དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད་

ཡོང་ཁུངས་Wikipedia

དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད།། པདྨ་འབྱུང་གནས་ཐུགས་རྗེའི་གཏེར།། བདག་གི་ཡིད་མཚོར་རྟག་ཏུ་བཞུགས།། ཐུགས་ཡིད་གཅིག་ཏུ་འདྲེས་པར་ཤོག། མ་རིག་ཉོན་མོངས་དབང་གྱུར་བས།། སྡུག་བསྔལ་གསུམ་གྱིས་གཟིར་བ་ཡི།། རྒྱུད་དྲུག་འཁོར་བའི་སེམས་ཅན་ཀུན།། ཐུགས་རྗེས་སྒྲོལ་ཅིག་གུ་རུ་རྗེ།། བདག་ཀྱང་གནས་སྐབས་ཐམས་ཅད་དུ།། ཚུལ་མིན་ཡིད་བྱེད་གཞན་དབང་གིས།། ཆོས་མིན་ལམ་དུ་མི་འཕྱན་པར།། ངེས་འབྱུང་ཁོ་ནས་རྒྱུད་བརླན་ཤོག། གང་དག་འདས་དང་མ་བྱོན་པའི།། སངས་རྒྱས་རྗེས་སུ་བདག་སློབ་ཅིང་།། བྱང་ཆུབ་སྤྱོད་པ་མཐའ་ཡས་པས།། འགྲོ་བའི་དཔལ་དུ་འགྱུར་བར་ཤོག།

ཅེས་རྫོགས་པ་ཆེན་པོའི་བསྟན་པའི་ཤིང་རྟ་ཨ་ལགས་གཟན་དཀར་མཆོག་སྤྲུལ། ཐུབ་བསྟན་ཉི་མ་རིན་པོ་ཆེས་བསྐུལ་ངོར། རྡོ་གྲུབ་ཆེན་བཞི་པར་འབོད་པས། དབྱིན་ཡུལ་དུ། ལྕགས་ལུག་ཟླ་དྲུག་པའི་ཚེས་ཉེར་གཅིག་ལ་བྲིས་པ་དགེ། །།