དཔལ་སྟག་ལུང་ཡ་ཐང་

ཡོང་ཁུངས་Wikipedia

ཕག་མོ་གྲུ་པའི་སློབ་མ་བཀྲ་ཤིས་དཔལ་གྱིས་རབ་བྱུང་གསུམ་པའི་ལྕགས་བྱི(སྤྱི་ལོ1180)ལོར་སྟག་ལུང་དུ་དགོན་པ་བཏབ་སྟེ་སྟག་ལུང་ཐང་པ་ཞེས་གྲགས། དེ་གཤེགས་རྗེ་དབོན་རིན་ཆེན་མགོན་པོ་གདན་སར་བཏོན། འདིས་མཆོད་ཁང་ཆེན་མོ་བཞེངས་ཤིང་དགོན་སྡེ་དར་རྒྱས་མཛད། དེའི་རྗེས་སངས་རྒྱས་ཡར་བྱོན་གདན་ས་བཞུགས། དེ་ལ་གདན་ས་ཕེར་བའི་དབོན་བཀྲ་ཤིས་བླ་མ་དང་སངས་རྒྱས་དཔོན་གཉིས་བྱུང་བའི་སངས་རྒྱས་དཔོན་པོ་གྲགས་པ་དཔལ་ཁམས་སུ་བྱོན་ནས་རབ་བྱུང་ལྔ་བའི་མེ་བྱི(སྤྱི་ལོ1276)ལོར་རི་བོ་ཆེའི་དགོན་པ་བཏབ། དེ་ནས་བཟུང་སྟག་ལུང་ཡ་ཐང་མ་ཐང་གཉིས་སུ་གྱེས་ཏེ་སྔོན་གྱི་སྟག་ལུང་ཐང་པ་དགོན་པ་ནི་སྟག་ལུང་ཡ་ཐང་དུ་གྲགས་སོ། །