དཔྱི་ས་བློ་གྲོས་རྒྱ་མཚོ་

ཡོང་ཁུངས་Wikipedia

དཔྱི་ས་བློ་གྲོས་རྒྱ་མཚོ་ནི་རབ་བྱུང་བཅོ་ལྔ་བའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ༡༨༩༠ལོར་མདོ་སྨད་རེབ་གོང་དཔྱི་སའི་གོང་ཤོར་ཚང་གི་རུས་སུ་སྐུ་འཁྲུངས་ཤིང་སྤྱི་ལོ༡༩༥༩ལོར་སྐུ་གཤེགས།ཁོང་དགུང་ལོ་དྲུག་པར་ཁུ་བོ་ཧྲེ་ལི་ལས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བསླབས་པས་ལོ་གཅིག་ལ་ཚེགས་མེད་དུ་མཁྱེན།དགུང་ལོ་བརྒྱད་པར་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་དཔྱི་སའི་བན་གྱའི་གྲྭ་རྒྱུན་དུ་བཞུགས།དགུང་ལོ་བཅུ་བར་ཡིག་གཟུགས་ཀྱི་མཛེས་རྩལ་དང་སུམ་རྟགས་དག་གསུམ་བཅས་ལ་བྱང་བར་སྦྱངས།དགུང་ལོ་བཅུ་བདུན་པར་རྫོང་སྔོན་བློ་གྲོས་ཚང་ལས་བཀའ་ཆོས་མང་བོ་གསན་ཅིང་དེ་ནས་བཟུང་དཔེ་གཟིགས་མཚམས་མ་ཆད་པར་མཛད།དགུང་ལོ་བཅོ་བརྒྱད་སྟེང་རྫོང་དཀར་དུ་ཕེབས་ཏེ་གཙང་དགེ་བཤེས་ཚང་ལས་སྔ་ཕྱིར་དཔེ་ཁྲིད་མང་དུ་གསན།དགུང་ལོ་ཉི་ཤུ་ཐམ་པར་སྡི་ཚ་དགོན་དུ་ཕེབས་ཏེ་ཞྭ་དམར་པཎྚི་ཏ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས།དགེ་བའི་བཤེས་གཉེན་བྱམས་པ་བློ་བཟང་དང་མཛོད་དགེ་བློ་བཟང་རྒྱ་མཚོ།ཧོར་ཆེན་ཡེ་ཤེས་རྒྱ་མཚོ་སོགས་བསྟེན་ཏེ་གཞུང་ལུགས་རབ་འབྱམས་དང་ཐུན་མོང་བའི་རིག་པའི་གནས་ལ་ཞིབ་ཏུ་སྦྱངས་པས་མཁས་གྲགས་ཀུན་ལ་ཁྱབ།དགུང་ལོ་བཞི་ཅུ་ཐམ་པར་ཀ་རིང་ཨེ་ལྦཾ་གླིང་དུ་ཕེབས་པ་ནས་བཟུང་ཡོངས་འཛིན་བློ་བཟང་དཔལ་ལྡན་དང་།རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཞབས་པད་ལ་ལོ་ཉི་ཤུའི་རིང་དུ་བསྟེན་ཏེ་མདོ་རྒྱུད་རྒྱ་མཚོའི་གཞུང་ལ་མི་འཇིགས་པའི་སྤཽབས་པ་བརྙེས།ཁྱད་པར་དུ་རྗེ་བླ་མའི་སྙན་བརྒྱུད་ཀྱི་མན་ངག་འཛིན་པའི་མཁས་གྲུབ་ཆེན་པོའི་གོ་འཕང་མངོན་དུ་གྱུར།དཔྱི་ས་དགོན་དགེ་བྱེད་གླིང་གསར་འདེབས་མཛད་ཅིང་གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་པ་གསར་བཞེངས་མཛད།རོང་བོ་དགོན་ཆེན་དུ་ཕེབས་ཏེ་ཁྲི་རྒན་སྤྲུལ་སྐུ་འཇམ་དབྱངས་འཕྲིན་ལས་དབང་བོ་དང་།རྫོང་དཀར་འཇིགས་མེད་ཤེས་རབ་གྲགས་པ།སྤྲུལ་སྐུ་འཇིགས་མེད་འཕྲིན་ལས་ལྷུན་གྲུབ།ནང་སོ་སྐུ་སྐྱེས།ཁ་སོ་མཆོག་སྤྲུལ་བཅས་ལ་ཟབ་རྒྱས་ཆོས་ཀྱི་བགོ་སྐལ་བསྩལ།


ཁོང་གི་གསུང་རྩོམ་ལ《རྩོད་ཡིག་གསང་འཛིན་མཚོན་གྱི་འཁོར་ལོ》དང་《སྙན་ངག་གི་གབ་ཚིག་གཞོན་ནུའི་བློ་གྲོས་སྒོ་འབྱེད》《སྒྲ་རིག་གནམ་འཕང་གཅོད་བྱེད་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་ལེབ༽》《སྤྱོད་འཇུག་ཤེར་ལེའུའི་འབྲུ་འགྲེལ》《ཚུལ་གསུམ་ཁྱབ་སྒོ་ཁུག་མ》བཅས་བཞུགས་སོ།།