དབང་གི་རབ་ཏུ་བྱེད་པ་

ཡོང་ཁུངས་Wikipedia

༄༅། །དབང་གི་རབ་ཏུ་བྱེད་པའོ། ། ལས་ཀྱི་དབང་ནི། དངོས་སུ་མིང་ཡང་མཐུན་པར་ཟད། འཁོར་ལོ་སྒྱུར་བའི་དབང་ནི། འཆད་པའི་དབང་ཡིན། འཁོར་ལོ་སྒྱུར་བ་ཆེན་པོའི་དབང་ནི། རྡོ་རྗེ་རྒྱལ་པོ་ཆེན་པོའི་དབང་ཡིན་ཏེ། དེ་ལྟར་ཆ་མཐུན་ཞིང་འདུས་པ་ལས། འདིར་ནུས་པའི་དབང་དེ་དག་ཀྱང་། གསང་བ་བྱང་ཆུབ་སེམས་ཀྱི་ཁྱད་པར་ལས་བསྐུར་བས། ཁྱད་པར་དུ་འཕགས་པ་ཡིན། ཞེས་འཆད་དོ། །དེ་ལྟར་དབང་བསྐུར་བ་རྫོགས་ནས། ཐ་མར་འདོད་པའི་ཡོན་ཏན་གྱི་དབང་བསྐུར་ཏེ། རྡོ་རྗེ་བླ་མ་ཆེན་པོ་དང་། །བདག་དང་གཞན་ཡང་འདོད་དགུས་མཆོད། །ཞེས་འབྱུང་བ་ལྟར་བྱའོ། །དེ་ནས་གཏོར་མ་བཏང་སྟེ། དཀྱིལ་འཁོར་བསྡུ་བའི་ལས་བྱའོ། །བདག་ཅག་གི་བླ་མ་ལ་སོགས་པ་སློབ་དཔོན་དུ་གྱུར་པ་རྣམས་ཀྱི་གཞུང་གིས་ནི། དཀྱིལ་འཁོར་བྲིས་ཀྱང་རུང་མ་བྲིས་ཀྱང་རུང་། ཞི་ཁྲོའི་དཀྱིལ་འཁོར་གཉིས་གའི་མཆོད་པ་གཞུང་བཞིན་དུ་བགྱིས་ནས། དེ་ལས་ཚོགས་ཀྱི་མཆོད་པ་བགྱིས་ཏེ། གཏོར་མ་བཏང་བ་ཡང་རྫོགས་པར་བྱས་ནས། དེ་ནས་གདོད་སློབ་མ་དཀྱིལ་འཁོར་དུ་བཅུག་སྟེ། དབང་བསྐུར་བའི་ཆོ་ག་མཛད། ཅེས་གསུངས་སོ། །ཡོང་ནི་སློབ་དཔོན་ཉིད་དབང་ཡང་རྫོགས་ལ། དམ་ཚིག་དང་ཡང་ལྡན་ཞིང་། དབང་བསྐུར་བ་ལ་སྒྱུ་མེད་པའི་སེམས་དང་ལྡན་པ་དང་། སློབ་མ་དབང་བསྐུར་བའི་ཡུལ་རྒྱུ་དང་ལྡན་ཞིང་། གདམས་ངག་གིས་ཟིན་ན། ཆོ་ག་གོང་འོག་མི་མཐུན་པ་དང་། ལྷག་ཆད་དུ་གྱུར་པ་ལ་ཉེས་པ་མི་བཤད་ལ། འོན་ཀྱང་བཀའ་ལ་བརྟེན་ནས་བྱ་བ་ཡིན་གྱི། རས་ཆོད་དུ་བྱ་བ་ནི་མ་ཡིན་ནོ། །ཞེས་བཤད་དོ། །ངྷརྨ་བྷ་དྲས་མཛད་པ་དབང་གི་རབ་ཏུ་བྱེད་པ་རྫོགས་སོ། །