དབུ་མ་གཞན་སྟོང་གི་ཆེ་བ
སྤྱིར་དབུ་མ་ཞེས་པ་མཐའ་གཉིས་དང་བྲལ་བའི་དབྱིངས་ཞིག་ལ་ངོས་འཛིན་པ་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་མཐའ་དག་མཐུན་ལ། མཐའ་གཉིས་དང་བྲལ་ཚུལ་ཡང་སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཐའ་འམ་ཡོད་མཐའ་དང་མེད་མཐའ་གཉིས་དང་བྲལ་ཚུལ་ཡིན། དབུ་མའི་གྲུབ་མཐའ་འཛིན་པ་མཐའ་དག་གིས་མཐའ་གཉིས་དང་བྲལ་བར་འདོད་ཀྱང་མཐའ་ངོས་འཛིན་ཚུལ་མི་འདྲ་བའི་དབང་གིས་དབུ་མ་བ་ནང་གསེས་ལའང་མཆོག་དམན་གྱི་དབྱེ་བ་སྣ་ཚོགས་ཡོད་པར་འདོད་དོ།། དབུ་མ་ཐལ་རང་གཉིས་ཀྱིས་དགག་བྱ་བཀག་ཙམ་གྱི་དབྱིངས་མེད་དགག་ཅིག་ལ་དབུ་མའི་ངོས་འཛིན་མཛད་ཅིང་། དེ་རྟོགས་པའི་བློ་ལ་དབུ་མའི་ལྟ་བ་མཐར་ཐུག་ཏུ་བཞེད། གཞན་སྟོང་སྨྲ་བ་རྣམས་ནི་དགག་བྱའི་བདག་དང་ཀུན་རྫོབ་ཀྱི་ཆོས་ཀྱིས་དཔྱིས་ལ་སྟོང་བའི་དབྱིངས་ཡེ་ཟུང་འཇུག་གི་ཡེ་ཤེས་ཞིག་ལ་དབུ་མ་མཐར་ཐུག་དང་། དེ་རྟོགས་པའི་མི་རྟོགས་པའི་ཡེ་ཤེས་ལ་ལྟ་བ་མཐར་ཐུག་ཏུ་བཞེད་པ་ཡིན་ལ། དེ་ལྟ་བུའི་གཞན་སྟོང་དབུ་མ་ནི། སྒྲུབ་བྱེད་ལུང་རིགས་ཀྱི་ཆ་ནས་དབུ་མ་གཞན་ལས་ཆེ་བ་དང་། ཡོན་ཏན་ལྷུན་རྫོགས་སུ་མངའ་བས་སྣང་ཕྱོགས་ལ་སྐུར་འདེབས་སྤངས་བའི་དོན་དམ་རང་ངོས་ནས་ཆེ་བ་གཉིས་དང་ལྡན་པ་ཡིན་ལ། དང་པོ་ལུང་གིས་སྒོ་ནས་ཁྱད་པར་དུ་འཕགས་ཚུལ་ཡོད་དེ། གཞན་སྟོང་དབུ་མ་གསལ་བོར་སྟོན་པའི་འཁོར་ལོ་ཐ་མའི་མདོ་རྣམས་ནི་ངེས་དོན་གྱི་མདོ་སྡེ་མཐར་ཐུག་ཡིན་པར་སངས་རྒྱས་རང་ཉིད་ཀྱིས་བཞེད་པའི་ཕྱིར་ཏེ། དགོངས་འགྲེལ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་ལས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ་སྐྱེ་བ་མ་མཆིས་པ་ཉིད་དང་འགག་པ་མ་མཆིས་པ་ཉིད་དང་གདོད་མ་ནས་ཞི་བ་ཉིད་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་སྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའི་གནས་སུ་གྱུར་བ་མ་ལགས་སོ། ཞེས་གསུངས་བའི་ཕྱིར། དེས་ན་རྒྱལ་བ་རང་ཉིད་ཀྱི་བཀའ་ལ་དྲང་ངེས་འབྱེད་བྱེད་བཀའ་ཚད་མ་ཡོད་ན་མེད་ན་དགོངས་འགྲེལ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་དང་། གཟུང་ཀྱི་དབང་ཕྱུག་རྒྱལ་བོས་ཞུས་པའི་མདོ་གཉིས་ཡིན་ལ། དེ་གཉིས་ཀྱི་སྐབས་སུ་གཞན་སྟོང་དབུ་མ་དེ་གནས་ལུགས་མཐར་ཐུག་དང་། དེ་གསལ་བར་སྟོན་པའི་མདོ་རྣམས་གོང་ན་མེད་པའི་ངེས་དོན་མཐར་ཐུག་གི་མདོ་ཡིན་པར་གསུངས་པ་དང་། གཞན་ཡང་སྟོན་པའི་བསྟན་པ་འདི་ལ་ཟབ་རྒྱས་གཉིས་ཀྱི་བཀའ་བབ་བྱམས་འཇམ་དབྱངས་གཉིས་དང་། རྒྱལ་བའི་གསུང་རབ་ལ་དྲང་ངེས་འབྱེད་པར་ལུང་བསྟན་པའི་འཕགས་མཆོག་ཀླུ་ཐོགས་གཉིས་ཀྱིས་ཀྱང་དེ་ཁོ་ན་ལྟར་བཞེད་པའི་ཕྱིར་ཏེ། རྒྱལ་ཚབ་བྱམས་པ་མགོན་པོས་བྱམས་ཆོས་ཕལ་ཆེ་བ་དང་གཙོ་བོ་རྒྱུད་བླ་མའི་སྐབས་སུ་མདོ་སྔགས་ཟུང་འབྲེལ་གྱི་ལྟ་བ་དེ་གཏན་ལ་ཕབ་ཅིང་། འཇམ་དཔལ་དབྱངས་ཀྱིས་ལྟ་འདོད་མདོར་བསྟན་དང་ཞལ་ལུང་གཉིས་སུ་དེ་ཁོ་ན་བཞིན་གསུངས་པའི་ཕྱིར་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་བསྟོད་ཚོགས་དང་། ཁྱད་པར་དུ་རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་པའི་ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཀྱིས་བསྡུ་བའི་སྐབས་སུ་འཁོར་ལོ་བར་བ་དྲང་དོན་དང་། ཐ་མ་ངེས་དོན་དུ་གསལ་བར་གསུངས་བས་གྲུབ་པོ།། ལུང་བསྟན་ཚུལ་ཡང་། འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ།། ལོ་ནི་དགུ་བརྒྱ་ལོན་པ་ན།། ཐོགས་མེད་ཅེས་བྱའི་དགེ་སློང་ནི།། བསྟན་བཅོས་ཀྱི་ནི་དོན་ལ་མཁས།། མདོ་སྡེ་ངེས་དོན་དྲང་བའི་དོན།། རྣམ་པ་མང་བོ་རབ་ཏུ་འབྱེད།། ཅེས་གསུང་བའི་ཕྱིར་རོ།། གཉིས་པ་རིགས་པས་གྲུབ་ཚུལ་ནི། དང་པོ་གདུལ་བྱ་ལ་དྲང་དོན་བསྟན་ནས་རྒྱུད་སྦྱངས་ཏེ་མཐར་ངེས་དོན་སྟོན་རིགས་པ་ལས། དང་བོ་ངེས་དོན་བསྟན་ནས་མཐར་དྲང་དོན་ལ་བཀྲི་བ་དགོས་པ་མེད་པ་ཙམ་དུ་མ་ཟད་གོ་རིམ་ཀྱང་འཁྲུག་པའི་ཕྱིར། ཐམས་ཅད་མཁྱེན་པ་ཏ་ར་ནཱ་ཐས། ངེས་དོན་མཐར་ཐུག་བསྟན་པའི་རྗེས་སུ་ཡང།། གདུལ་བྱ་དྲང་བའི་དོན་ལ་བཀྲི་བ་ནི།། དྲང་ངེས་སྟོན་པའི་གོ་རིམ་ཤིན་ཏུ་འཁྲུག། ཞེས་གསུངས་བའི་ཕྱིར། གཉིས་པ་ཡོན་ཏན་གདོད་ནས་ལྡན་ཚུལ་ནི། རྒྱུད་བླ་མ་ལས། འདི་ལ་བསལ་བྱ་ཅི་ཡང་མེད།། བཞག་པར་བྱ་བ་ཅུང་ཟད་མེད།། ཡང་དག་ཉིད་ལ་ཡང་དག་ལྟ།། ཡང་དག་མཐོང་ནས་རྣམ་པར་གྲོལ།། ཞེས་དང་། རྣམ་དབྱེ་བཅས་པའི་མཚན་ཉིད་ཅན།། གློ་བུར་དག་གིས་ཁམས་སྟོང་གི། རྣམ་དབྱེ་མེད་མེད་པའི་མཚན་ཉིད་ཅན། བླ་མེད་ཆོས་ཀྱིས་སྟོང་མ་ཡིན།། ཅེས་དང་། དུས་འཁོར་རྒྱུད་ལས། རྣམ་པ་ཀུན་གྱི་མཆོག་ལྡན་པ།། ཕྱག་རྒྱ་ཆེན་མོ་དེ་ལ་འདུད།། ཞེས་གསུངས་སོ།། དེ་ཉིད་རིགས་པས་གྲུབ་ཚུལ་ནི། ཆོས་ཉིད་དབུ་མ་ཅི་ཡང་མེད་པའི་སྟོང་རྐྱང་མེད་དགག་ཙམ་ཞིག་ཡིན་ན་འབྲས་བུའི་གནས་སྐབས་སུ་ཡང་དེ་ལྟར་ཡིན་དགོས་ཏེ། ཆོས་ཉིད་ཀྱི་དཔྱིས་ལ་ཡོན་ཏན་སྔར་མེད་འཕེལ་བ་དང་། སྐྱོན་འགྲིབ་པ་སོགས་མི་འཐད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན།། འགྱུར་བ་མེད་པའི་ཆོས་ཉིད་དོ།།ཞེས་གསུངས་པའི་ཕྱིར། དེ་འདོད་ན། ཡོན་ཏན་མེད་པའི་ངོ་བོ་ཉིད་སྐུ་ཞིག་ཡོད་དགོས་པ་ལས། མི་འཐད་དེ་སངས་རྒྱས་ཀྱི་སྐུ་ཡིན་པས་སོ། མཐར་ཐུག་དབུ་མ་ཆེན་མོ་ཡོན་ཏན་མེད་པའི་མེད་དགག་ཞིག་ཏུ་མི་རུང་ཚུལ། འཇམ་དཔལ་གྱི་ལྟ་འདོད་མདོར་བསྟན་ལས། ཕུང་པོ་རྣམ་དཔྱད་སྟོང་བ་ཉིད།། ཆུ་ཤིང་བཞིན་ཏུ་སྙིང་བོ་མེད།། རྣམ་པ་ཀུན་གྱི་མཆོག་ལྡན་པའི།། སྟོང་ཉིད་དེ་ལྟར་འགྱུར་མ་ཡིན།། ཞེས་དང་། སློབ་དཔོན་ལེགས་ལྡན་འབྱེད་གྱི་དབུ་མ་རིན་ཆེན་སྒྲོན་མེ་ལས། དེ་བས་དེ་དག་བདག་གིས་གཞུང་ཆེན་པོ་མང་བོ་དག་བཀོད་པ་ནི། ཕྱི་རོལ་ཀྱི་དབུ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། ཕ་རོལ་རྒོལ་བ་བཟློག་པ་དང་།། བསྟན་བཅོས་ཆེན་པོའི་གཞུང་དང་ནི།། རྩོད་པ་ཆེན་པོ་བྱུང་དུས་སུ།། རགས་པའི་དབུ་མའི་གཞུང་སྨྲ་བྱ།། རྣལ་འབྱོར་ཉམས་སུ་ལེན་དུས་སུ།། ཕྲ་བའི་རྣལ་འབྱོར་བསྒོམ་པར་བྱ།། ཞེས་ཐལ་རང་གཉིས་རགས་པ་ཕྱི་ཡི་དབུ་མ་དང་། དབུ་མ་གཞན་སྟོང་དེ་ཕྲ་བ་ནང་གི་དབུ་མར་གསུངས་སོ།།