཔེར་ན། རང་ཉིད་ཀྱི་ཁྱིམ་མཚེས་པ་མགོ་བདེ་དྲན་འཕྲུལ་ཅན་རྟག་ཏུ་འབྲེལ་བ་བྱེད་དགོས་པ་ཞིག་ལ་དེའི་ཕྱི་ཚུལ་གྱི་མཐོང་སྣང་ལྟར་ལ་ཚོད་དཔག་གིས་འབྲེལ་བ་བྱས་པས་རང་ལ་གྱོང་གུན་སྣ་ཚོགས་འབྱུང་བ་དེ་མི་དེ་དང་འབྲེལ་བ་བྱས་ཙམ་གྱི་སྐྱོན་མིན་པར་འབྲེལ་བ་བྱེད་ལུགས་འཕྱུག་པའི་སྐྱོན་ཡིན། དེ་ཡང་མི་དེའི་རང་བཞིན་མ་ཤེས་པའི་དབང་གིས་ཚོད་མ་ཐིག་པས་ཧ་ལོག་པ་ཡིན། དེས་ན་མི་དེའི་ཕྱིའི་མཐོང་སྣང་དང༌། རྩ་བའི་རང་བཞིན་གཉིས་ཀ་ལེགས་པོར་ཤེས་ན། མི་དེའི་རང་བཞིན་ལ་གཞིགས་པའི་སྟངས་འཛིན་དང༌། ཕྱིའི་འཇོན་སྟངས་སོགས་ལ་གཞིགས་པའི་གང་ལ་དེ་འཚམས་ཀྱི་འབྲེལ་བ་བྱས་པས་རང་ཉིད་ལ་གྱོང་གུན་མི་འབྱུང་བ་དེ་བཞིན་ཡིན།
ཆོས་རྣམས་ཕྱིའམ། འཕྲལ་གྱི་གནས་ཚུལ་དེ་ལས་གཞན་པའི་ཕུགས་ཀྱི་སྡོད་ལུགས་གཞན་ཞིག་མེད་པར་སྣང་ཚུལ་དང་གནས་ཚུལ་མཐུན་པ་ཞིག་ཡིན་ན།ཐ་སྙད་ཀྱི་སྣང་ཚུལ་གང་སྣང་ལྟར་ལ་བདེན་ཚད་དུ་འཛིན་ནས་ཆ་བཞག་ཆོག་པ་ཡིན་མོད་ཀྱང་དེ་འདྲ་མིན་པར། བདེན་བདེན་ལྟར་སྣང་ཡང་ཕུགས་ནས་མི་བདེན་པས་བདེན་གྲུབ་བམ། ངོ་བོ་ཉིད་ཀྱིས་གྲུབ་པ་མིན་ལ། གཏན་ནས་མེད་པའང་མིན་པའི་དབུ་མར་གནས་པ་ཞིག་ཡིན། དེ་འདྲའི་གནས་ཚུལ་ཇི་བཞིན་ཤེས་པའི་ལྟ་བ་ལ་དབུ་མའི་ལྟ་བ་ཟེར།
དེ་ལ་དགག་བྱ་རང་བཞིན་ནམ་བདག་མེད་ལུགས་ནི། ད་ལྟ་རང་རེའི་མིག་སོགས་ཀྱིས་གཟུགས་སོགས་མཐོང་བ་དང༌། ཡིད་ཀྱིས་རྟོགས་པ་དང༌། མྱོང་བ་སོགས་ཡུལ་སྣང་ཇི་འདྲ་ཞིག་འཆར་ཡང་དགག་གཞི་ཡུལ་དེ་དང་དེ་དགག་བྱ་རང་བཞིན་ནམ། རང་དབང་བའི་ངོ་བོར་ཡོད་པའམ། ཡུལ་རང་གི་ངོས་ནས་གྲུབ་པ་ལྟ་བུ་ཞིག་ཏུ་སྣང་གི་ཡོད་ཅིང༌། དེའི་གནད་ཀྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མ་གཏོགས་པའི་ཤེས་པ་ལ་འཁྲུལ་ཤེས་ཀྱིས་ཁྱབ་པ་ཡིན།
འོ་ན། གཟུགས་སོགས་ཀྱི་ཆོས་ཐ་སྙད་དུ་ཡོད་པ་རྣམས་འཇོག་བྱེད་ཀྱི་བློ་ཚད་མ་མེད་པའམ། ཡང་བློ་འཁྲུལ་པ་ཕྱིན་ཅི་ལོག་ཅིག་གི་ངོར་ཡོད་པ་ཙམ་གྱིས་ཡོད་གོ་ཆོད་ན་མེད་པ་མི་སྲིད་པར་མི་འགྱུར་རམ་ཟེར་ན། བདེན་གྲུབ་སྣང་བས་འཁྲུལ་ཤེས་ཡིན་པ་དང༌། རང་ཡུལ་གྱི་གཙོ་བོ་ལ་མི་བསླུ་བས་ཚད་མ་ཡིན་པ་མི་འགལ་ཏེ།
དཔེར་ན། གཟུགས་འཛིན་མིག་ཤེས་ལྟ་བུ་གཟུགས་བདེན་གྲུབ་དུ་སྣང་བས་འཁྲུལ་ཤེས་ཡིན་མོད་ཀྱང༌། དེས་གཟུགས་གཟུགས་སུ་འཛིན་གྱི་གཟུགས་བདེན་གྲུབ་ཏུ་མི་འཛིན་པས་ཚད་མ་ཡིན། དེར་མ་ཟད། གཟུགས་འཛིན་མིག་ཤེས་དེ་གཟུགས་ཀྱི་སྣང་བ་དང༌། གཟུགས་བདེན་གྲུབ་ཏུ་སྣང་བའང་ཚད་མ་ཡིན་ཏེ།
ཡུལ་རིག་པའི་ཤེས་པ་ཞེས་པ་ཡུལ་དེའི་རྣམ་པ་ཤར་བའི་སྟོབས་ཀྱིས་དེའི་རྣམ་པ་ཅན་དུ་སྐྱེད་པའི་གསལ་ཞིང་རིག་པ་ལ་ཤེས་པ་ཟེར་བ་ཡིན་པས་གཉིས་སྣང་ཅན་གྱི་ཤེས་པ་གང་ཡིན་ཡང་རང་གི་སྣང་བ་ལ་མངོན་སུམ་གྱི་ཚད་མ་ཡིན་པས་ཁྱབ་པར་གསུངས།
ཡང༌། བློ་འཁྲུལ་པ་ཕྱིན་ཅི་ལོག་ཅིག་གི་ངོར་ཡོད་ཙམ་གྱིས་ཡོད་གོ་ཆོད་པ་མིན་ཏེ། དཔེར་ན། རབ་རིམ་ཅན་གྱི་མིག་ཤེས་ལ་སྐྲ་ཤད་འཛགས་སྣང་མངོན་སུམ་དུ་སྣང་ཞིང༌། དེའི་རྣམ་ཅན་དུ་སྐྱེ་བས་སྣང་བ་དེ་ལ་མངོན་སུམ་གྱི་ཚད་མ་ཡིན་ཡང༌། སྣང་བ་དེའི་སྣང་གཞིར་གྱུར་པའི་སྐྲ་ཤད་འཛགས་པ་གཏན་ནས་མེད་པས་བློ་དེའི་ཡུལ་གྱི་གཙོ་བོར་བསླུ་བ་ཡིན་པས་རང་དང་འཛིན་སྟངས་དངོས་སུ་འགལ་བའི་བློ་ཚད་མ་གཞན་གྱིས་གནོད་པའི་རྒྱུ་མཚན་གྱིས་ལོག་ཤེས་སུ་འདོད་ཅིང་། དེའི་ངོར་ཡོད་པས་ཡོད་གོ་ག་ལ་ཆོད། མདོར་ན་བློས་མ་བཞག་པའི་ཆོས་ཀྱང་། བློས་གང་བཞག་ཡོད་མི་དགོས་པར་གསུངས།
མདོར་ན་བློས་མ་བཞག་པའི་ཆོས་ཀྱང༌། བློས་གང་བཞག་ཡོད་མི་དགོས་པར་གསུངས། དེ་ལྟར་བདེན་གྲུབ་སྣང་བ་དེའི་ཚེ་ཇི་ལྟར་སྣང་བ་ལྟར་གྲུབ་སྟེ་ཡོད་ན་ཡོད་ཚུལ་ཇི་ལྟར་ཡིན་ཞིབ་ཏུ་བརྟག་པ་ན་རང་གི་ངོ་བོ་ཇེ་གསལ་དུ་འགྲོ་དགོས་པ་ཞིག་ཡིན། དཔེར་ན། འཇིག་རྟེན་ཡོངས་གྲགས་ལའང་དོན་བདེན་པ་ཞིག་ཡིན་ན་བརྩད་དཔྱོད་ཇི་ཙམ་བྱས་པའི་ཚོད་ཀྱིས་དོན་དེ་ཇེ་གསལ་དང་ཁུངས་ཇེ་བརྟན་དུའགྲོ་བས་བཙལ་ན་ངེས་པར་རྙེད་རྒྱུ་དགོས་པ་དང༌། དེ་ལས་ལྡོག་སྟེ་རྫུན་པ་ཞིག་ཡིན་ན་དོན་དེར་དཔྱད་དེ་བཙལ་བ་ན་མི་གསལ་དུ་འགྲོ་ཞིང༌། མཐར་ཚུགས་མི་ཐུབ་པར་ཞིག་འགྲོ་བ་ལྟར་ཡིན། ཀླུའི་རིན་ཕྲེང་ལས།
ཐག་རིང་ནས་ནི་མཐོང་བའི་གཟུགས། །
ཉེ་བ་རྣམས་ཀྱིས་གསལ་བར་མཐོང༌། །
ཉེ་བ་རྣམས་ཀྱིས་ཅིས་མི་མཐོང༌། །
ཇི་ལྟར་རིང་བ་རྣམས་ཀྱིས་ནི། །
འཇིག་རྟེན་འདི་ནི་ཡང་དག་མཐོང༌། །
དེ་ལྟར་དེ་དང་ཉེ་རྣམས་ཀྱིས། །
མི་མཐོང་མཚན་མེད་སྨིག་རྒྱུ་བཞིན། ། ཞེས་གསུངས་པ་ལྟར་ཡིན།
དཔེར་བརྗོད་ན། འགྲོ་བ་མི་རྣམས་ལ་བདེ་སྐྱིད་དགོས་ཞེས་བརྗོད་ཅིང་བསམ་པ་ན། བདེ་སྐྱིད་དགོས་སའི་མི་ཞིག་ཧྲང་སྟེ་བློ་ལ་འཆར་ཡང༌། དེ་ནས་མིའི་བདེ་སྐྱིད་བཟོ་བར་ལུས་ལ་ལྟོ་གོས་སྡོད་གནས་སྨན་བཅོས་འགྲིམས་འགྲུལ་སོགས་ལུས་བདེ་བའི་མཐུན་རྐྱེན་དང༌། སེམས་ལ་ཤེས་ཡོན་ཡ་རབས་གཤིས་བཟང་བག་ཕེབས་སོགས་ཀྱི་སེམས་བདེ་བའི་མཐུན་རྐྱེན་བསྒྲུབས་ཏེ་ལུས་སེམས་བདེ་བ་གཉིས་བརྒྱུད་ནས་མིའི་བདེ་སྐྱིད་བཟོ་དགོས་ན།མི་རང་ངོ་ཐོག་དེ་ཇི་ཡིན་སྙམ་ནས་བཙལ་བ་ན། མིའི་ལུས་སེམས་གཉིས་སོ་སོ་ནས་མི་མིན་ཞིང་། དེ་གཉིས་ལས་གཞན་དུ་ལོགས་སུ་ཡང་མི་འདི་ཡིན་མེད།
དེ་བཞིན་དུ་རང་ཉིད་ནས་ངོ་ཤེས་པའི་མི་བཀྲ་ཤིས་ཟེར་བ་ལྟ་བུ་ཐུག་ནས་ཁོ་བོས་བཀྲ་ཤིས་མཐོང་ཟེར་བ་དང༌། བཀྲ་ཤིས་རྒས་འདུག་ཟེར་བ་དང༌། བཀྲ་ཤིས་རྒྱགས་པ་ཆགས་འདུག་ཟེར་བ་ལྟ་བུ་རྣམས་མ་བརྟག་མ་དཔྱད་པར་བཀྲ་ཤིས་ཀྱི་ལུས་མཐོང་བ་དང༌། ལུས་རྒུད་པ་དང༌། ལུས་རྒྱས་པ་ལ་བཀྲ་ཤིས་མཐོང་བ་སོགས།དེ་དང་དེ་དག་ཏུ་གྱུར་པར་བཤད་ཅིང༌། མ་དཔྱད་པར་དེ་ལྟར་འཛིན་པའི་བློ་ཡང་ལོག་ཤེས་མིན་པ་དང་། ངག་དེ་ཡང་བརྫུན་མིན་ཞིང་། བརྟག་ན་ནི་ལུས་གང་གི་ཡིན་རྒྱུའི་བཀྲ་ཤིས་ངོ་མ་རང་དེ་མཐོང་རྒྱུ་མེད་ཅིང་། རྒས་པ་དང་རྒྱགས་པར་ཡང་བརྟགས་མི་ཐུབ། ཡང་བཀྲ་ཤིས་ཀྱི་སེམས་བཟང་ངན་ལ་བརྟེན་ནས་བཀྲ་ཤིས་བཟང་ངན་དུ་ཐ་སྙད་བྱེད་པས་བཀྲ་ཤིས་ཀྱི་སེམས་དེ་ཉིད་བཀྲ་ཤིས་མིན་ལ།མདོར་ན་བཀྲ་ཤིས་ཀྱི་ལུས་སེམས་གཉིས་ཚོགས་ཙམ་དང༌། དེའི་རྒྱུན་དང༌། ཆ་ཤས་རེ་རེ་ནས་བཀྲ་ཤིས་ཡིན་པའི་ཆ་ཅུང་ཟད་ཀྱང་མེད་པས་བཀྲ་ཤིས་ནི་དེའི་ལུས་སེམས་ཚོགས་པ་ཙམ་ལ་བརྟེན་ནས་བཏགས་པ་ཙམ་མོ། །
དེ་སྐད་དུ་ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བ་ལས།
སྐྱེས་བུ་ས་མིན་ཆུ་མ་ཡིན། །
མེ་མིན་རླུང་མིན་ནམ་མཁའ་མིན། །
རྣམ་ཤེས་མ་ཡིན་ཀུན་མིན་ན། །
དེ་ལས་གཞན་ན་སྐྱེས་བུ་གང་། ། ཞེས་གསུངས་པ་ལྟར་རོ། །
ཡང་བཀྲ་ཤིས་ཀྱི་ལུས་མཐོང་ཟེར་བའང་ལུས་ལ་ཤ་ལྤགས་རུས་སོགས་ཆ་ཤས་མང་པོ་ཡོད་པ་ལས་ཕྱིའི་པགས་པ་ཙམ་མཐོང་བས་ལུས་མཐོང་བའི་གོ་ཆོད་འགྲོ་བ་དང༌། ཁྲག་དང་རུས་པ་སོགས་མ་མཐོང་ནའང་ལུས་མ་མཐོང་བར་མི་འགྲོ་ཞིང༌། ལུས་མཐོང་བ་ལ་ལུས་གང་ཚང་མཐོང་མི་དགོས་ལ་ལུས་ཀྱི་ཆ་ཤས་ཕྲན་བུ་ཞིག་མཐོང་བས་ཀྱང་ལུས་མཐོང་བའི་གོ་ཆོད་པ་དང༌། སྐབས་རེ་གྲགས་ཚོད་ཀྱི་དབང་གིས་གང་འཚམས་ཤིག་མཐོང་བ་ན་མཐོང་གོ་མི་ཆོད་པའང་ཡོད། དེ་བཞིན་དུ་ལུས་ཀྱི་ཆ་ཤས་རྐང་ལག་སོགས་སོ་སོ་ནས་སེལ་ན་ལུས་མི་རྙེད་ཅིང༌། རྐང་ལག་ཀྱང་སོར་མོ་སོགས་དང༌། སོར་མོ་ཡང་ཚིགས་དང༌། ཚིགས་ཀྱང་གོང་འོག་གི་ཆ་དང༌། དེ་ཡང་ཆ་ཤས་ཕྲ་མོ་དང༌། ཕྲ་ཤོས་རྡུལ་ཕྲན་ཡང་ཕྱོགས་ཆས་དབྱེ་ཚེ་རྙེད་དུ་མེད། ཡང༌། གལ་ཏེ་རྡུལ་ཕྲན་ཕྲ་ཤོས་ལ་ཕྱོགས་ཆ་མེད་ན། རྡུལ་ཕྲན་ཆ་མེད་དེ་ཇི་ཙམ་བསགས་ཀྱང་གོང་བུར་འགྲོ་བ་འབྱུང་མི་སྲིད།
ཡང༌། བཀྲ་ཤིས་ཀྱི་སེམས་སྐྱིད་མི་སྐྱིད་ཀྱིས་བཀྲ་ཤིས་བདེ་མི་བདེ་བརྩི་སའི་སེམས་དེ་ཇི་ལྟ་བུ་ཟེར་ན། གཟུགས་ཅན་གང་དུའང་མ་གྲུབ་པ། ཐོགས་རེག་བྲལ་བ། ཡུལ་སྣང་ཅི་ཡང་འཆར་བཟོད་པ། རིག་པ་ཙམ་གྱི་ངོ་བོར་ཡོད་པ་ཞིག་སྟེ།དེ་ཡང་མ་དཔྱད་ན་ཡིན་གྱི་དཔྱད་ན་རྙེད་དུ་མེད་དེ། བཀྲ་ཤིས་སེམས་སྐྱིད་པོ་འདུག་པའི་ཚེ་སེམས་དེའི་ངོ་བོར་བརྟགས་ཏེ་སྐད་ཅིག་རེ་རེ་ནས་ཆ་སེལ་ན། སྐད་ཅིག་སྔ་ཕྱི་དུ་མ་འདུས་པའི་གོང་བུ་ཞིག་ཀྱང་མེད་ལ། སྐད་ཅིག་ཕྱི་མ་ཕྱི་མའི་ཚེ་སྔ་མ་སྔ་མ་འགག་འགྲོ་བས་སྔ་མ་རྣམས་འདས་ཟིན་ཏེ་ཤེས་པའི་ངོ་བོ་ལོག མ་འོངས་པ་མ་སྐྱེས་པས་ད་ལྟ་མེད། ད་ལྟ་བའི་སྐད་ཅིག་གཅིག་པུ་དེ་ཡང་སྐྱེས་མ་སྐྱེས་གཉིས་ལས་མ་འདས་པས་དེ་ལྟར་བཙལ་ན་སེམས་སྐྱིད་པོ་འདུག་ཟེར་རྒྱུའི་སེམས་སྐྱིད་པ་ཞིག་བཙལ་ན་གཏན་ནས་མི་རྙེད། མདོར་ན་སེམས་སྐྱིད་མི་སྐྱིད་སོགས་རང་རང་གི་སྐད་ཅིག་སྔ་ཕྱི་ཚོགས་ཙམ་ལ་བཏགས་ཤིང༌། ཐུང་མཐའི་སྐད་ཅིག་ཀྱང་རང་གི་ཆ་ལ་བཏགས་ཏེ། མགོ་མཇུག་གི་ཆ་སོ་སོ་ཡོད་ལ། གལ་ཏེ་སྐད་ཆ་མེད་ཡོད་ན་དེ་བསགས་པའི་རྒྱུན་ཡང་ཡོད་མི་སྲིད།
དེ་བཞིན་ཕྱིའི་རྫས་ལྕོག་རྩེ་ལྟ་བུ་བློར་འཆར་ཚེ་ལྕོག་རྩེ་རང་མཚན་པའམ་རང་དབང་བ་ཞིག་བློར་འཆར་མོད། སྤྱིར་ལྕོག་རྩེ་ཁྱད་གཞིར་བཞག་ནས་དེའི་ཁྱད་ཆོས་དབྱིབས་དང༌། ཁ་དོག རྒྱུ་ཆ། ཚད་སོགས་ལ་བརྟག་དཔྱད་བྱས་ནས་གོང་ཚད་དང་ལེགས་ཉེས་སོགས་བཤད་རྒྱུ་ཡོད་པ། དཔེར་ན། ལྕོག་རྩེ་འདི་ལེགས་ཀྱང་ཁ་དོག་མི་ལེགས་ཟེར་བ་ལྟ་བུ་ཁ་དོག་ལེགས་ཉེས་བརྩི་ས་གཞི་རྩོག་རྩེ་ཞིག་ཡོད་ཅིང༌། ཁྱད་ཆོས་དེ་རྣམས་གང་གི་ཡིན་རྒྱུའི་ཁྱད་གཞི་ཞིག་ཡོད་མོད་ཀྱང༌། ཆ་དང་ཆ་ཅན་དུ་ཕྱེ་ནས་དཔྱད་ན། ཁྱད་ཆོས་དང༌། ཆ་ཤས་རྣམས་རེ་རེ་ནས་ཁྱད་གཞི་དེ་མིན་པ་དང༌། དེ་དག་བསལ་བའི་རྗེས་ཁྱད་གཞི་ཞིག་རྙེད་རྒྱུའང་མེད། གལ་ཏེ་ཁྱད་གཞི་མེད་ན་ནི། ཁྱད་གཞི་ལ་བརྟེན་ནས་ཁྱད་ཆོས་དང༌། ཁྱད་ཆོས་ལ་བརྟེན་ནས་ཁྱད་གཞི་འཇོག་དགོས་པ་ཡིན་་པས་ཁྱད་ཆོས་རྣམས་ཀྱང་མེད་པར་འགྱུར།
ཡང༌། ཕྲེང་རྡོག་བརྒྱ་དང་བརྒྱད་ཡོད་པའི་ཕྲེང་བ་ཞིག་ལ་མཚོན་ན། ཆ་ཅན་ཕྲེང་བ་གཅིག་ལ་ཆ་ཤས་ཕྲེང་རྡོག་བརྒྱ་དང་བརྒྱད་ཡོད་ཅིང༌། ཆ་དང་ཆ་ཅན་ཐ་དད་ཡིན་མོད་ཆ་ཤས་རྣམས་བསལ་ན་ཕྲེང་བ་མི་རྙེད། ཕྲེང་བ་གཅིག་ཡིན་པ་དང་རང་གི་ཆ་ཤས་དུ་མ་ཡོད་པས་ཕྲེང་བ་དེ་རང་གི་ཆ་ཤས་རྣམས་དང་གཅིག་ཏུ་ཡང་མེད། ཆ་ཤས་རྣམས་བསལ་ན་ཕྲེང་བ་ལོགས་སུ་མི་འདུག་པས་ངོ་བོ་ཉིད་དམ། གཞི་རྩ་རང་ནས་ཐ་དད་དུའང་མེད། ཕྲེང་བ་རང་གི་ཆ་ཤས་ལས་ཡན་གར་དུ་མེད་པས་ཕྲེང་བ་རང་གི་ཆ་ཤས་ལ་ངོ་བོ་ཉིད་ཀྱིས་ཕར་བརྟེན་པ་དང༌། ཆ་ཤས་རང་ལ་ཚུར་ངོ་བོ་ཉིད་ཀྱིས་བརྟེན་པ་དང༌། ཆ་ཤས་རང་ལ་ཚུར་ངོ་བོ་ཉིད་ཀྱིས་བརྟེན་པ་གཉིས་ཀ་མིན་ལ། ཕྲེང་བར་ཕྲེང་རྡོག་ངོ་བོ་ཉིད་ཀྱིས་ལྡན་པའང་མིན། དེ་བཞིན་དུ་ཕྲེང་བའི་དབྱིབས་རང་གི་ཁྱད་ཆོས་ཀྱི་གྲས་ཡིན་པས་ཕྲེང་བའི་དབྱིབས་ཕྲེང་བ་མིན་ལ། ཕྲེང་རྡོག་དང༌། ཕྲེང་ཐག་ཚོགས་པའང་ཕྲེང་བ་གང་ལ་བརྟེན་ནས་གདགས་པའི་གཞི་ཡིན་པས་ཕྲེང་བ་མིན་པ་བཅས་དེ་ལྟར་བཙལ་ན་ཕྲེང་བ་མཐའ་བདུན་གང་དུའང་རྙེད་དུ་མེད། ཡང་། ཕྲེང་རྡོག་རེ་རེ་ནས་ཀྱང་རང་རང་གི་ཆ་ཤས་དང་གཅིག་དང་ཐ་དད་གང་དུ་ཡོད་མེད་སོགས་གོང་ལྟར་བཙལ་བས་རྙེད་དུ་མེད་པ་དེ་ལྟར་ཡིན། གཞན་ཡང་ནགས་ཚལ་དང༌། དམག་དང༌། ཡུལ་དང༌། རྒྱལ་ཁབ་ཟེར་བ་ལྟ་རྣམས་ཆ་ཤས་དུ་མ་འདུས་ཏེ་བཏགས་པས་ཆ་རེ་རེ་ནས་དེ་དང་དེ་ཡིན་མིན་བརྟགས་ཚེ་གཏན་ནས་མི་རྙེད།
ཡང༌། བཟང་ངན་དང༌། རིང་ཐུང༌། ཆེ་ཆུང༌། དགྲ་གཉེན། ཕ་བུ་སོགས་ནི་གཅིག་ལ་བརྟེན་ནས་གཅིག་ཤོས་བཏགས་པ་ཤིན་ཏུ་གསལ་ལ། ས་ཆུ་མེ་རླུང་སོགས་ཀྱང་རང་རང་གི་ཆ་ཤས་ལ་བརྟེན་ནས་བཏགས་ཤིང༌། ནམ་མཁའ་ཡང་ཕྱོགས་སུ་ཁྱབ་པའི་ཆ་ལ་བརྟེན་ནས་བཏགས་པ་དང༌། སངས་རྒྱས་དང་སེམས་ཅན། འཁོར་བ་དང་མྱང་འདས་སོགས་ཀྱང་རང་གི་ཆ་ཤས་དང་གདགས་གཞི་ལ་བརྟེན་ནས་བཏགས་ཙམ་ཤ་སྟག་ཡིན།
འབྲས་བུ་རྒྱུ་ལས་སྐྱེས་ཞེས་གྲགས་པ་ལྟར་གནས་ཀྱང༌། སྐྱེ་བའི་དོན་ལ་བརྟག་ན། རྒྱུ་མེད་ལས་སྐྱེ་ན་རྟག་ཏུ་སྐྱེ་བའམ། སྐྱེ་བ་གཏན་མེད་པར་འགྱུར། བདག་ལས་སྐྱེ་ན་རང་གི་ངོ་གྲུབ་ཟིན་སླར་སྐྱེ་བར་དགོས་པ་མེད་པ་དང༌། སྐྱེས་ཟིན་སླར་ཡང་སྐྱེ་ན་ཐུག་མེད་དུ་ཐལ་བའི་སྐྱོན་དང༌། གཞན་ལས་སྐྱེས་ན་ནི་རྒྱུ་ཡིན་མིན་ཐམས་ཅད་ལས་སྐྱེ་བའམ་འབྲས་བུ་རྒྱུ་ལ་ལྟོས་པར་འགལ་ཞིང༌། དེའི་ཕྱིར་གཉིས་ཀ་ལས་སྐྱེ་བའང་མི་འཐད་པས་སྐྱེ་བའི་བཏགས་དོན་བཙལ་ན་སྐྱེ་བ་བཞག་ཏུ་མེད།
བདག་ལས་མ་ཡིན་གཞན་ལས་མིན། །
གཉིས་ལས་མ་ཡིན་རྒྱུ་མེད་མིན། །
དངོས་པོ་གང་དག་གང་ན་ཡང་། །
སྐྱེ་བ་ནམ་ཡང་ཡོད་མ་ཡིན། ། ཞེས་གསུངས་པ་ལྟར་རོ། །
རྒྱུས་འབྲས་བུ་སྐྱེད་ཅེས་གྲགས་ཀྱང་བརྟག་ན་བསྐྱེད་བྱའི་འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་ན་ནི་གྲུབ་གྲུབ་པ་ཞིག་ཇི་ལྟར་གསར་དུ་སྐྱེ་བར་འཐད་དེ་རྒྱུས་གསར་དུ་བྱེད་མི་དགོས་པས་སོ། །སྤྱིར་རྒྱུ་དུས་སུ་མ་སྐྱེས་པའམ་མ་གྲུབ་པ་ཞིག་རྒྱུས་གསར་དུ་བྱེད་དགོས་ནའང༌། མ་སྐྱེས་པ་ངོ་བོ་ཉིད་ཀྱིས་བདེན་ན་གཏན་མེད་དང་ཁྱད་པར་མེད་པས་རྒྱུས་སྒྲུབ་ཏུ་ཇི་ལྟར་ཡོད་དེ། ཀླུའི་སྟོང་ཉིད་བདུན་ཅུ་པ་ལས།
ཡོད་ཕྱིར་ཡོད་པ་སྐྱེ་མིན་ཏེ། །
མེད་ཕྱིར་མེད་པ་སྐྱེ་བ་མིན། ། ཞེས་གསུངས།
མདོར་ན་རྒྱུ་རྐྱེན་དང༌། གཞན་ལ་ལྟོས་ནས་རང་ཉིད་གྲུབ་དགོས་པ་ཞིག་ཡིན་ཕྱིན་ཆད་རང་དབང་བའི་སྒོ་ནས་གྲུབ་པ་འགལ་ཏེ། རང་དབང་དང་གཞན་ལ་ལྟོས་པ་འགལ་བས་སོ། །དེ་སྐད་དུ་ཡང་མདོ་ལས།
གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །
དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །
རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །
གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། ། ཞེས་གསུངས་ཤིང་།
ཀླུའི་རྩ་ཤེས་ལས།
གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །
ཆོས་འགའ་ཡོད་པ་མ་ཡིན་པ། །
དེ་ཕྱིར་སྟོང་པ་མ་ཡིན་པའི། །
ཆོས་འགལ་ཡོད་པ་མ་ཡིན་ནོ། ། ཞེས་གསུངས།
འཕགས་པ་ལྷའི་བཞི་བརྒྱ་པ་ལས།
གང་ལ་བརྟེན་ནས་འབྱུང་ཡོད་པ། །
དེ་ནི་རང་དབང་མི་འགྱུར་རོ། །
འདི་ཀུན་རང་དབང་མེད་པ་སྟེ། །
དེས་ན་བདག་ནི་ཡོད་མ་ཡིན། ། ཞེས་གསུངས།
དེའི་ཕྱིར་གཞི་རྩའམ། ངོ་བོ་ཉིད་ཀྱིས་མི་སྟོང་ན་ཆོས་ཅན་སྣ་ཚོགས་པ་རྐྱེན་ལ་ལྟོས་ཏེ་འཕོ་འགྱུར་བྱེད་པ་གཏན་ནས་མི་འོང༌། གཞི་རྩ་ནས་གྲུབ་པ་ཞིག་ཡོད་ན་བཟང་ངན་སོགས་ངོ་བོ་གང་དུ་གྲུབ་ཡོད་ཀྱང་དེ་ལ་བཅོས་སུ་ཅི་ཡོད། ལྗོན་བཟང་འབྲས་བུ་ཅན་ལྟ་བུ་ངོ་བོའམ་ཕུགས་རྩ་ཉིད་ནས་བདེན་ན་སླར་རྒྱུགས་ཧྲེང་མི་སྡུག་པ་ཞིག་ཏུ་འགྲོ་བ་ག་ནས་བདེན། ད་ལྟ་རང་རེའི་བློ་ལ་ཇི་ལྟར་སྣང་བ་འདི་ཀ་དེའི་ཕུགས་ཀྱི་སྡོད་ལུགས་ཡིན་ན་རང་རེ་མགོ་འཁོར་ཐེབས་པ་ཅི་ལ་སྲིད། སྣང་གནས་མི་མཐུན་པ་དུ་མ་ཞིག་འཇིག་རྟེན་ཕལ་པར་ཡང་གྲགས་པས། ཐོག་མ་མེད་པ་ནས་མ་རིག་འཁྲུལ་པས་བསླད་པའི་བློ་ལ་ཅི་སྣང་ཡང་བདེན་པར་སྣང་མོད། བདེན་པར་ཡོད་ཚེ་ཕུགས་རྩ་ཇི་ལྟར་སྣང་བ་དེ་རང་ཡིན་པས་ཕུགས་རྩ་འཚོལ་བའི་བློས་དཔྱད་ཚེ་དེ་རང་ཇེ་གསལ་དུ་འགྲོ་དགོས་ངེས་ཤིག་ལ། བཙལ་བ་དང་མི་རྙེད་པ་ཡལ་བ་ལྟ་བུར་འགྲོ་བ་འདི་གང་གིས་ལན། གཞན་ཡང་ངོ་བོས་ཡོད་ན་དཔལ་ལྡན་ཟླ་བའི་འཇུག་པ་ལས།
གལ་ཏེ་རང་གི་མཚན་ཉིད་བརྟེན་གྱུར་ན། །
དེ་ལ་སྐུར་པས་དངོས་པོ་འཇིག་པའི་ཕྱིར། །
སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །
དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །
གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །
དེ་ཉིད་བདག་ཅན་དངོས་ལས་ཚུལ་རོལ་ཏུ། །
གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །
ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །
དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །
བདག་དང་གཞན་ལས་སྐྱེ་བ་རིགས་མིན་པའི། །
རིགས་དེས་ཐ་སྙད་དུ་ཡང་རིགས་མིན་ན། །
ཁྱེད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །
ཞེས་ཆོས་རྣམས་རང་གི་མཚན་ཉིད་དམ་ངོ་བོ་ཡོད་ན་འཕགས་པའི་མཉམ་གཞག་དངོས་པོའི་འཇིག་རྒྱུར་ཐལ་བ་དང༌། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ། དོན་དམ་པར་སྐྱེ་བ་མི་ཁེགས་པར་ཐལ་བར་གསུངས་ཤིང༌། ཡུམ་མདོ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ཤཱ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་པ་ནས། དེ་ཅིའི་ཕྱིར་ཞེ་ན།ཤཱ་ར་དྭ་ཏིའི་བུ། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའི་རང་བཞིན་གྱིས་སྟོང་ངོ༌། །བྱང་ཆུབ་སེམས་དཔའི་མིང་ཡང་བྱང་ཆུབ་སེམས་དཔའི་མིང་གིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་ཏེ། དེ་ནི་འདི་ལྟར།སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན། གཟུགས་ལས་གུད་ནའང་སྟོང་པ་ཉིད་མེད་དེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །ཞེས་དང༌། དཀོན་བརྩེགས་ཀྱི་འོད་སྲུང་ལེའུ་ལས། གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ་ཆོས་རྣམས་ཉིད་སྟོང་པ་དང༌། ཞེས་སོགས་མདོ་གཞུང་མང་པོས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པའི་རང་སྟོང་དུ་གསུངས་པའང་མི་འཐད་པར་ཐལ་བར་འགྱུར། དེས་ན་ཆོས་ཐམས་ཅད་ངོ་བོའམ་གཞི་རྩས་དབེན་པ་ཡིན།
ད་འོ་ན། མི་ངོ་མ་དང༌། རྨི་ལམ་གྱི་མི་དང༌། གཟུགས་དང༌། གཟུགས་བརྙན།དཔར་དང་ངོ་མ་བཙལ་ན་མི་རྙེད་པར་མཚུངས་པས་དེ་དག་ཐམས་ཅད་ཁྱད་མེད་དུ་ཐལ་བ་དང༌། བདེན་བརྫུན་སོགས་ཀྱི་ཁྱད་པར་ཡང་མེད་པར་འགྱུར་ཞིང་དེ་ལྟར་ན།ལྟ་བ་བཙལ་བས་ཀྱང་ཅི་ཡོང་སྟེ་འཚོལ་མཁན་དང༌། ལྟ་བ་ཉིད་ཀྱང་མེད་པ་དང་ཁྱད་པར་མེད་པས་སོ་སྙམ་ན།
འདི་དཀའ་སར་སླེབས་པ་ཡིན། ཕྲ་བའི་གནད་འདིས་བློ་མ་སྨིན་པ་རྣམས་ཆད་ལྟར་ལྷུང་བའི་ཉེན་ཆེ་བས་དེ་ལས་སྐྱོབ་པའི་ཐབས་སུ་རེ་ཞིག་ཐབས་མཁས་ཀྱིས་དབུ་མ་རང་རྒྱུད་པ་ལེགས་ལྡན་ཡབ་སྲས་ཀྱིས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་རིགས་པས་འགོག་ཀྱང༌། ཐ་སྙད་དུ་རང་མཚན་ནམ་ངོ་བོ་ཉིད་ཀྱིས་གྲུབ་པ་ཞལ་གྱིས་བཞེས། དེ་ལྟའི་བདེན་མེད་དེ་ཙམ་ཡང་བློར་མི་ཤོང་བ་ན་སེམས་ཙམ་པ་སློབ་དཔོན་དབྱིག་གཉེན་སོགས་ཀྱིས་ཕྱི་དོན་རིགས་པས་འགོག་ཅིང་། སེམས་བདེན་གྲུབ་ཞལ་གྱིས་བཞེས། ཆོས་ཀྱི་བདག་མེད་སྣོད་དུ་མ་གྱུར་པ་ལ་དོན་སྨྲ་བྱེ་མདོ་གཉིས་སྟོང་ཉིད་ཀྱི་དོད་ང་ཟག་རང་རྐྱང་ཐུབ་པའི་རྫས་སུ་མེད་པའི་བདག་མེད་ཙམ་ཞིག་བཞེད། ཕྱི་རོལ་པས། གང་ཟག་གི་བདག་མེད་ཙམ་ཡང་འདོད་མི་ནུས་པས་གང་ཟག་རྟག་གཅིག་རང་དབང་ཅན་འདོད་དགོས་པར་ཐུག་པ་བཅས་དེ་ལྟར་ཡིན།
དེ་ལ་བཏགས་དོན་བཙལ་བས་མ་རྙེད་པའི་རྒྱུ་མཚན་གྱིས་མེད་པར་འདོད་ན་མི་མངོན་སུམ་དང་འགལ་བས་འཇིག་རྟེན་ཡོངས་གྲགས་དང་འགལ་ལ། སྣོད་བཅུད་ཀྱིས་བསྡུས་པའི་ཆོས་འདི་དག་ཡོད་པ་དང༌། ཕན་གནོད་བདེ་སྡུག་སྣ་ཚོགས་བསྐྱེད་པ་རང་གི་མྱོང་བས་འགྲུབ་པ་ཡིན། དེ་ལྟར་རང་གཞན་སྣོད་བཅུད་ཀྱིས་མཚོན་པའི་ཆོས་ཅན་སྣ་ཚོགས་པ་འདི་དག་ཡོད་ནི་ཡོད་ངེས་ཅན་ལ་བཙལ་ན་མི་རྙེད་པ་ཅི་ཡིན་སྙམ་ན།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། འདི་ལྟར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ་གཟུགས་དང་ཚོར་བ་དང་འདུ་ཤེས་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུའོ། །སྒྱུར་མ་ཡང་མིང་ཙམ་སྟེ། ཡུལ་ན་གནས་པ་མ་ཡིན། ཕྱོགས་ན་གནས་པ་མ་ཡིན་ནོ། །ཞེས་པ་ནས། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་ཆོས་སོ་སོ་ལ་བཅོས་མ་ཡིན་ཞིང་དེ་དག་བཏགས་པ་ཡིན་ཏེ། མིང་གློ་བུར་ལས་ཐ་སྙད་བྱེད་པ་ཡིན་ནོ། །མིང་དེ་དག་ཐམས་ཅད་ནི་ཐ་སྙད་དུ་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དཔྱོད་པའི་ཚེ་མིང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ཡང་དག་པར་རྗེས་སུ་མ་མཐོང་བས་ན་མངོན་པར་མ་ཞེན་ནོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་ཀྱི་ཕ་རོལ་དུ་ོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདི་ལྟར་ཡོངས་སུ་རྟོགས་སྟེ། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ་བྱང་ཆུབ་ཅེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ་གཟུགས་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་བདག་བདག་ཅེས་བྱ་བ་འདི་སྐད་དུ་བརྗོད་མོད་ཀྱི་བདག་དམིགས་སུ་མེད་དོ། །ཞེས་སོགས་མདོ་བསྟན་བཅོས་དུ་མར་ཆོས་ཐམས་ཅད་མིང་ཙམ་དུ་གསུངས། དེ་བཏགས་དོན་བཙལ་ན་ཡུལ་སྟེང་ནས་གཏན་ནས་མེད་པས་ཆོས་ཐམས་ཅད་ཡུལ་གྱི་ངོས་ནས་མ་གྲུབ་པར་ཡུལ་ཅན་ཐ་སྙད་ཀྱི་དབང་གིས་ཡོད་པར་བཞགག་པ་ཙམ་ཡིན་པའི་རྟགས་ཡིན་ལ། དེ་ཙམ་གྱིས་ཡོད་གོ་ཆོད་པ་ཡིན།
དེ་ཡང་ཞིབ་ཏུ་བྱེད་ན་ཐ་སྙད་པའི་བློར་གྲགས་པ་ཞིག་དང༌། དེ་ཙམ་གྱིས་ཆོག་ན། མོ་གཤམ་གྱི་བུ་ཡང་ཡོད་པར་འགྱུར་བས་གྲགས་པའི་དོན་དེ་ལ་ཐ་སྙད་པའི་ཚད་མ་གཞན་གྱིས་མི་གནོད་པ་ཞིག་དགོས་ཏེ་ངོ་བོ་ཉིད་ཀྱིས་ཡོད་པ་ལྟ་བུར་ཐ་སྙད་པའི་ཚད་མས་གནོད་མི་ནུས་སོ། །
དེས་ན་ཡུལ་ཅན་ཐ་སྙད་ཀྱི་དབང་གི་ཡོད་པ་ཙམ་མིན་པར་ཡུལ་གྱི་ངོས་ནས་ཡོད་པའི་ངོ་བོ་དེ་སྟོང་པ་ཉིད་ཟེར་བའི་གང་གིས་སྟོང་རྒྱུའི་དགག་བྱའི་གྲུབ་ཚད་དམ་གོ་དོན་དེ་ཡིན། དེ་ལ་བདག་གམ། རིགས་པའི་དགག་བྱ་ཟེར། དེ་གཏན་ནས་ཡོད་མ་མྱོང་བ་ཞིག་ལ་ཡོད་པར་ཞེན་པའི་བློ་དེ་ལ་མ་རིག་པ་ཟེར། སྤྱིར་མ་རིག་པ་ཙམ་མང་ཡང༌། འདིར་བཤད་རྒྱུ་དེ་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ།བདག་མེད་རྟོགས་པའི་ཤེས་རབ་ཀྱི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པ་དེ་ཡིན། དེ་སྐད་དུ་ཡང་སྟོང་ཉིད་བདུན་ཅུ་པ་ལས།
རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །
ཡང་དག་པར་ནི་རྟོག་པ་གང༌། །
དེ་ནི་སྟོན་པས་མ་རིག་གསུངས། །
དེ་ལས་ཡན་ལག་བཅུ་གཉིས་འབྱུང༌། ། ཞེས་གསུངས།
དེ་འདྲའི་བློའི་འཛིན་སྟངས་ལྟར་གྱི་བདག་གམ། དགག་བྱ་མེད་ཙམ་ལ་བདག་མེད་དང༌། བདེན་མེད། སྟོང་ཉིད་ཟེར། དེ་ཉིད་ཆོས་ཅན་རྣམས་ཀྱི་ཕུགས་ཀྱི་སྡོད་ལུགས་སམ། མཐར་ཐུག་པའི་གནས་ལུགས་ཡིན་པས་དོན་དམ་བདེན་པ་ཟེར། དེ་རྟོགས་པའི་བློ་ལ་སྟོང་ཉིད་རྟོགས་པའི་བློ་ཟེར། འོ་ན་སྟོང་ཉིད་དོན་དམ་བདེན་པ་ཡིན་པས་སྟོང་ཉིད་ངོ་བོས་གྲུབ་བམ་ཟེར་ན།
སྟོང་པ་ཉིད་ཅེས་པ་ཆོས་ཅན་གྱི་གྲུབ་ཚུལ་ལམ་སྡོད་ལུགས་མཐར་ཐུག་པ་དེར་ཟེར་བས། ཆོས་ཅན་མེད་ན་མི་འབྱུང་ཞིང༌། ཆོས་ཅན་ལ་ལྟོས་ནས་ཆོས་ཉིད་དང༌། ཆོས་ཉིད་ལ་ལྟོས་ནས་ཆོས་ཅན་བཞག་ལ། ཆོས་ཅན་གྱི་ཡིན་ཚུལ་དཔྱད་པས་མི་རྙེད་པ་ལྟར་ཆོས་ཉིད་ཀྱི་ཡིན་ཚུལ་དཔྱད་ནའང་རྙེད་དུ་མེད་པས་ཆོས་ཉིད་དེ་ཡང་བཏགས་དོན་བཙལ་བས་མི་རྙེད་ཅིང༌། མ་བརྟག་པར་གྲགས་པའི་དབང་གིས་ཡོད་ཙམ་ཞིག་ཡིན་པས་བདེན་པར་གྲུབ་པ་མེད་དེ། ཀླུའི་རྩ་ཤེ་རབ་བྱེད་བཅུ་གསུམ་པ་ལས།
གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །
སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །
མི་སྟོང་ཅུང་ཟད་ཡོད་མིན་ན། །
སྟོང་པའང་ཡོད་པར་ག་ལ་འགྱུར། །
རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །
ལྟ་ཀུན་ངེས་པར་འབྱུང་བར་གསུངས། །
གང་དག་སྟོང་པ་ཉིད་ལྟ་བ། །
དེ་དག་བསྒྲུབ་ཏུ་མེད་པར་གསུངས། ། ཞེས་དང༌།
འཇིག་རྟེན་ལས་འདས་པར་བསྟོད་པ་ལས་ཀྱང༌།
ཀུན་རྟོག་ཐམས་ཅད་སྤང་བའི་ཕྱིར། །
སྟོང་ཉིད་བདུད་རྩི་སྟོན་མཛད་ན། །
གང་ཞིག་དེ་ལ་ཞེན་གྱུར་པ། །
དེ་ཉིད་ཁྱོད་ཀྱི་ཤིན་ཏུ་སྨད། ། ཞེས་གསུངས།
དེས་ན། ལྗོན་ཤིང་ལྟ་བུའི་ཡིན་ཚུལ་ལ་དཔྱད་པ་ན་ལྗོན་ཤིང་མི་རྙེད་པར་དེའི་གནས་ལུགས་སམ་སྟོང་ཉིད་རྙེད་ཡོང༌། དེ་ནས་སྟོང་ཉིད་ཀྱི་ཡིན་ཚུལ་དཔྱད་པས་སྟོང་ཉིད་དེ་ཉིད་མི་རྙེད་པར་སྟོང་ཉིད་དེའི་སྟོང་ཉིད་རྙེད་ཡོང་བ་ཡིན། དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་ཡིན། དེས་ན་ལྗོན་ཤིང་དེ་ཀུན་རྫོབ་བདེན་པ་དང༌། དེའི་གནས་ལུགས་དེ་དོན་དམ་བདེན་པ། ཡང་དོན་དམ་བདེན་པ་དེ་ཉིད་ཁྱད་གཞིར་སོང་ནས་དེའི་གནས་ལུགས་བཞག་པའི་ཚེ་དོན་དམ་བདེན་པ་དེ་ཉིད་རང་གི་གནས་ལུགས་ལ་ལྟོས་ཏེ་ཆོས་ཅན་དུ་སོང་བས་རང་སྟེང་གི་ཀུན་རྫོབ་བདེན་པར་བཤད་པ་ཡང་ཡོད།
སྟོང་པ་ཉིད་ལ་ངོ་བོའི་ཁྱད་པར་མི་འདྲ་བ་མེད་ཀྱང༌། ཁྱད་གཞིའི་གནད་ཀྱིས་སྟོང་ཉིད་ཉི་ཤུ། བཅོ་བརྒྱད། བཅུ་དྲུག བཞིར་དབྱེ་བར་གསུངས་ཤིང༌། བསྡུ་ན་གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་མེད་གཉིས་སུ་བསྡུ་བ་ཡིན།
དེ་ནས་སྟོང་ཉིད་ངེས་པའི་བློ་ལ་སྟོང་ཉིད་འཆར་ཚུལ་ཇི་ལྟར་ཡིན་ཟེར་ན། སྟོང་པའི་གོ་ལུགས་མེད་པའམ། ཡོད་ཀྱང་སྐབས་དེར་ཅང་མེད་ཀྱི་ཆད་སྟོང་ཞིང་འཆར་ནའང་སྟོང་ཉིད་ངེས་པ་མིན།ཡང་སྟོང་པ་ཉིད་ཀྱི་གོ་དོན་ངེས་ནས། དགག་བྱ་བཀག་པ་དེ་ཕར་ངོས་སུ་དམིགས་རྟེན་དུ་བཞག་ནས། བཀག་པ་ངེས་པའི་ངེས་ཤེས་ཀྱིས་ཕར་ལ་ལྟ་བའི་ཚུལ་གྱིས་བསྒོམས་ན་ནི། སྟོང་ཉིད་བདེན་གྲུབ་བསྒོམས་པར་འགྱུར་བའི་ཉེན་ཡོད་པས་སྟོང་ཉིད་ངེས་པ་མིན། སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོགས་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་གསུངས།
དེ་ཡང་སྟོང་པ་ཉིད་ཅེས་པ་དགག་བྱ་བཅད་ལྡོག་ནས་ངེས་དགོས་པའི་དགག་པ་ཡིན་ལ། དེ་ལ་ཡང་དགག་བྱ་བཀག་ཤུལ་དུ་ཆོས་གཞན་སྒྲུབ་པ་འཕེན་མི་འཕེན་གྱི་མ་ཡིན་དགག་དང༌། མེད་དགག་གཉིས་ཡོད་པའི་ཕྱི་མ་ཡིན་པས་སྟོང་ཉིད་རྟོགས་པའི་བློ་ཡིན་ན་དགག་བྱ་བཀག་ཙམ་དེ་ངེས་དགོས་ཏེ། ད་ལྟ་རང་རེའི་བློ་ལ་ལིང་ལིང་ཞིག་འཆར་ཡོང་བ་དེ་གཏན་ནས་མི་འདུག་སྙམ་པ་ཙམ་ཞིག་གི་སྟོང་སང་ཞིག་འཆར་ཞིང༌། བློ་དེའི་འཛིན་སྟངས་ཀྱི་ཡུལ་རང་བཞིན་ནམ། བདེན་པ་མེད་ཙམ་དེ་སྟོང་ཉིད་ཡིན་པས་བློ་དེས་སྟོང་ཉིད་ངེས་པ་ཡིན་ཏེ། སྤྱོད་འཇུག་ལས།
གང་ཚེ་གང་ཞིག་མེད་དོ་ཞེས། །
བརྟག་བྱའི་དངོས་པོ་མི་དམིགས་པ། །
དེ་ཚེ་དངོས་མེད་རྟེན་བྲལ་བ། །
བློ་ཡི་མདུན་ན་ཇི་ལྟར་གནས། །
གང་ཚེ་དངོས་དང་དངོས་མེད་དག །
བློ་ཡི་མདུན་ན་མི་གནས་པ། །
དེ་ཚེ་རྣམ་པ་གཞན་མེད་པས། །
དམིགས་པ་མེད་པར་རབ་ཏུ་ཞི། ། ཞེས་གསུངས།
སྟོང་ཉིད་མེད་དགག་མིན་པར་ཆོས་གཞན་འཕེན་པའི་མ་ཡིན་དགག་གམ། ཡང་ན། སྒྲུབ་པ་ཡིན་ན། དེ་རྟོགས་པའི་བློ་དམིགས་པའམ། མཚན་མ་དང་བཅས་པར་འགྱུར་ལ། དེ་ལྟར་ན་དམིགས་པ་དེ་ལ་དམིགས་པའི་བདེན་འཛིན་སྐྱེ་བའི་སྒོ་མི་ཁེགས་པས། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་བདེན་འཛིན་མཐའ་དག་གི་གཉེན་པོར་འགྱུར་མི་སྲིད་ལ། སྒྲིབ་པ་སྤོང་བ་ཡང་མི་སྲིད་པར་འགྱུར་རོ། །འདི་ལ་དགོངས་ནས། སྤྱོད་འཇུག་ལས།
གང་ཚེ་རྣམ་པར་དཔྱད་པ་ཡི། །
རྣམ་དཔྱོད་ཀྱིས་ནི་དཔྱོད་བྱེད་ན། །
དེ་ཚེ་རྣམ་དཔྱོད་དེ་ཡང་ནི། །
རྣམ་དཔྱོད་ཕྱིར་ན་ཐུག་པ་མེད། །
དཔྱད་བྱང་རྣམ་པར་དཔྱད་བྱས་ན། །
རྣམ་དཔྱོད་ལ་ནི་རྟེན་ཡོད་མིན། །
རྟེན་མེད་ཕྱིར་ན་མི་སྐྱེ་སྟེ། །
དེ་ཡང་མྱ་ངན་འདས་པར་བརྗོད། ། ཅེས་གསུངས།
དེ་ལྟར་གཞི་རང་གཞན་སོགས་ལ་དམིགས་ནས་ཕུགས་ནས་སམ་ངོ་བོ་ཉིད་ཀྱིས་ཞི་བའི་དོན་ངེས་ཤིང་གོམས་པ་ན་རང་གཞན་སོགས་དམིགས་བྱའི་ཡུལ་དེ་དག་ངོ་བོ་ཉིད་ཀྱིས་མེད་བཞིན་དུ་དེར་སྣང་བའི་བརྫུན་པ་སྒྱུ་མའམ་རྨི་ལམ་ལྟ་བུར་འཆར་ཡོང༌། དེས་ལག་རྗེས་སམ་ཕན་ཐོགས་གང་ཡོད་ཟེར་ན། རྩ་ཤེ་ལས།
རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །
དེ་ནི་སྟོང་པ་ཉིད་དུ་བཤད། །
དེ་ནི་རྟེན་ནས་གདགས་པ་སྟེ། །
དེ་ཉིད་དབུ་མའི་ལམ་ཡིན་ནོ། །
ཞེས་པ་ལྟར། ངོ་བོ་ཉིད་ཀྱིས་ཞི་བ་རྟེན་འབྱུང་གི་དོན་དུ་གོ་ཞིང༌། རྟེན་ནས་འབྱུང་བ་ངོ་བོ་ཉིད་ཀྱིས་ཞི་བའི་དོན་དུ་གོ་ནས་སྟོང་དང་རྟེན་འབྱུང་གཅིག་གྲོགས་སུ་འགྲོ་བའི་ངེས་པ་རྙེད་པའི་སྟོབས་ཀྱིས་ཕྱིན་ཅི་ལོག་པའི་ཐ་སྙད་པའི་ཚད་མས་མིང་ཙམ་ཞིག་གི་ཡོད་པའི་སྟེང་ནས་སྤང་བླང་གི་འཇུག་ལྡོག་ཚུལ་བཞིན་བྱེད་ཅིང༌། མིང་ཙམ་མིན་པའི་དོན་སྟེང་ནས་ཡོད་པར་ཞེན་པའི་དབང་གིས་སྐྱེས་པའི་ཆགས་སྡང་སོགས་ཕྱིན་ཅི་ལོག་གི་བློ་རྣམས་ཤུགས་ཞན་དུ་འགྲོ་བ་དང༌། མཐར་རིམ་གྱིས་སྤོང་ཐུབ་པ་ཡིན་ནོ། །
འདི་སྐོར་ཅུང་ཟད་བཤད་ན་དེ་ལ་སྟོང་ཉིད་ཀྱི་ལྟ་བའི་ཉམས་མྱོང་རྣལ་མ་བྱུང་ན་ད་ལྟའི་རང་རེའི་བློ་ལ་ཅི་སྣང་བདེན་པར་སྣང་གི་ཡོད་པ་དང༌། ཡུལ་དེ་དང་དེ་ལ་བློ་གཏད་ཤུགས་ཆེར་སོང་སྐབས་སྣང་བ་ལྟར་བདེན་ཤག་ཏུ་ཞེན་པའི་བདེན་འཛིན་སྐྱེ་ལུགས་དང༌། ཆགས་སྡང་སོགས་ཉོན་མོངས་གང་སྐྱེ་ཡང་བདེན་འཛིན་དེས་གཞི་རྐྱེན་བྱེད་པ་བཅས་ལ་མྱོང་ཐོག་ནས་ངོ་འཕྲོད་ཐུབ་ཅིང༌། བདེན་འཛིན་དེ་ཞེན་ཡུལ་ལ་འཁྲུལ་བའི་ལོག་ཤེས་ཡིན་པ་དང༌། དེའི་འཛིན་ཚུལ་ལ་ཚད་མའི་རྒྱབ་རྟེན་མེད་ཚུལ་དང༌། དེའི་ལྡོག་ཕྱོགས་བདག་མེད་མཐོང་བའི་བློ་དེ་ཕྱིན་ཅི་མ་ལོག་ པའི་བློ་དང༌། དེའི་འཛིན་ཚུལ་ལ་ཚད་མའི་རྒྱབ་རྟེན་ཡོད་པ་ལའང་ངེས་པ་གཏིང་ནས་རྙེད་འོང་ལ། དེ་ལྟར་ན་དཔལ་ལྡན་ཆོས་ཀྱི་གྲགས་པས། ཚད་མ་རྣམ་འགྲེལ་ལས།
ངེས་པ་དང་ནི་སྒྲོ་འདོགས་ཡིད། །
གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། ། ཅེས་དང༌།
འགྲིབ་དང་ཕུལ་བྱུང་བརྟེན་པ་ཀུན། །
མི་མཐུན་ཕྱོགས་དང་བཅས་ཉིད་ཕྱིར། །
དེ་གོམས་པ་ལས་བདག་འགྱུར་བས། །
ལ་ལར་ཟག་པ་ཟད་པར་འགྱུར། ། ཞེས་གསུངས་པ་ལྟར།
འཛིན་སྟངས་དངོས་འགལ་དུ་ཡོད་པའི་བློ་གཉིས་གནོད་བྱ་གནོད་བྱེད་དུ་འགྲོ་བས། གཅིག་སྟོབས་ཆེན་པོར་གྱུར་ན་གཅིག་ཤོས་ཉམས་དམས་སུ་འགྲོ་བ་ཆོས་ཉིད་ཡིན་ལ། ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་ལས།
ཇི་ལྟར་མེ་ཡི་དག་པའི་གོས། །
སྣ་ཚོགས་དྲི་མས་དྲི་མ་ཅན། །
ཇི་ལྟར་མེ་ཡི་ནང་བཅུག་ན། །
དྲི་མ་འཚིག་འགྱུར་གོས་མིན་ལྟར། །
དེ་བཞིན་འོད་གསལ་བ་ཡི་སེམས། །
འདོད་ཆགས་ལ་སོགས་དྲི་མ་ཅན། །
ཡེ་ཤེས་མེ་ཡིས་དྲི་མ་བསྲེག །
དེ་ཉིད་འོད་གསལ་མ་ཡིན་ནོ། །
ཞེས་དང༌། རྒྱལ་བ་བྱམས་པའི་རྒྱུད་བླ་མ་ལས།
རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །
དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །
རིགས་ཡོད་ཕྱིར་ན་ལུས་ཅན་རྣམས། །
རྟག་ཏུ་སངས་རྒྱས་སྙིང་པོ་ཅན། ། ཞེས་གསུངས་པ་ལྟར།
སེམས་ཀྱི་དོན་དམ་པའི་རང་བཞིན་ལ་དྲི་མའི་བསླད་པ་མེད་པ་མ་ཟད། སེམས་ཀྱི་ཀུན་རྫོབ་པའི་ངོ་བོ་གསལ་ཙམ་རིག་ཙམ་ལའང་དྲི་མའི་བསླད་པ་མེད་པས། སེམས་བཟང་ངན་དུ་འགྱུར་རྒྱུ་ཡོད་པ་དང་བཅོས་སུ་ཡོད་ཀྱང༌། སེམས་ངན་པ་བདེན་འཛིན་ལ་རྒྱབ་རྟེན་བཅོལ་བའི་བློ་རྣམས་ཇི་ཙམ་གོམས་ཀྱང་གོམས་པ་མཐའ་མེད་དུ་འཕེལ་རྒྱུ་མེད་པ་དང༌། དེའི་ལྡོག་ཕྱོགས་སེམས་པ་བཟང་པོ་རྒྱབ་རྟེན་ཚད་མ་དང་བཅས་པ་རྣམས་གོམས་ན་གོམས་པ་མཐའ་མེད་དུ་འཕེལ་རྒྱུ་ཡོད་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས་སེམས་སྟེང་གི་དྲི་མ་ཟད་རུང་དུ་ངེས་ཐུབ། དེ་ལྟར་སེམས་སྟེང་གི་དྲི་མ་རྣམས་ཟད་དེ་སླར་གཏན་ནས་མི་སྐྱེ་བར་སོང་བའི་གནས་སྐབས་ཀྱི་སེམས་ཀྱི་ཆོས་ཉིད་དེ་ཐར་པ་ཡིན་པས་ཐར་པ་ཐོབ་རུང་དང༌། དེར་མ་ཟད་ཉོན་མོངས་པའི་དྲི་མ་ཟད་རུང་ཡིན་པ་བཞིན་དུ་དེའི་བག་ཆགས་ཀྱང་ཟད་རུང་ཡིན་པས་ཉོན་མོངས་བག་ཆགས་དང་བཅས་པའི་དྲི་མ་ཐམས་ཅད་ཟད་པའི་སེམས་ཀྱི་ཆོས་ཉིད་དེ་མི་གནས་པའི་མྱང་འདས་སམ་ཆོས་ཀྱི་སྐུ་ཞེས་བརྗོད་པ་དེ་ཡང་ཐོབ་རུང་དུ་ངེས་པའི་རྙེད་ཐུབ་པས། སྤྱིར་ཐར་པ་དང་ཐམས་ཅད་མཁྱེན་པ་ཡོད་པ་གྲུབ་ལ། དེ་ལྟར་ན་ཀླུ་སྒྲུབ་ཀྱི་རྩ་ཤེ་ལས།
གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །
འགག་པ་མེད་པ་སྐྱེ་མེད་པ། །
ཆད་པ་མེད་པ་རྟག་མེད་པ། །
འོང་བ་མེད་པ་འགྲོ་མེད་པ། །
ཐ་དད་དོན་མིན་དོན་གཅིག་མིན། །
སྤྲོས་པ་ཉེར་ཞི་ཞི་བསྟན་པ། །
རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །
དམ་པ་དེ་ལ་ཕྱག་འཚལ་ལོ། ། ཞེས་གསུངས་པ་ལྟར།
རྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས་དངོས་པོ་རྣམས་འགག་སོགས་མཐའ་བརྒྱད་དང་བྲལ་བའི་སྟོང་པ་ཉིད་ཀྱི་རང་བཞིན་དུ་སྟོན་པའི་རྟེན་འབྱུང་གི་གཏམ་འདི་རང་དབང་དུ་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ངེས་ལེགས་ཐབས་དང་བཅས་པ་མ་ནོར་བར་སྟོན་པའི་ཚད་མའི་སྐྱེས་བུར་མཐོང་བ་ན། དེ་ལས་བཅོམ་ལྡན་འདས་མངོན་ཐབས་དང་བཅས་པ་སྟོན་པ་ལའང་མི་བསླུ་བར་མཐོང་བ་ཡིན་ཏེ། ཇི་སྐད་དུ་དཔལ་ལྡན་ཆོས་ཀྱི་གྲགས་པས། རྣམ་འགྲེལ་ལས།
གཙོ་བོའི་དོན་ལ་མི་བསླུའི་ཕྱིར། །
གཞན་ལ་རྗེས་སུ་དཔག་པ་ཡིན། ། ཞེས་དང༌།
འཕགས་པ་ལྷའི་བཞི་བརྒྱ་པ་ལས།
སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ། །
གང་ཞིག་ཐེ་ཚོམ་སྐྱེ་འགྱུར་བ། །
དེ་ཡིས་སྟོང་པ་ཉིད་བརྟེན་ཏེ། །
འདི་ཉིད་ཁོ་ནར་ཡིད་ཆེས་བྱ། ། ཞེས་གསུངས་པ་ལྟར་རོ། །
མདོར་ན་མངོན་མཐོ་ངེས་ལེགས་སྒྲུབ་པ་ལས་བརྩམས་པའི་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་རྣམས་ལ་ཤེས་ནས་དད་པ་ཐོབ་པས། དེ་སྟོན་པ་པོ་སངས་རྒྱས་བཅོམ་ལྡན་འདས་དང༌། དེའི་རྗེས་འཇུག་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་རྣམས་ལའང་ཚད་མས་དྲངས་པའི་དད་གུས་སྙིང་ནས་སྐྱེ་བ་དང༌། དེ་མཚུངས་ད་ལྟ་རང་ལ་ལམ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་དང༌། སྟོན་པ་ཉིད་གང་ནས་གཤེགས་པའི་ལམ་དེར་ཚུལ་བཞིན་དུ་ཞུགས་པའི་གྲོགས་པོ་དགེ་འདུན་བཅས་ལའང་དད་པ་དང་གུས་པ་འགྱུར་དུ་མེད་པའི་བརྟན་པོ་སྐྱེས་ནུས་ལ། ཇི་སྐད་དུ་སློབ་དཔོན་ཟླ་བ་གྲགས་པས།
སངས་རྒྱས་དེའི་ཆོས་དགེ་འདུན་ནི། །
ཐར་པ་འདོད་པ་རྣམས་ཀྱི་སྐྱབས། ། གསུངས་པ་ལྟར།
སྐྱབས་གསུམ་ཐར་འདོད་རྣམས་ཀྱི་སྐྱབས་གནས་གཅིག་པུར་ངེས་པ་བདེ་བླག་ཏུ་སྐྱེ་བ་ཡིན་ནོ། །དེ་ལྟར་ན་སྡུག་བསྔལ་གྱིས་ཡིད་བསུན་པ་རྣམས་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། རང་ཉིད་ཐར་པ་ཐོབ་ན་སྙམ་པའི་ཐར་འདོད་ཀྱི་བློ་ཞིག་ཏུ་མེད་པའི་བརྟན་པོ་སྐྱེ་བ་དང༌། དེ་བཞིན་གཞན་སེམས་ཅན་ཐམས་ཅད་ཀྱང་རང་ཉམས་ལ་དཔགས་ཏེ་སྡུག་བསྔལ་ལས་སྒྲོལ་བའི་ཐར་པ་དང་ཐམས་ཅད་མཁྱེན་པའི་སར་འགོད་འདོད་པ་དང༌། དེའི་སླད་དུ་རང་གིས་བྱང་ཆུབ་མངོན་དུ་བྱ་འདོད་པའི་བྱང་ཆུབ་ཀྱི་སེམས་ཀྱང་ཤིན་ཏུ་བརྟན་པོ་དང༌། སྟོབས་ཆེན་དུ་སྐྱེ་ཐུབ་པ་བཅས་འབྱུང་བ་ཡིན་ནོ། །
དེ་ལྟ་བུའི་ཕྲ་ཞིང་ཟབ་ལ་དོན་ཆེ་བའི་སྟོང་ཉིད་ཀྱི་ལྟ་བ་དེ་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ་ཁྱིམ་པ་དང་རབ་བྱུང་གི་ཚུལ་ཁྲིམས་ཅི་རིགས་གཞི་བཟུང་བའི་སྒོ་ནས་ཚོགས་ལམ་གྱི་གནས་སྐབས་སུ་ཐོས་བསམ་གྱིས་ཡང་ཡང་གོམས་པར་བྱས་པས་རིམ་གྱིས་ལྟ་བ་དེ་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་སྒོམ་བྱུང་དུ་འགྱུར་ཏེ་སྦྱོར་ལམ་ཐོབ། དེ་ནས་རིམ་གྱིས་སྟོང་ཉིད་མངོན་སུམ་དུ་མཐོང་བའི་མཐོང་ལམ་ཆོས་དཀོན་མཆོག་ལམ་བདེན་ཐོབ་པ་ན། དེས་དངོས་གཉེན་བྱས་ཏེ་བདེན་འཛིན་ཀུན་བཏགས་སོགས་ཀུན་འབྱུང་བ་བདེན་པ་དང༌། ངན་འགྲོའི་ཕུང་པོ་སོགས་སྡུག་བསྔལ་བདེན་པ་རགས་རིམ་ནས་གཏན་དུ་སྤངས་པའི་འགོག་བདེན་ཐོབ་པའི་འགོ་ཚུགས། དེ་ནས་བདེན་པ་མཐོང་ཟིན་གོམས་པའི་སྒོམ་ལམ་གྱིས་ལྷན་སྐྱེས་ཀྱི་ཉོན་མོངས་ཆེ་རིམ་ནས་ས་བོན་དང་བཅས་པ་གཏན་དུ་སྤངས་པའི་འགོག་བདེན་རྣམས་རིམ་གྱིས་ཐོབ་སྟེ་མཐར་ཉོན་མོངས་ཆུང་ངུའི་ཆུང་ངུ་ས་བོན་དང་བཅས་པ་སྤངས་པའི་ཐར་པ་ཐོབ་པ་ན་རང་ལམ་གྱི་བགྲོད་པ་རྫོགས་ཏེ་མི་སློབ་པའི་ས་དམན་པའི་དགྲ་བཅོམ་མངོན་དུ་བྱེད་པ་ཡིན་ནོ། །
ཡང་ཀུན་སློང་བྱང་ཆུབ་ཀྱི་སེམས་དང་དེས་དྲངས་པའི་ཐབས་སྦྱི་གྲོགས་དང་བཅས་པའི་སྒོ་ནས་སྟོང་ཉིད་ཀྱི་དོན་ལ་དམིགས་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་རིམ་གྱིས་བསྐྱེད་པའི་སྒོ་ནས་ལྟ་བ་ཇེ་བཟང་དུ་སོང་ནས་སྟོང་ཉིད་མངོན་སུམ་དུ་མཐོང་བ་ན་ཐེག་ཆེན་གྱི་ས་དང་པོའི་ཡེ་ཤེས་ཐོབ་ཅིང་གྲངས་མེད་དང་པོའི་ཚོགས་རྫོགས། དེ་ནས་སྔར་བཤད་པའི་བདེན་འཛིན་ཀུན་བཏགས་སོགས་སྤངས་པའི་འགོག་བདེན་མངོན་དུ་བྱེད་པའི་འགོ་ཚུགས་ནས་མ་དག་ས་བདུན་གྱི་གནས་སྐབས་སུ་གྲངས་མེད་གཉིས་པའི་ཚོགས་གསོག དེ་ནས་དག་པ་ས་གསུམ་གྱི་གནས་སྐབས་སུ་ཤེས་བྱའི་སྒྲིབ་པ་བདེན་འཛིན་གྱི་བག་ཆགས་དང་དེས་སྐྱེད་པའི་གནས་ངན་ལེན་ཕྲ་མོ་རྣམས་རིམ་གྱིས་སྤོང་བའི་འགོ་ཚུགས་ཏེ་གྲངས་མེད་གསུམ་པའི་ཚོགས་རྫོགས་པ་ན་སྐྱོན་གྱི་རིགས་མཐའ་དག་གཏན་དུ་སྤངས་པའི་འགོག་བདེན་ཆོས་ཀྱི་སྐུ་ཐོབ་སྟེ་ཆོས་ལོངས་སྤྲུལ་གསུམ་དུས་གཅིག་ཏུ་མངོན་དུ་བྱས་ཤིང་མཁྱེན་བརྩེ་ནུས་པ་མཐར་ཕྱིན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན་ནོ། །
ཡང་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བས་ཤེས་རྒྱུད་ལེགས་པར་སྦྱངས་ཤིང༌། བསོད་ནམས་དང་བློ་གྲོས་ཀྱི་རྒྱུ་ཚོགས་ལེགས་པར་ཚང་བའི་སྐལ་བ་དང་ལྡན་པ་ཞིག་གིས་མྱུར་ལམ་གསང་སྔགས་རྒྱུད་སྡེ་འོག་མ་གསུམ་གྱི་ལམ་ལ་བརྟེན་ནས་བགྲོད་ན་གཟུགས་སྐུ་སྒྲུབ་ཚུལ་གྱི་ཐབས་རྨད་དུ་བྱུང་བ་དང༌། ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་མྱུར་དུ་འགྲུབ་པ་སོགས་ཀྱི་མཐུ་ལས་འཚང་རྒྱ་བར་མྱུར་ལ། ལྷག་པར་རྣལ་འབྱོར་བླ་མེད་ཀྱི་ལམ་ལ་སྔ་མ་རྣམས་ཀྱི་སྟེང་རླུང་སེམས་རགས་པ། ཕྲ་བ། ཤིན་ཏུ་ཕྲ་བའི་ཁྱད་པར་ཕྱེ་ནས། ཡིད་ཤེས་ཤིན་ཏུ་ཕྲ་བ་ཉིད་ལམ་གྱི་ངོ་བོར་བསྐྱེད་དེ་གོམས་པས་སྟོང་ཉིད་རྟོགས་པའི་བློ་ཤིན་ཏུ་མྱུར་བའི་ཁྱད་ཆོས་ཡོད་པ་ཡིན་ནོ། །
ལྟ་བ་སྐྱོང་ཚུལ་མདོར་བསྡུས་ཤིག་བརྗོད་ན། ལྟ་བ་སྒོམ་པ་སྒྲིབ་པ་སྤོང་ཕྱིར་ཡིན་པས་ཚོགས་རྒྱ་ཆེན་པོའི་གྲོགས་དགོས། དེ་ཡང་ཕྱག་འཚལ་བ་སོགས་ཡན་ལག་བདུན་པའི་ཆོ་གའི་སྒོ་ནས་གསོག་རྒྱུ་འདུ་ཆེ་ཞིང༌། དགོས་པ་ཆེ། ཚོགས་གསོག་པའི་ཞིང་མཆོག་གསུམ་རང་བཞིན་པ་སྤྱི་ལ་དམིགས་པའམ། བྱེ་བྲག་སྐྱབས་ཡུལ་གང་རུང་བ་ཞིག་ཆེད་དུ་གསལ་བཏབ་ནས་དམིགས་པ་གཉིས་རང་རང་བློ་མོས་དང་བསྟུན་ཏེ་བྱས་པས་ཆོག
དེ་ནས་ལྟ་བ་རྒྱུད་ལ་སྐྱེ་བའི་གསོལ་འདེབས་དང་འབྲེལ་དངོས་གཞི་སྐྱོང་ཚུལ་ནི། ཐོག་མར་གང་ཟག་གི་བདག་མེད་སྒོམ་ན་ཁྱད་གཞིའི་གནད་ཀྱིས་སྒོམ་སླ་བར་གསུངས་པས། ད་ལྟ་ངས་ལྟ་བ་སྒོམ་སྙམ་པའི་སྒོམ་པ་པོ་རང་ཉིད་ལ་ཇི་འདྲ་ཞིག་ཏུ་སྣང་ཚུལ་དང༌། ང་ལ་དགའ་སྡུག་མྱོང་བའི་ཚེ་ང་དེ་བློ་ལ་སྣང་ཚུལ་དང་ཞེན་ཚུལ་ཇི་འདྲ་ཞིག་ཏུ་འདུག་ལེགས་པོར་ངེས་པའི་ཐོག་ནས་ང་དེ་ཡོད་ཚུལ་ཇི་འདྲ་གོང་དུ་བཤད་པ་ལྟར་བརྟག་དཔྱད་བྱས་ཏེ་རིམ་པས་གོ་མྱོང་ཟབ་ཏུ་སོང་བའི་མཚམས་ནས་དཔྱད་ན་སྔར་གྱི་ངའི་སྣང་ཚུལ་ཧྲང་ངེ་བ་དེ་འདྲ་གཏན་ནས་མི་འདུག་སྙམ་པ་འབྱུང༌། དེའི་ཚེ་གནས་སྐབས་གཅིག་དགག་བྱ་བཀག་ཙམ་གྱི་སྟོང་སང་དེ་གར་རྩེ་གཅིག་ཏུ་བཞག་སྟེ་མི་དཔྱོད་པའི་འཇོག་སྒོམ་བྱེད། ཡང་བློའི་འཛིན་སྟངས་ཅུང་ཟད་ལྷོད་དུ་འགྲོ་བ་ན་སྔར་བཞིན་ངའི་ཡིན་ཚུལ་ལ་དཔྱོད་པའི་དཔྱད་སྒོམ་བྱེད།དེ་གཉིས་རེ་མོས་ཀྱིས་བསྐྱངས་ནས་བློ་ལ་འགྱུར་བ་ཐོན་ཐབས་བྱེད་ཅིང༌། ངའི་སྟེང་དཔྱད་དེ་སྟོང་པའི་གོ་བ་ཕྲན་བུ་བྱུང་ན། ང་གང་ལ་བརྟེན་ནས་བཏགས་པའི་ཕུང་པོ་ལ་དམིགས་ཏེ་དཔྱད་དགོས། དེ་ལའང་གཟུགས་ཕུང་སོགས་སྤྱི་དང༌། ཁྱད་པར་རྣམ་ཤེས་ཀྱི་ཕུང་པོར་དཔྱད་པ་ལེགས་པོ་བྱེད་པ་འདི་གནད་ཆེ།
དེ་ཡང་སྤྱིར་སེམས་ཀྱི་ཀུན་རྫོབ་པའི་གནས་ལུགས་ལུགས་ཀྱང་ངོ་འཕྲོད་དཀའ་ཞིང༌། སེམས་ཀྱི་ཀུན་རྫོབ་པའི་ངོ་བོ་གསལ་རིག་ཙམ་ངོ་འཕྲོད་ནས་དེའི་རང་བཞིན་ལ་དཔྱད་པས་མཐར་རིམ་གྱིས་སེམས་ཀྱི་དོན་དམ་པའི་ངོ་བོ་ངོ་འཕྲོད་ན་ས་ཆོད་གཞན་དང་མི་འདྲ་བའི་ཆེན་པོ་ཡོད།
ཐོག་མར་འགོ་འཛུགས་སྐབས་ཐུན་ཆུ་ཚོད་ཕྱེད་ཙམ་བྱས་ནས་ཐུན་གྲོལ་ཏེ་ཡུལ་སྣང་བཟང་ངན་སྣ་ཚོགས་སྣང་བའི་ཚེ་ཕན་གནོད་དངོས་སུ་མྱོང་བས་རང་ངོས་ནས་མེད་བཞིན་དུ་སྣང་བའི་རྟེན་འབྲེལ་སྒྱུ་མ་ཙམ་ཡིན་པའི་ངེས་ཤེས་ཅི་འདྲོངས་བྱེད།
དེ་ལྟར་ཐུན་དངོས་གཞི་ཐོ་རེངས་དང་། སྔ་དྲོ། ཕྱི་དྲོ། དགོང་མོ་བཅས་ཐུན་བཞིའམ། ལྕོགས་ན་ཉིན་མཚན་ཆ་བགོས་ཀྱིས་ཐུན་དྲུག་དང༌། བརྒྱད་སོགས་དང༌།དེ་འདྲ་མི་ལྕོགས་པས་ནི་ཐོ་རེངས་དང༌། དགོང་མོ་སྟེ་ཐུན་གཉིས་ཙམ་སྒོམ། ལྟ་བའི་གོ་མྱོང་ཕྲན་བུ་དྲག་ཏུ་ཕྱིན་པའི་མཚམས་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཀུན་ཏུ་ལྟ་བའི་ངེས་པ་ངམ་ངམ་ཤུགས་ཀྱིས་འབྱུང༌། དེ་ནས་སྟོང་ཉིད་ལ་དམིགས་པའི་ཞི་གནས་མེད་པར་སྟོང་ཉིད་རྟོགས་པའི་ལྷག་མཐོང་སྐྱེ་ས་མེད་པས་ཞི་གནས་ངེས་པར་བཙལ་དགོས་པས་དེའི་ཚུལ་ནི་ལོགས་སུ་ཤེས་པར་བྱའོ། །
དེ་ལྟར་ལྟ་བའི་སྐོར་ཤེས་བློ་ཙམ་མིན་པར་ཉམས་མྱོང་རྒྱུ་ཐོག་འགེལ་མཁན་ཞིག་ཡིན་ན་གོང་དུ་བཤད་པ་རྣམས་ཀྱིས་གཞི་བྱས་ཏེ་ཟབ་མོ་སྟོན་པའི་མདོ་བསྟན་བཅོས་དང༌། དེ་དག་གི་དགོངས་འགྲེལ་བོད་ཀྱི་མཁས་པ་ཉམས་མྱོང་ཅན་ཚོས་ལེགས་པར་བཤད་པ་རྣམས་ལ་རང་བློའི་ནུས་པ་དང་བསྟུན་པའི་ཐོས་བསམ་དང་འབྲེལ་རང་གི་ཉམས་མྱོང་སྐྱེ་ཚུལ་དང་ཚད་ལྡན་ཉམས་མྱོང་ཅན་གྱི་མཁས་པའི་གདམས་པ་ཟུང་དུ་འབྲེལ་བའི་སྒོ་ནས་སློབ་དགོས་པ་ལགས་སོ། །
འདིར་འབད་ལས་བྱུང་དགེ་ཚོགས་ཀྱིས། །
བདེ་འདོད་རང་གཞན་སེམས་ཅན་ཀུན། །
མཐའ་བྲལ་དེ་ཉིད་མཐོང་བའི་མིག །
ཐོབ་སྟེ་བྱང་ཆེན་གླིང་བགྲོད་ཤོག །
ཅེས་པ་འདི་ནི་འཛམ་གླིང་ཤར་ནུབ་ཀྱི་བློ་གསར་ནང་ཆོས་དོན་གཉེར་ཅན་སྤྱི་དང༌། ལྷག་པར་ཆེས་ཟབ་ཅིང་ཕྲ་བའི་བདག་མེད་པའི་སྟོང་པ་ཉིད་ཀྱི་དོན་ཤེས་པར་འདོད་ཀྱང་དབུ་མའི་གཞུང་ལུགས་ཆེན་པོ་རྣམས་ལ་སློབ་ཁོམ་མེད་པའམ། བོད་སྐད་ཐོག་ཡོད་པའི་བསྟན་བཅོས་བལྟ་རྟོགས་མི་ནུས་པ་རྣམས་ལ་ཕན་ཆེད་སྐད་ཡིག་གཞན་དག་ཏུ་སྒྱུར་བདེའི་སླད་གོ་བདེ་གཙོ་བཟུང་གིས། ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།
སྔར་ཕན་སངས་རྒྱས་ཀྱི་བསྟན་པ་དེ་ཙམ་མ་དར་བའི་ས་ཁུལ་འཛམ་གླིང་ནུབ་ཕྱོགས་པའི་མི་མང་པོ་ཞིག་ནས་ནང་པའི་ཆོས་ཀྱི་རྣམ་གཞག་སྤྱི་དང༌། ལྷག་པར་ཟབ་མོ་དབུ་མའི་ལྟ་བའི་སྐོར་ཤེས་འདོད་ཆེན་པོ་བྱེད་པ་ལ་བརྟེན་ནས་ཕྱི་ལོ་ ༡༩༧༤ ལོ་ཕྱི་རྒྱལ་སྐད་ཡིག་ཐོག་སྒྱུར་སྟབས་བདེ་བ་གཙོ་བཟུངས་དབུ་མའི་ལྡེ་མིག་ཅེས་པ་ཞིག་བྲིས་པ་དབྱིན་ཡིག་ཐོག་ཕབ་བསྒྱུར་དཔར་འགྲེམས་བྱས་པས་དབྱིན་ཡིག་སྦྱོང་ཁན་ཚོར་ཕན་ཐོགས་ཕྲན་བུ་བྱུང་སོང་སྙམ་ཞིང༌། བོད་ཡིག་སྦྱོང་ཁན་རྣམས་ལ་ནི། སློབ་གཉེར་བྱེད་མིས་ཕོངས་པ་མ་གཏོགས། སློབ་གཉེར་བྱ་ཡུལ་དཔེ་ཆས་ཕོངས་པ་གང་ཡང་མེད་སྟབས་བོད་ཡིག་ཐོག་དཔར་བསྐྲུན་བྱ་རྒྱུ་བཏང་སྙོམས་སུ་བཞག་པ་ཡིན། འོན་ཀྱང་དགའ་ཤར་མཁན་པོ་བླ་ཏི་སྤྲུལ་སྐུ་བྱང་ཆུབ་ཚུལ་ཁྲིམས་སོགས་དོན་གཉེར་ཅན་འགའ་ཤས་ནས་བོད་ཡིག་དེ་ཡང་དཔར་འགྲེམས་དགོས་ཚུལ་རེ་འཆར་བྱུང་བ་བཞིན། སེམས་ཅན་མོས་པ་སྣ་ཚོགས་པའི་དབང་གིས་འགའ་ཞིག་ལ་ཕན་ཐོགས་བྱུང་ནའང་ཧ་ཅང་ཡིད་སྤྲོའི་རང་བཞིན་ལ་བརྟེན། ད་ལམ་དབུ་མའི་ལྡེ་མིག་འདི་བཞིན་ཚིག་རེ་ཟུང་བཅོས་དགོས་བཅོས་ཏེ་བོད་ཡིག་ཐོག་དཔར་འགྲེམས་བགྱིས་པའི་ངོ་སྤྲོད་ཀྱི་ཚུལ་དུ། ཤཱཀྱའི་དགེ་སྦྱོང་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས་ ༨༣ ཟླ་ ༡༢ ཚེས་ ༡༤ ལ། །