Jump to content

དབང་པོ་

ཡོང་ཁུངས་Wikipedia

དབང་པོ་ཞེས་པ་ནི་སེམས་སམ་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་རྒྱུད་ལ་དབང་སྒྱུར་བའི་ནུས་པ་དང་ལྡན་པའི་ཆོས་ལ་ཟེར། ཐེག་པ་ཆེན་པོའི་གཞུང་ལུགས་སུ་དབང་པོ་ནི་ཤེས་རབ་ཀྱི་ངོ་བོར་བརྗོད་ཅིང་། དམན་རབ་འབྲིང་གསུམ་གྱི་རིམ་པ་ལྟར་སེམས་ཅན་གྱི་ལམ་དུ་འཇུག་པའི་སྒོ་འབྱེད་མཁན་གྱི་ཕྱོགས་སུ་བཤད་འདུག

ངེས་ཚིག

[རྩོམ་སྒྲིག]

དབང་པོ་ཉི་ཤུ་རྩ་གཉིས། "སྤྱིར་དབང་པོ་ཉི་ཤུ་རྩ་གཉིས་ལས་རྣམ་བྱང་གི་དབང་པོ་ནི། དད་པའི་དབང་པོ་དང༌། དྲན་པའི་དང༌། བརྩོན་འགྲུས་ཀྱི་དང༌། ཏིང་ངེ་འཛིན་གྱི་དང༌། ཤེས་རབ་ཀྱི་དང༌། མི་ཤེས་པ་ཀུན་ཤེས་པ་ཡི་དང༌། ཀུན་ཤེས་པ་དང༌། ཀུན་ཤེས་པ་གྲོལ་བས་དང་བརྒྱད། ཉོན་མོངས་པ་འཁོར་བའི་དང༌། མིག་གི་དབང་པོ་ལ་སོགས་པ་ལྔ་དང༌། ཡིད་ཀྱི་དང་ཡིད་བདེ་མི་བདེ་གཉིས་དང༌། ཚོར་བའི་བདེ་སྡུག་བཏང་སྙོམས་གསུམ་དང༌། སྲོག་གི་དབང་པོ་དང༌། ཕོ་མོའི་དབང་པོ་གཉིས་ཏེ་བཅུ་བཞི་དེ་ལྟར་ན་དབང་པོ་ཉི་ཤུ་རྩ་གཉིས་ཡོད་པ།"[] ཞེས་གསུངས། སྲོག་གི་དབང་པོའི་གལ་ཆེ་བ་སྲོག་གི་དབང་པོ་ནི་དབང་པོ་གཞན་རྣམས་ཀྱི་གཞི་རྟེན་ཡིན་པར་གསུངས་ཏེ། "དཔེར་ན་སྲོག་གི་དབང་པོ་གཅིག་པུ་འགགས་ན་དབང་པོ་རྩ་ཅིག་པོ་གཞན། གང་དག་ཇི་སྙེད་པ་ཐམས་ཅད་འགགས་པར་འགྱུར་བས་སྲོག་གི་དབང་པོར་དབང་པོ་གཞན་རྣམས་འདུས་པའོ། །"[]

དབྱེ་བ།

[རྩོམ་སྒྲིག]

རྣམ་དག་གི་དབང་པོ་བརྒྱད། དད་པ་དང་དྲན་པ། བརྩོན་འགྲུས། ཏིང་ངེ་འཛིན། ཤེས་རབ་ཀྱི་དབང་པོ་ལྔ་དང་། མི་ཤེས་པ་ཀུན་ཤེས་པ། ཀུན་ཤེས་པ། ཀུན་ཤེས་པ་གྲོལ་བའི་དབང་པོ་གསུམ་སྟེ་བརྒྱད། སེམས་ཀྱི་དབང་པོ་དྲུག མིག་དང་རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་དབང་པོ་དྲུག ཚོར་བའི་དབང་པོ་གསུམ། བདེ་བ་དང་སྡུག་བསྔལ། བཏང་སྙོམས་ཀྱི་ཚོར་བའི་དབང་པོ་གསུམ། གཞན། སྲོག་གི་དབང་པོ་དང་ཕོ་མོའི་དབང་པོ་གཉིས་དང་། ཉོན་མོངས་པ་འཁོར་བའི་དབང་པོ་སོགས།

དབང་པོ་རྣམས་ཀྱི་ནུས་པ།

[རྩོམ་སྒྲིག]

འདུ་འཇིག་གི་སྒོ་ནས། "དཔེར་ན་མིག་ལ་སོགས་པ་དབང་པོ་དུ་མ་ཡོད་དུ་ཟིན་ཀྱང་འཇིག་རྟེན་འདིར་གནས་པའི་སྲོག་གི་དབང་པོ་འགགས་པར་གྱུར་ན་ཚེ་འདིར་གཏོགས་པའི་དབང་པོ་གཞན་གང་དག་ཇི་སྙེད་ཡོད་པ་ཐམས་ཅད་འགགས་པར་འགྱུར་བ་དེ་ལྟར་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་གང་ཞིག་མཁས་པ་མཆོག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ཕ་རོལ་ཏུ་ཕྱིན་པ་གཞན་ཐམས་ཅད་ཤེར་ཕྱིན་འདིར་ནི་འདུས་པར་གསུངས་ཏེ་འདི་མེད་ན་དེ་ཐམས་ཅད་ཀྱང་མི་འབྱུང་ལ་འདི་ཡོད་པ་ལས་དེ་ཀུན་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་དུ་འགྱུར་བ་"[]ཞེས་དབང་པོ་ཞིག་མེད་ན་ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་མེད་པར་འགྱུར་བའི་དཔེ་དུ་གསུངས། ལམ་གྱི་སྒོ་ནས། "བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཁས་པ་ནི་ཐེག་པ་གསུམ་ལ་མཁས་པར་འགྱུར་ཏེ་ཁལ་གཅིག་ལ་བྲེ་གང་འདུས་པའི་དཔེ་ལྟར་ཐབས་དང་ཤེས་ཀྱི་རྣམ་པ་ཡོངས་སུ་རྫོགས་པའི་ལམ་མཆོག་ཏུ་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཤེས་ན། ཐབས་དང་ཤེས་རབ་ཉི་ཙེ་བ་ཉན་རང་གི་ལམ་ནི་དེའི་ཞར་ལ་ཤེས་པ་ཡིན་ནོ། །"[]ཞེས་དབང་པོ་རྣམས་ཀྱི་ནང་ནས་ཤེས་རབ་ཀྱི་དབང་པོ་རྩ་བ་ཡིན་པར་གསུངས།

རྩོད་སྤོང་།

[རྩོམ་སྒྲིག]

དབང་པོ་ལྔ་དམིགས་པ་མེད་པའི་ཐབས། "བྱང་སེམས་གང་ཞིག་མི་དམིགས་པར་ཤེར་ཕྱིན་ལ་སློབ་པའི་ཚེ་དོན་དམ་པར་བསླབ་པ་གང་ཡང་ཁས་མི་ལེན་ཏེ། སློབ་པར་བྱེད་པ་པོ་དང་བསླབ་པར་བྱ་བའི་ཆོས་རྣམས་ནི་དོན་དམ་པར་མི་དམིགས་ཤིང་། གང་ལ་བསླབ་པར་བྱ་བ་དང་བསླབ་པར་བྱ་བ་མ་ཡིན་པ་འདི་གཉིས་ཀ་ལ་ནི་བདེན་ཞེན་གྱིས་མི་རྟོག་པ་དེ་ལྟར་གང་སློབ་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཤེར་ཕྱིན་འདིར་སློབ་ཚུལ་ཡིན་ནོ། །"[]ཞེས་དད་པ་སོགས་དབང་པོ་ལྔ་ལ་དམིགས་པ་མེད་པར་སྤྱད་དགོས་པ་གསུངས། མི་དགེ་བའི་སེམས་མི་སྐྱེད་པ། དེ་ཡང་ "བྱང་སེམས་གང་ཞིག་དེ་ལྟ་བུའི་བསླབ་པར་བྱ་ཚུལ་འདི་ཤེས་པ་དེ་ནི་དུས་གཞར་ཡང་སྟེ་ནམ་ཡང་བསླབ་པ་ཉམས་ཏེ་ཚུལ་ཁྲིམས་འཆལ་བར་མི་འགྱུར་ལ། བྱང་སེམས་དེ་ནི་སངས་རྒྱས་ཀྱི་ཆོས་ཆེན་པོ་བརྙེས་པར་བྱ་བའི་ཕྱིར་ཤེར་ཕྱིན་འདི་ལ་སློབ་ཅིང་། དེ་ནི་བསླབ་པ་ལ་ལྷག་པར་བསླབ་པར་བྱ་བ་ལ་མཁས་ཏེ་བདེན་ཞེན་གྱིས་དམིགས་པ་མེད་དོ། མཁས་པ་ཡེ་ཤེས་ཀྱི་འོད་འཕྲོ་བར་བྱེད་པ་རྣམས་ཀྱིས་ཤེས་རབ་ལ་དེ་ལྟར་སློབ་པར་བྱེད་ཅིང་དེའི་མཐུས་དགེ་བའི་ཕྱོགས་མ་ཡིན་པ་མི་དགེ་བའི་སེམས་གཅིག་ཙམ་ཡང་སྐྱེད་པར་མི་བྱེད་དོ། །"[]ཞེས་དབང་པོ་རྣམས་ལ་ལེགས་པར་བསླབས་ན་མི་དགེ་བའི་སེམས་འབྱུང་བ་མེད་པར་གསུངས།

ལུང་ཁུངས།

[རྩོམ་སྒྲིག]
  1. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་111
  2. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་111
  3. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་87b-88a
  4. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་88a
  5. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་44a
  6. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་44a