དཔོན་ཆེན་ཀུན་དགའ་བཟང་པོ་
ས་སྐྱའི་དཔོན་ཆེན་མི་ཐོག་གཉིས་པ། ཐོག་མར་ནང་གཉེར་བྱས། དེ་རྫེས་དཔོན་ཆེན་ཤྰཀྱ་བཟང་ པོ་འདས་པའི་ལོ་དེར། ས་སྐྱའི་དཔོན་ཆེན་དུ་བསྐོས་ནས་ལོ་དྲུག་རིང་ཤྰཀྱ་བཟང་པོས་བསྒྲུབ་མ་ཐུབ་པར་ལུས་པའི་ལྷ་ཁང་ཆེན་མོའི་འོག་ཐོག་དང་ཐོག་ཁང། ལྕགས་རི། རྒྱ་ཕིབས་སོགས་དང་རིན་ཆེན་སྒང་བླ་བྲང། ལྷ་ཁང་བླ་བྲང། དབུ་རྩེ་བྱང་བཅས་ལེགས་པར་བསྒྲུབས། རྫེས་སུ་འགྲོ་མགོན་འཕགས་པ་བོད་དུ་ཐེངས་གཉིས་པ་ཕེབས་སྐབས་འཕགས་པ་དང་ཐུགས་མ་ཐུགས་པ་བྱུང་ཡང་ཟེར། འཕགས་པའི་ཉེ་གནས་ཀྱིས་ཐོག་མར་འཕགས་པ་དང་དཔོན་ཆེན་བར་དཀྲུགས་ཤིང་བྱས། རྫེས་སུ་གོང་མ་སེ་ཆེན་ལ་དཔོན་ཆེན་གྱིས་བླ་མའི་བཀའ་ལ་རྩིས་མེད་བྱས་ཟེར་བ་སོགས་ཕྲ་མ་མང་དུ་ཞུས་རྐྱེནཀུན་དགའ་བཟང་པོའི་དཔོན་ཆེན་གྱི་གོ་གནས་ཕབས་ཏེ་བྱ་རོག་རྫོང་གི་རྫོང་དཔོན་དུ་བསྐོས་ཏེ་ལོ་དྲུག་ཙམ་བསྡད། དེ་ནས་སླར་ཡང་འཕགས་པའི་ཉེ་གནས་ཀྱིས་གོང་མ་སེ་ཆེན་ཧན་ལ་ཕྲ་མ་མང་དུ་ཞུས་རྐྱེན། རབ་བྱུང་དང་པོའི་ལྕགས་འབྲུག་(༡༢༨༠)ལོར་མི་ཆེན་སང་གྷ་བ་སོགས་ཧོར་དམག་ཁྲི་ཕྲག་མང་པོ་བཏང་ནས་བྱ་རོག་རྫོང(མྱང་སྟོད་མང་ར་)གི་མཐའ་བསྐོར་ཏེ་ཀུན་དགའ་བཟང་པོ་འཛིན་བཟུང་བྱས་ནས་སྲོག་ཐོག་བཏང། འདིའི་ལོ་རྒྱུས་སྐོར་སྟག་ཚང་པ་དཔལ་འབྱོར་བཟང་པོས་བརྩམས་པའི་(རྒྱ་བོད་ཡིག་ཚང་)སྨད་ཆར་གསལ་བ་དང། འགྲོ་མགོན་འཕགས་པའི་རྣམ་ཐར་སོགས་དང་བལྟ་བསྡུར་བྱས་ཏེ་བྲིས། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།