དཔལ་ལྡན་ལྷ་མོའི་ལོ་རྒྱུས།(ཚན་བཤུས) བེ་རི་འཇིགས་མེད།

ཡོང་ཁུངས་Wikipedia

དཔལ་ལྡན་ལྷ་མོའི་ལོ་རྒྱུས།

༼ཚན་བཤུས།༽

གདན་ས་ཆེན་པོ་འདིའི་སྲུང་མའི་གཙོ་བོ་མ་གཅིག་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་རེ་མ་ཏི་ནི། མེ་ལྕེ་འབར་བའི་རྒྱུད་ལ་སོགས་པ་རྒྱལ་བའི་མདོ་རྒྱུད་དུ་མ་ནས་ཡང་ཡང་འབྱུང་བ་ཡིན་ལ་དེ་ཡང་འདི་ལྟར་གྲགས་ཏེ། སྔཽན་གྱི་བསྐལ་བའི་དུས་སུ་བསྐལ་བཟང་རྣམ་འདྲེན་དང་པོ་འཁོར་བ་འཇིག་འཇིག་རྟེན་དུ་བྱོན་པའི་སྐབས་ལྷ་མོ་འོད་ཟེར་ཅན་ཞེས་བྱ་བའི་སྐྱེ་བ་བླངས། དགེ་བཅུའི་སྤྱོད་པ་འབའ་ཞིག་ལྷུར་བླངས། རྣམ་འདྲེན་གཉིས་པ་གསེར་ཐུབ་འཇིག་རྟེན་དུ་བྱོན་པའི་སྐབས་འདི་ཉིད་ལྷ་མོ་དཔལ་ལྡན་མ་ཞེས་པའི་སྐྱེ་བ་བླངས་ནས་ཞེ་སྡང་རང་ག་བར་སྤྱོད། །བསྐལ་བཟང་གསུམ་པ་འོད་སྲུང་གི་སྐབས་ལྷ་མོ་མགྲད༤་ཞེས་པའི་སྐྱེ་བ་བླངས་པ་དང༌། སྐབས་དེར་སྟོན་པ་ཤཱཀྱ་ཐུབ་པ་དགེ་སློང་དབང་ཕྱུག་དཔའ་བཱུའི་སྐྱེ་བ་བཞེས་ནས། སངས་རྒྱས་གསེར་ཐུབ་ཀྱི་འཁོར་དུ་འདུས་པ་ལས་སྨོན་ལམ་མཉམ་དུ་བཏབ་པའི་མཐུ་ལས། རྣམ་འདྲེན་བཞི་པ་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་འདི་ཉིད་ཚུལ་བཞིན་སྲུང་བའི་བསྟན་སྲུང་ཀུན་གྱི་གཙོ་མོར་གྱུར་པ་ཡིན་ལ། དེ་ཡང་ཚེ་སྔོན་དགེ་བཅུར་སྤྱོད་པས་མ་ཧཱ་དེ་བའི་སྲས་མོ་དང༌། ཞེ་སྡང་རང་གར་སྤྱོད་པས་སྲིན་མཱུའི་ཆུང་མར་གྱུར་པ་ཡིན་ཏེ། དོན་འདི་ལ་དགོངས་ནས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས། འོད་སྲུང་བསྟན་པའི་མཇུག་ཏུ་ལྷ་མོ་ཁྱེད། །ཉི་མའི་གཉེན་དང་སྨོན་ལམ་ལྷན་ཅིག་ཏུ། །ཞིང་འདི་ཐུབ་བསྟན་སྲུང་དང་སྤེལ་མཛད་པའི། བསྟན་སྲུང་ཀུན་གྱི་གཙོ་མོར་མངའ་གསོལ་ལོ། །ཞེས་གསུངས།། དེ་ལ་དང་པོ་ལྷ་ཆེན་མ་ཧཱ་དེ་བའི་སྲས་མོ་གྱུར་ཚུལ་དང༌། དེ་ནས་སྲིན་མཱུའི་ཆུང་མ་གྱུར་པའི་ཚུལ་ནི། སྔོན་གྱི་བསྐལ་པའི་དུས་སུ་འདོད་པའི་ཁམས་འདིར་རི་རབ་ལྷུན་པོའི་བྱང་ཤར་མཚམས་འདོད་འཇོ་དཔག་བསམ་གྱི་ཤིང༌། ལོ་མ་ལས་འདོད་ཡོན་ལྔ་དང༌། འབྲས་བུ་ལ་རིན་པོ་ཆེ་སྣ་བདུན་ལོ་ཏོག་ལྟར་སྨིན་པ། ཡལ་གའི་རྩེ་མོ་རྣམས་སུ་ཉི་ཟླ་གཟའ་སྐར་གྱི་རྒྱན་ཞིང༌། རྩེ་མོར་བྱ་ཁྱུང་ག་རུ ་ཌ་གནས་པ། རྩ་བར་ཁྲུས་ཀྱི་རྫིང་བུ་དང་ཙན་དན་གཱུ་ཤི་ཀ་ལ་སོགས་པའི་ལོངས་སྤྱོད་ཀྱི་རྩེར་སོན་པ་ལྷ་རྣམས་ཀྱི་བསོད་ནམས་ཀྱི་མཐུ་ལས་སྐྱེས་ཤིང་གྲུབ་པར་ལྷ་དང་ལྷ་མོ་རྣམས་ཀྱིས་ཅི་དགར་སྤྱོད། དེ་ལ་རི་རབ་ཀྱི་རྩ་བར་གནས་པའི་ལྷ་མ་ཡིན་གྱི་རྒྱལ་པོ་སུམ་རྩེགས་དང༌། ཐགས་བཟང་རིས་དང༌། ཧེ་རན་ན་དགེ་ཤུན་ལ་སོགས་པའི་གཙོ་འཁོར་བྱེ་བ་དུང་ཕྱུར་གནས་པ་དེ་དག་གིས་དཔག་བསམ་ཤིང་གི་རྩ་བ་ལ་ཇི་ཙམ་གཅེས་སྐྱོང་བྱེད་ནའང་འབྲས་བུ་ལ་ལོངས་སྤྱོད་པའི་སྐལ་བ་མ་བྱུང་བས། ཞེ་སྡང་གིས་ཁྲོས་ཏེ། རི་རབ་ཀྱི་རྩེ་མོ་ཆོས་བཟང་ལྷའི་མདུན་སར་ལྷགས་ནས། འདོད་རྒུ་ཡིད་བཞིན་འཇོ་བའི་གཏེར། ། ཤིང་འདིའི་རྩ་བ་སྲུང་བྱས་པས། ། འབྲས་བུའི་བགོ་སྐལ་ལྷ་དང་ནི། ། ལྷ་མིན་མཉམ་པར་དགོས་ཞེས་སྨྲས། དེ་ལ་ལྷ་རྣམས་ཀྱིས། འདོད་འཇོ་ས་བརྟོལ་ལྗོན་པའི་ཤིང༌། ། རྩ་བ་ལྷ་མིས་གནས་བརྟེན་ཀྱང༌། ། ལྷ་ཡི་བསོད་ནམས་མཐུས་གྲུབ་ཕྱིར། ། ལྷ་མིན་དག་ལ་སྟེར་མི་འོས། །ཞེས་བརྗོད་པ་དང༌། ལྷ་མིན་རྣམས་ཤིན་ཏུ་ཁྲོས་ཏེ། ། ཐུན་མོང་ལས་གྲུབ་ལྗོན་པའི་ཤིང༌། ། སྦྱིན་སྐྱེས་བུ་ལ་མི་སྟེར་ན། ། འཇིག་རྟེན་བསྲེགས་པའི་མཚོན་ཆ་ཡིས། ། ལྷ་དང་ལྷ་མིན་གཡུལ་འགྱེད་དོ། ། ཞེས་བརྗོད་དེ་ལྷ་མ་ཡིན་གྱི་གླང་ཆེན་མགོ་བོ་སོ་གསུམ་ཅན་པའི་དབུས་སུ་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་ཞོན། མགོ་བོ་ལྷག་མ་རྣམས་ལ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལ་སོགས་པའི་དཔུང་གི་སྣེ་འཁྲིད་པ་དག་གིས་ཞོན། གཞན་ཡང་ལྷ་མ་ཡིན་གྱི་དམག་དཔོན་བྱེ་བ་དུང་ཕྱུར་མང་པོས་སྣེ་འཁྲིད་དེ་དཔུང་ཚོགས་ཉི་ཟེར་གྱི་རྡུལ་དང་ཀླུང་བཞིའི་བྱེ་མའི་གྲངས་དང་མཉམ་པ་ལྷ་ཡུལ་དུ་ལྷགས་ཏེ་མཚོན་ཆ་སྣ་ཚོགས་ཀྱིས་ཆར་འབེབས་པ་ལྟར་འཐབ་པས། ལྷ་རྣམས་ཁོང་ཁྲོ་བ་ལ་གོམས་པ་མེད་སྟབས་ཁོ་བོ་ལམ་ག་ནག་པོའི་ཁ་ཆུའི་རྫིང་བུ་འཁྱིལ་བ་དག་འཐུང་བས་གཞི་ནས་ཁྲོ་བ་འཕེལ། ལྷའི་བཟོ་བོ་བིས་ཤྭ་ཀརྨས་གསེར་གྱི་གོ་ཁྲབ་བྱེ་བ་ཕྲག་དགུ་ཁྲི་དགུ་འབུམ་དང༌། བཟོ་བོ་མཧཱ་ཀྲོ་ངྷས། རལ་གྲི་དང་འཁོར་ལོ། མདུང༌། ཐོ་བ། ལྕགས་ཀྱུ། དགྲ་སྟ། རྩེ་གསུམ། ཆུ་གྲི། གྲི་གུག་སོགས་མཚོན་ཆ་བྱེ་བ་དགུ་ཁྲི་དགུ་འབུམ་བརྡུངས། ལྷའི་གླང་ཆེན་མགོ་སོ་གསུམ་ཅན་པའི་དབུས་སུ་ལྷ་དབང་བརྒྱ་བྱིན་དང༌། ལྷག་མ་རྣམས་ལ་ཁྱབ་འཇུག་སོགས་ཉེ་དབང་སོ་གཉིས་ཀྱིས་ཞོན་ཏེ་ལྷ་དམག་གི་སྣེ་དྲངས། གཞན་ཡང་ལྷའི་དམག་དཔོན་བྱེ་བ་ཕྲག་ཁྲིག་མང་པོས་སྣེ་འཁྲིད་དེ་ལྷ་མ་ཡིན་དང་གཡུལ་འགྱེད། ལྷ་མ་ཡིན་རྣམས་བསད་པའི་ཁྲག་ཐིགས་རེ་རེ་ལས་ཀྱང་གདུག་རྩུབ་ཤིན་ཏུ་ཆེ་བའི་ལྷ་མིན་ཁྲི་ཚོ་རེ་འཕེལ། ལྷ་རྣམས་ཤི་བའི་བཤུལ་ནས་འཕེལ་ཁ་མེད་སྟབས་ལྷ་མ་ཡིན་རྣམས་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བར་གྱུར། དེའི་ཚེ་དཔལ་ཆེན་ཕྱག་ན་རྡོ་རྗེས་ལྷ་རྣམས་གཡུལ་ལས་རྒྱལ་བའི་ཕྱིར་དུ་ཐུགས་ཀ་ནས་ཧཱུཾ་ཡིག་འཐིང་ནག་འོད་ཟེར་འབྲེ་བ་ཞིག་སྤྲོས་པ་ཁྱབ་འཇུག་གི་དཔྲལ་བའི་དབྱིངས་སུ་ཐིམ་པ་ལས་ལྕགས་ཀྱི་འཛེར་པ་ཞིག་ཏུ་གྱུར། དེར་བརྟོལ་བ་ལས་ལྷ་མི་སུས་ཀྱང་འགྲན་དུ་མེད་པའི་བུད་མེད་མཛེས་ཤིང་སྡུག་པ། ལྟ་ན་མཆོག་མི་ཤེས་པ་ཞིག་བྱུང་བ་དེ་ལ་ལྷ་མོ་ཨུ་མ་དེ་ཝི་ཞེས་བཏགས། ལྷ་ཆེན་པོ་ཀུན་གྱི་ཆུང་མར་འདོད་པས་ཁ་མ་འཆམ་པ་ན། ནམ་མཁའ་ནས་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྒྲ་ལས། ལྷ་རྒྱལ་ལྷ་མིན་ཕམ་པ་དང༌། ། རིགས་དྲུག་བདེ་ལ་འགོད་པའི་ཆེད།། ལྷ་མོ་ཨུ་མ་དེ་ཝི་གང༌། ། དབང་ཕྱུག་ལྷ་ལ་ཆུང་མ་བྱིན། ། ཞེས་བྱུང་བ་ལྟར། དབང་ཕྱུག་དང་གཤོས་ཤིང་འདུས་པ་ལས། མིང་སྲས་གཉིས་བྱུང་བའི་མིང་པོ་གཤིན་རྗེ་མ་ཧཱ་ཀ་ལ་དང༌། སྲིང་མོར་ལྷ་མོ་དམར་མོ་ཙན་ཏྲ་ཞེས་བཏགས། ལག་ན་རྡོ་རྗེས་བདུད་ལས་རྣམ་པར་རྒྱལ་བའི་དབང་བསྐུར། དེ་ནས་ལྷ་དང་ལྷ་མིན་གཡུལ་འགྱེད་པའི་ཚེ། མ་ཧཱ་ཀ་ལས་ལྷ་མ་ཡིན་གྱི་གཡུལ་ངོར་ལྕགས་ཀྱི་གསལ་ཤིང་རི་རབ་ཙམ་སྒྲིལ་བས། གཡུལ་ངོ་བཟློག ལྷ་དམག་རྣམས་ཀྱིས་མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ་སྟེ་ལྷ་མིན་ཁྲི་ཕྲག་མང་པོ་བསད། ལྷ་རོས་རལ་གྲི་མེ་ལྕེ་ཕྲེང་བས་ལྷ་མ་ཡིན་གྱི་དམག་དཔོན་ཧེ་རན་ཀེ་ཤུའི་མགོ་བོ་བཅད་པའི་ཐོད་པར་ལྷ་མིན་གྱི་ཁྲག་འཐུང་བས། ཁྲག་ཐིགས་ཀྱི་སྤྲུལ་པའི་ལྷ་མ་ཡིན་གྱི་དམག་གི་འཕེལ་ཁ་ཆད། ལྷ་མོ་ཙ་མུ་ཌིའི་ལྟོ་བར་ལྷ་རྣམས་ཀྱིས་རྫོང་བཅས་ནས་འཐབ་པས་ལྷ་མིན་རྣམས་ཤིན་ཏུ་ཕམ། ལྷ་རྣམས་གཡུལ་ལས་རྣམ་པར་རྒྱལ་བ་དང༌། དཔག་བསམ་ཤིང་གི་བདག་པོ་བྱས་པས། དེའི་ཚེ་ཆོས་བཟང་ལྷའི་མདུན་སར་རྣམ་པར་རྒྱལ་བའི་ཕོ་བྲང་ཡང་རང་བྱུང་ལྷུན་གྱིས་གྲུབ་པ་དང༌། ལྷ་མོ་འདིའི་མིང་ལ་དུང་དཀར་རྫོང་མ་ཞེས་གསོལ། དོན་འདི་ལ་དགོངས་ནས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས། ལྷ་དང་ལྷ་མིན་གཡུལ་འཐབ་ཚེ། ། ལྷ་མོ་ཁྱེད་ཀྱི་ལྟེ་བ་ལ། ། ལྷ་རྣམས་ཀུན་གྱིས་རྫོང་བཅས་ནས། ། ལྷ་མིན་རྣམས་ཀྱི་གཡུལ་ངོ་བཟློག ། དེས་ཕྱིར་དུང་དཀར་རྫོང་མ་གྲགས། ། ཞེས་གསུངས་སོ། དེ་ནས་ལྷ་མོ་དུས་ནམ་ཞིག་ན་ཀླུ་དུང་གི་འཛེམས་པ་ཅན་བྱ་བའི་བྱང་ཆུབ་སེམས་དཔའ་ཞིག་བྱ་ཁྱུང་ག་རུ་ཌས་བཙེས་པ་དང༌། དེ་སྐྱོབ་པའི་ཕྱིར་བྱ་ཁྱུང་བཏུལ་བས་དཀར་མོ་དུང་སྐྱོང་དུ་གྲགས། ལྷ་མོ་དུང་སྐྱོང་མ་དེ་ཉིད་རྣམ་པར་རྒྱལ་བའི་ཕོ་བྲང་འདིའི་བྱང་ཤར་མཚམས་སུ་གཞལ་མེད་ཁང་དུ་ལྷ་དང་ལྷ་མོ་མང་པོས་མཆོད་དེ་བཞུགས་སོ། །དེས་ཚེ་ལྷ་དང་སྲིན་པོ་གཡུལ་བཀྱེས་ཏེ་སྲིན་པོའི་གྲོང་ཁྱེར་འབུམ་ཕྲག་བདུན་བརླགས་པའི་ལྷག་མ་སྲིན་པོ་རྡ་ཤ་གྷི་བ་དང་སྲིང་མོ་ན་ལ་རྩེ་གཉིས་ལུས་པ་ལ། སྲིན་པོ་ངྷཤ་གྷི་བས་འཇིག་རྟེན་གྱི་ལྷ་མི་ཀུན་བསླུ་བའི་ཕྱིར་དུ། སྲིང་མོ་ན་ལ་རྩེ་ལྷ་ཆེན་མ་ཧཱ་དེ་བ་ལ་ཆུང་མ་སྟེར། མོའི་སྨོན་ལམ་མཐུ་བཙན་པས་བུ་མཱུ་ཞིག་སྐྱེས་པར་ཡབ་ལྷ་ཆེན་པོ་མ་མགུ་ནས་ཁྲོས་ཏེ་ཐལ་ཁུང་དུ་སྦས་པ་ལས་སྦས་པ་ཐལ་མདོག་ཅེས་བཏགས། ཡུམ་གྱིས་མི་ཕམ་ཁྲོ་གཉེར་མ་ཞེས་གསོལ། དཔལ་ཆེན་ཕྱག་ན་རྡོ་རྗེས་བསྟན་པ་སྲུང་བའི་དབང་བསྐུར་ཏེ་གནོད་སྦྱིན་ཤན་ནག་རེ་མ་ཏི་ཞེས་གསོལ། བར་སྣང་གི་ལྷ་ཐམས་ཅད་བརན་དུ་འཁོལ། དུང་སྐྱོང་མས་སྲིང་མོ་དམར་འདབ་ཕུར་བའི་ལྷ་ཞེས་གསོལ། དུས་ནམ་ཞིག་ན་སྲིན་པོ་ངྷ་ཤ་གྷི་བས་འཆི་བ་བརྩམས་པ་ན་སྲིང་མོ་ན་ལ་རྩེས་ཅི་ཉེས་དྲིས་པར། ལྷ་མོ་དུང་སྐྱོང་མ་ཆོ་འབྲང་དུ་འདོད་པར་བཤད། སྲིང་མོས་དེའི་ཆེད་དུ་རང་གི་བུ་མོ་རེ་མ་ཏི་ཁོལ་མོར་ཕུལ་བ་ལྟར་ལྷ་མོ་དུང་སྐྱོང་མས་བཞེས། རྗེ་ཁོལ་ཕན་ཚུན་ཤིན་ཏུ་གཤིན་པས་ཕན་ཚུན་ཅི་འདོད་པ་ཀུན་སྒྲུབ་པའི་བརོ་བོར། དེའི་ཚེ་ལང་ཀ་པུ་རིར་སྤྲེའུའི་རྒྱལ་པོ་བླྷ་ལེན་དང༌། མགྲིན་བཟང་གཉིས་རྒྱལ་སར་རྩོད་དེ་དམག་བྱེད་པར་ནམ་མཁའི་ལྷ་ཐམས་ཅད་ལྟད་མོར་ཆས་པའི་ཤུལ་དུ། སྲིན་པོ་དྷ་ཤ་གྷི་བས་གཟུགས་བཟང་ཞིང་མཛེས་པའི་མིར་སྤྲུལ་ཏེ་ལྷ་ཡུལ་དུ་བསྙེགས། གླུ་དང་རོལ་མཱུའི་འགྱུར་ཁུག་སྙན་པར་སྒྲོག་པས་ལྷ་མོ་སྒྲ་ལ་ཆགས་ཏེ་འཛུམ་བསྟན། སྲིན་པོས་ལྕགས་ཀྱི་ལྷམ་སྒྲོག་བཀྲོལ་ཏེ་དུང་སྐྱོང་མར་ཕུལ་ནས། གཟུགས་མཛེས་སྒྲ་སྙན་དྲི་བསུང་ལྡན། ། རོ་མངར་རེག་འཇམ་ཁྱེད་འདྲ་བ།། སྟོང་གསུམ་འཇིག་རྟེན་འདི་ན་དཀོན། ། དེ་སླད་འདི་ཉིད་བཞེས་པར་མཛད། །ཞེས་ཞུས་ཏེ་ཕྱིན། ཕྱིས་ནས་ཁོལ་མོ་རེ་མ་ཏི་ལ་མི་བཟང་རྟ་བཟང་དེ་ཉིད་སུ་ཡིན་གང་ནས་འོང་པའི་གཏམ་དྲིས། ཁོལ་མོས་སྲིན་པོའི་སྤྲུལ་པ་ཡིན་པའི་ཚུལ་དང་སྔོན་གྱི་བྱུང་བ་རྣམས་བརྗོད་དེ། རྗེ་མོ་ཅིས་ཀྱང་ཁོང་དང་མཇལ་བ་བྱེད་དགོས་པའི་ཚུལ་ཞུས་པས། སྔར་ནས་རྗེ་ཁོལ་གྱི་དམ་ཚིག་ཤིན་ཏུ་གཙང་བས་རང་དབང་མེད་པར་ཁས་བླངས་ཏེ་སྲིན་པོ་དང་མཉམ་དུ་བཤོས་སོ། །དེས་ཚེ་ཡུམ་ལྷ་མོ་ཨུ་མ་ཁྲོས་ཏེ། ང་ཡི་བུ་མོ་གཅེས་པ་དེ།། རིགས་ངན་སྲིན་པོའི་ཆུང་མ་བྱས། ། ཕྱིན་ནས་མདོག་ཉམས་སྲིན་པོ་བཞིན། ། མི་ཡི་ཤ་ཁྲག་ལྤགས་པ་ལ། ། ལོངས་སུ་སྤྱོད་ཅིག་དུང་སྐྱོང་མ། ། ཁོལ་མོ་རེ་མ་ཏི་ཁྱེད་ཀྱིས། ། རྗེ་མོ་བསླུས་ཏེ་སྲིན་ཡུལ་བརྫངས། ། ཕྱིས་ནས་མདོག་ཉེས་ཁྱོ་བོ་དང༌། ། ནམ་ཡང་འཕྲོད་པ་མ་གྱུར་ཅིག ། ཞེས་དམོད་བོར་བ་དང་རྗེ་ཁོལ་གཉིས་ཀར་ལྷའི་གཟུགས་ལུས་ཀྱི་མདོག་ཉམས་ཏེ་སྲིན་པོ་དངོས་ལྟར་གྱུར། རྗེ་མཱུ་སྲིན་པོ་དང་འདུས་པ་ལས་སེང་གེ་ཟླ་བ་སོགས་སྲིན་ཕྲུག་ལྔ་བརྒྱ་ཙམ་སྐྱེས་པའི་རྗེས་ངྷ་ཤ་གྷི་བ་ཚེ་ཡི་དུས་བྱས། རྗེ་མོས་ཡུགས་སའི་ཆས་ཀྱིས་སྐྲའི་ལན་བུ་གཅིག་ཏུ་བསླས། བརན་མོ་རེ་མ་ཏི་ཡང་སྲིན་པོའི་ཕག་རྫི་དུམ་བུ་བྱ་བས་བཙན་གྱིས་སྤྱོད་དེ་སྦྲུམ་མར་གྱུར། དེའི་ཚེ་རྗེ་ཁོལ་གཉིས་སྲིན་ཡུལ་དུ་སྡོད་མ་འདོད་ནས། སྲིན་པོའི་ནོར་བུ་བརྐུས་ཏེ་བོང་བུ་ལ་ཞོན་ནས་བརོས། སྲིན་དམག་གིས་དེད་ཀྱང་རྗེས་མ་བསྙེགས་པར་དུར་ཁྲོད་གཅིག་ཏུ་སླེབས། དེ་ན་གཡུལ་དུ་ཤི་བའི་སྐྱེས་པའི་རོ་སྐྱེལ་བ་ཞིག་དང་འཕྲད་པ་རྒྱ་མཚཱུའི་མཐར་རྡོ་སོལ་གྱི་མེ་ལ་བསྲེགས་ཏེ་ཟོས། །ཕྱི་ནས་ཁྱི་དཀར་པོ་ཞིག་འབྲངས་པ་དེ་ཡང་བསད་དེ་ཟོས། དེ་ནས་ཁོལ་མོ་རེ་མ་ཏི་ལ་ནལ་བུ་སྐྱེས་པ་དེ་ཡང་ཟོས། རྗེ་ཁོལ་གཉིས་ཀས་གཤིན་རྗེ་རླུང་འཁོར་ཅན་བསྒྲུབས་པས་གྲུབ་སྟེ་གཤིན་རྗེ་རླུང་གི་འཁོར་ལོས་རླུང་ནག་འཚུབ་མ་རེ་ཕུལ། དེ་ལ་ཞོན་ནས་འདི་ནས་ཚེ་འཕོས་མ་ཐག་ཏུ་གསང་སྔགས་ཀྱི་མཐུ་གྲུབ་སྟེ། སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང༌། འདོད་པ་ཁམས་ཀྱི་དབང་ཕྱུག་ཏུ་གྱུར་ཅིག ཁོལ་མོ་འདི་ཡང་ཚེ་རབས་ཀུན་ཏུ་ངའི་འབངས་སུ་གྱུར་ཅིག་ཅེས་སོགས་ཀྱི་སྨོན་ལམ་བཏབ་ཏེ་རྒྱ་མཚོ་ལ་མཆོངས། དེ་ལྟར་སྨོན་པ་དང་མི་ཤ་ཟོས་པའི་མཐུ་ལས། དུར་ཁྲོད་ཆེན་པོ་རཱུ་ཡི་ཚལ་ཞེས་པར། གཤིན་རྗེའི་ལྷ་མཐུ་རྩལ་གྱི་བུ་མོར་སྐྱེས། གཤིན་རྗེ་མ་རི་ཙེ་དང་སྦྱོར་བ་ལས་བུ་བདུད་ཁྲམ་ནག་པོ་བྱ་བ་བྱུང༌། ཁོལ་མོ་རེ་མ་ཏི་ནི་རྒྱ་མཚོ་དེའི་ནང་དུ་ཀླུ་མོ་གཞོག་སྐམ་མ་ཞེས་པ་ལུས་བོང་ཕྱེད་ཀ་སྐོམ་པའི་ཆུ་སྲིན་ཞིག་ཏུ་སྐྱེས་ཏེ་ཞག་དགུ་བཅུ་ན་ཚེ་ཡི་དུས་བྱས། དེ་ནས་ཡུལ་དྲི་ཟའི་གྲོང་ཁྱེར་གསེར་སྡིང་སྐྱེད་མོས་ཚལ་འདི་བོད་ཀྱི་ཡུལ་ཡིན་ནམ་སྙམ་དུ་བདུད་རེ་ལྡེ་གོངས་ཡག་དང༌། ཡུམ་བདུད་མོ་དབང་མེད་མ་གཉིས་ཀྱི་སྲས་མོར་འཁྲུངས། ཡབ་ཀྱིས་མཚན་ལ་སྲིད་གསུམ་བླློ་འཕྲོག་དང༌། ཡུམ་གྱིས་ཡ་མཚན་འཕྲུལ་གྱི་གཤོག་པ་ཅན་དུ་བཏགས། བྱི་བྱས་པའི་མངལ་ཕྲུག་གཞན་གྱིས་མཐོང་བ་ལ་འཚེར་ཏེ་ཐོད་པའི་སྐུ་མཁར་ནང་མི་རོ་འབུམ་གྱི་ཁྲི་ལ་བཞག་སྟེ་སྒོ་བཅད། སྲུང་བས་སྐོར་ནས་བཞག་དེའི་ཚེ་ལྷ་མོ་དུང་སྐྱོང་མས་སྔོན་གྱི་སྨོན་ལམ་གྱི་མཐུ་ལས་ཁོལ་མོ་རེ་མ་ཏི་དྲན་ཞིང་དེ་བཀུག་པའི་ཕྱིར་དུ། དཔལ་ཕྱག་ན་རྡོ་རྗེའི་གསང་སྔགས་བྱེ་བ་ཕྲག་བཅོ་བརྒྱད་བཟླས་སོ། དེའི་མཐུ་ལས་མཁའ་འགྲོ་མ་ལག་ཏུ་པདྨ་ཧེ་རུ་ཀ་ཐོགས་པ་ཞིག་རང་བྱུང་གི་བདུད་ཀྱི་ཡུལ་ཁམས་ལ་བྱིན་གྱིས་རླབས་པས་བདུད་སྡེ་ཀུན་དྲན་པ་ཉམས། བདུད་མོ་རེ་མ་ཏིས་ཀྱང་རྗེ་མོ་དུང་སྐྱོང་མ་དྲན་ནས། ཡབ་ཀྱི་མཚོན་ཆ་བདུད་ཀྱི་ཕྲམ་བམ་ནག་པོ་དང༌། ཡུམ་བདུད་མོ་དབང་མེད་ཀྱི་མཚོན་ཆ་མཚོན་གྱི་གྲུ་གུ་སྔོ་དམར་གཉིས་བསྣམས་ཏེ་བརོས། ལམ་དུ་བ་རྫི་མོ་དམངས་རིགས་བྱ་ཧ་མུ་ཞེས་བྱ་བ་དང་ཐུག་པ་དང་དེ་བསད་དེ་ཤ་རྗེན་ཟོས། ལྤགས་པ་རྐེད་པར་དཀྲིས། དེའི་གོན་པ་རས་ལྡེ་ནག་པོ་དེ་ཉིད་སྐུ་སྟོད་དུ་གྱོན། དེ་ནས་སོང་སོང་བའི་ལམ་ཁར་སྲིན་པོ་བུམ་སྣ་ཤི་བའི་ཁྲག་ནད་ཀྱི་རྫིང་བུར་གྱུར་ཏེ་འཁྱིལ་བ་ལ་སྐམ་ནས་འཐུང་བས་ཁ་རླུང་ཐམས་ཅད་ནད་དུ་གྱུར། དེ་ལ་ཡ་མཚན་ཏེ་སྔར་གྱི་བ་རྫི་མཱུའི་མི་ལྤགས་རྐེད་པ་ནས་བཀྲོལ་ཏེ། ནད་རྫིང་གིས་བཀང་ནས་སྦྲུལ་གྱིས་ཁ་བཅིངས། དེ་ནས་སོང་བ་དང་བཙན་སྐྱ་རྡོ་རྗེ་ཟླ་བ་དང་ཕྲད་པ་ལ་དགའ་མགུ་སྤྱད་པའི་རིན་དུ། གང་དུ་བོར་བ་དེ་འཕུང་བར་འགྱུར་བའི་ཤོ་རྡེའུ་དཀར་ནག་གཉིས་བླངས། གྲོང་ཁྱེར་སྦྲང་ལྡན་དུ་སླེབས་པ་དང་ལྟོགས་ཏེ་རྒྱལ་པོ་སེང་གེ་བཙལ་ལ་བསོད་སྙོམས་སློང་བས་སྦྲང་རྩི་ལྷུང་གཟེད་གང་ཕུལ་བར་མཛད་པའི་ཧབ་སྦྲིད་ཐེབས་པའི་མཆིལ་མ་འཐོར་དེ་ཟོས་པ་དང་བར་སྣང་ནས་ལྷ་རྣམས་ཀྱིས། །བདུད་མོ་ཆེན་མོ་རྒྱལ་པོའི་བརན་ཁོལ་གྱི་ཁ་འཕྲོ་འཐུང་ངམ། ཁྱེད་ཀྱི་ཆེ་བ་ཉམས་པར་མི་འགྱུར་རམ། ཞེས་པའི་སྒྲ་བྱུང༌། དེ་ལ་བདུད་མོ་རེ་མ་ཏི་ཁྲོས་ཏེ་ནད་ཀྱི་རྐྱལ་པ་ཁ་ཕྱེས་པས་རིམས་ནད་སྣ་ཚོགས་ཀྱིས་ཁྱབ། རྒྱལ་པོས་འགྱོད་བཤགས་སུ་དཀོར་ནོར་མང་པོ་ཕུལ་བས་གཞི་ནས་ནད་རིམས་ཀྱི་འཕྲོ་བཅད། དེ་ནས་སོང་སོང་བས་རྒྱ་མཚཱུའི་འགྲམ་དུར་ཁྲོད་ཆེན་པོ་རོ་ཡི་ཚལ་དུ་ཇོ་མོ་དུང་སྐྱོང་མ་དང་འཕྲད། ཇོ་མོའི་བཞོན་པ་སྲིན་པོའི་བོང་བུ་གྭ་དམར་དང༌། རྒོད་མ་རླུང་གི་གཤོག་པ་ཅན་གཉིས་སྤྲད་པ་ལས་བྱུང་བའི་དྲེའུ་རླུང་གཤོག་ཅན་ལ་རྒྱུ་མཐུར་དང་ཟངས་སྒ་སྤྲས་ཏེ་ཁོལ་མཱུའི་བཞོན་པ་བྱས། རྗེ་ཁོལ་གཉིས་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་ཡ་མ་ཟུང་གིས་སྲིད་པ་གསུམ་གྱི་སེམས་ཅན་ཟད་ཅིང་སྟོང་ལ་ཉེ་བའི་བར་དུ་བསད་ཅིང་ཤ་ཁྲག་རུས་པར་བཟའ་བ་དང་བཅའ་བ་བཏུང་བ་བྱས། རྗེ་ཁོལ་གཉིས་ཀར་ལྷ་ཡི་སྤྲུལ་པ་དང༌། བདུད་ཀྱི་ཆོ་འཕྲུལ། སྔགས་ཀྱི་ནུས་མཐུ། བཞོན་པའི་བང་ཤུགས། མཚོན་གྱི་རྣོ་དབའ། སྨོན་ལམ་གྱི་མཐུ་སོགས་བསམ་གྱིས་མི་ཁྱབ་པ་མངའ་བས་ལྷ་ཀླུ་མཐུ་བོ་ཆེ་སུས་ཀྱང་འགྲན་དུ་མི་བཟོད་པར། འཇིག་རྟེན་མོའི་མཁའ་འགྲོ་མ་དང༌། ཤུགས་འགྲོ་མ། བདུད་མོ་དང་སྲིན་མོ་སོགས་འཇིག་རྟེན་གྱི་མཐུ་བོ་ཆེ་ཀུན་བརན་དུ་མཆི་བར་ཁས་བླངས། ཇོ་མོས་ར་ཧུ་ལ། སྲིན་པོ་སྒྲ་ལྡན། གཤིན་རྗེ་མ་རུ་རྩེ། བདུད་འཆར་ཁ་ནག་པོ། ཀླུ་ཀུན་ངྷ་ཁྱོ་བོ་བསྟེན། ཁོལ་མོས་འབྱུང་པོ་དགེ་བ་དང༌། བགེགས་བི་ན་ཡ་ཀ །གནོད་སྦྱིན་ཡ་ཀྵ་ལ། རླུ་བ་ཡེ་བླྷེ་བཞི་ཁྱོ་བོར་བསྟེན་ནས་ཉིན་མོར་མཆན་ཁུངས་སུ་སྦས་ཞིང་མཚན་མོར་དུར་ཁྲོད་རྣམས་སུ་འཁྱུད་དེ་སྦྱོར། དེའི་ཚེ་བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་ཏེ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན། ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་ན་ལྷ་མོ་དུང་སྐྱོང་མ་སྔོན་གྱི་སྨོན་ལམ་གྱི་མཐུ་བརྟས་ཏེ་རྗེ་ཁོལ་གཉིས་སྟོན་པའི་སྤྱན་སྔ་འཁོད་དེ་བསྟན་པ་སྲུང་བར་ཁས་བླངས་སྲོག་གི་སྙིང་པོ་ཕུལ་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། ཨ་སུ་རའི་བྲག་ཕུག་ཏུ་བརམ་ཟེ་མཆོག་སྲེད་པ་དང་མཉམ་དུ་ཨེ་ཀ་ཛ་ྜྲིའ་རལ་གཅིག་མ་བསྒྲུབས་པས་འགྲུབ་སྟེ་ཞལ་གཟིགས། རྗེ་མོ་ལ་མ་ཧཱ་ཀ་ལི་དང༌། ཁོལ་མོ་ལ་ཨཀྵ་རེ་མ་ཏིའ་ཞེས་གསོལ། བསྟན་པའི་སྡེ་དང༌། ད་རི་སྡེ་ཞེས་པའི་དགེ་སློང་ཕ་མ་གཉིས་སྡོམ་ཁྲིམས་ཉམས་ནས་རྒྱལ་པོའི་ཆད་པས་བསད་པ་ལས། སྨོན་ལམ་ལོག་སྟེ་བདུད་ཕོ་དང་དགེའུ་རི་དང༌། བདུད་མོ་རོ་ཤ་ཁ་འདར་གཉིས་སུ་སྐྱེས་ནས་ཡུལ་གྱི་མི་རྣམས་རྫོགས་ལ་ཉེ་བར་ཟོས་པ་དེ་གཉིས་བསྒྲལ། ས་ཡི་ལྷ་མོ་བརྟན་མས་ནམ་གྲུ་མཆེད་བརྒྱད་འབངས་སུ་ཕུལ། དེ་ནས་སྲིན་ཡུལ་དུ་དམག་དྲངས་ཏེ་སྲིན་པོ་ཡཀྵ་གོ་རུ་བསྒྲལ་ཏེ་དེའི་མགཱུ་ཡིས་སྒ་དང་ལྤགས་པས་ཁེབས་བྱས། དེ་ནས་ཁྲོ་བོ་རྟ་མགྲིན་བསྒྲུབས་པས་འགྲུབ་སྟེ་ཞལ་མངོན་སུམ་དུ་མཐོང༌། ཕྱག་རྒྱ་ཆེན་པོའི་དབང་བསྐུར་ཏེ་ལས་ཀྱི་ལྷར་བྱིན་གྱིས་བརླབས། རྗེ་མོ་ལ་དཔལ་ལྡན་ལྷ་མོ་ནག་མོ་དང༌། ཁོལ་མོ་ལ་གློག་དམར་སྤྲིན་ལྡན་དུ་བཏགས། འདི་ལ་དགོངས་ནས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས། རྟ་མགྲིན་རྒྱལ་པོས་མཚན་བཏགས་པ། ། གློག་དམར་སྤྲིན་ལྡན་གཤེགས་སུ་གསོལ། །ཞེས་གསུངས། ལྷ་མོ་རྗེ་ཁོལ་གཉིས་ཀྱིས་ཀྱང་སྲོག་གི་སྙིང་པོ་ཕུལ་ཏེ་བསྟན་པ་སྲུང་པ་ཁང་བླངས། དེའི་ཚེ་སྔོན་ཡུམ་ཨུ་མ་དང་ན་ལ་ཙེ་གཉིས་ཀྱིས་རང་རང་གི་བུ་མོ་དྲན་ཏེ་སྲིན་ལག་གི་རྩེ་ལ་ནུ་ཞོ་བསྐུས་ནས་གཏོར་ཏེ་བོས་པས་རིན་པོ་ཆེའི་རྨ་བྱ་དང༌། བྱ་དེ་ནག་པོ་ནོར་སྐལ་དུ་བརྫངས། དེ་ནས་རྗེ་ཁོལ་གཉིས་ཀྱིས་དུར་ཁྲོད་རོ་ཁང་ནག་པོའི་དབུས་སུ་དཔལ་ཕྱག་ན་རྡོ་རྗེ་བསྒྲུབས་པས་གྲུབ་སྟེ་ཞལ་མངོན་སུམ་དུ་གཟིགས། དཔལ་རྟ་མགྲིན་གསང་འདུས་པ་དང་ཁྲག་འཐུང་ཧེ་རུ་ཀ་ལ་སོགས་པའི་དབང་དགུ་བསྐུར་པ་དང་འཇིག་རྟེན་གྱི་ཁམས་འདི་ས་རྣམ་པར་དྲུག་ཏུ་གཡོས། དཔལ་ཕྱག་ན་རྡོ་རྗེ་རྗེ་མོ་ལ་དཔལ་མ་ཧཱ་ཀ་ལི་དང༌། ཁོལ་མོ་ལ་གནོད་སྦྱིན་གཤན་པ་ནག་པོ་ཞེས་སུ་བཏགས། འདི་ལ་བརྟེན་ནས་རྗེ་དགེ་འདུན་རྒྱ་མཚོས། ཕྱག་ན་རྡོ་རྗེས་མཚན་གཏགས་པ། གནོད་སྦྱིན་གཤན་ནག་རེ་མ་ཏིའ། ཞེས་གསུངས་སོ། རྗེ་ཁོལ་གཉིས་ཀས་སྲོག་སྙིང་ཕུལ་ཏེ་བསྟན་པ་སྲུང་པ་ཁས་བླངས་དང་དམ་བསྒྲགས་བྱས། མཐུ་སྟོབས་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་མངའ་བས་འདོད་པའི་ཁམས་ཀྱི་དབང་ཕྱུག་ཏུ་གྱུར་བ་དང༌། ཚངས་པས་རྨ་བྱའི་གཙུག་ཕུད་ཕུལ་བ་དབུ་གདུགས་ཏུ་མཛད། ཁྱབ་འཇུག་གིས་ཉི་མ་དང་ཟླ་བ་ཕུལ་བ་ལྟེ་བ་དང་དབུ་ལ་རྒྱན། རྒྱལ་ཆེན་རྣམ་ཐོས་སྲས་ཀྱིས་སེང་གེ་ཕུལ་བ་སྙན་གཡས་ཀྱི་རྒྱན་དུ་བྱས། ཀླུ་རྒྱལ་པོ་དགའ་བཱུ་ཡིས་སྦྲུལ་གྱི་གདེངས་ཀ་ཕུལ་བ་སྙན་གཡོན་གྱི་རྒྱན་དུ་འཆང༌། སྲིན་པོ་དང་ཤ་ཟ་རྣམས་ཀྱི་ཁྲག་ཞག་དང་ཐལ་ཆེན་ཕུལ་བ་སྐུ་ལ་རྒྱན། དུས་བཞིའི་ལྷ་མོ་དང༌། མ་མོ་དང༌། བདུད་དང༌། གཤིན་རྗེ་དང་སྲིན་པོ་དང༌། གཟའ་དང༌། རྒྱུ་སྐར་ལ་སོགས་པའི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་བརན་དུ་འདུས་ཏེ་སྲིད་པ་གསུམ་ན་འགྲན་པའི་ཟླ་དང་བརལ་བར་གྱུར། །དེའི་ཚེ་ཁོལ་མོ་རེ་མ་ཏི་ནི་མ་གཅིག་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་རེ་མ་ཏིའ་འདི་ཉིད་ཡིན་ལ། རྗེ་ཁོལ་འདི་ཉིད་རྣམ་པར་ཐ་དད་པ་ཙམ་ལས་དོན་དུ་སྒེག་པའི་རྡོ་རྗེ་མཚན་བརྒྱད་འགྲེལ་བ་ལས། གཅིག་པུ་ཉིད་ཀྱིས་དུ་མའི་གར་ཤར་བ། ཞེས་གསུང་པ་དང་མཐུན་པ་ངོ་བོ་གཅིག་པ་སྣང་ཞིང་ངེས་པའི་དོན་དུ་ནི་རྒྱལ་ཀུན་གསུང་གི་དབང་ཕྱུག་དབྱངས་ཅན་མ་དྲག་ཏུ་ཁྲོས་པའི་རྣམ་པར་གསུངས་ཏེ། རྗེ་དགེ་འདུན་རྒྱ་མཚོས། དུས་གསུམ་རྒྱལ་བའི་ཡུམ་གཅིག་དབྱངས་ཅན་མ། ། གདུག་པ་འདུལ་ཕྱིར་དྲག་མཱུའི་སྐུར་བསྟན་ཀྱང༌། ། ས་བཅུའི་དབང་ཕྱུག་མཁྱེན་བརྩེའི་གཏེར་ཆེན་དུ། ། ཡིད་ཆེས་གསོལ་འདེབས་བླ་མེད་བསྟན་ཆོག་འདིས། །ཞེས་གསུངས་པ་དང༌། དེ་ཡང་རྒྱུད་སྡེ་ཕན་ཚུན་གུང་བསྒྲིག་ན། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། རྡོ་རྗེ་ཕག་མོ། གསང་བ་ཡེ་ཤེས་མཁའ་འགྲོ། རྗེ་བཙུན་སྒྲོལ་མ། དབྱངས་ཅན་མ་ལ་སོགས་པའི་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བ་དང་སྡུད་པའི་བྱེད་པོ་དམ་པར་གྱུར་པ་དེ་དག་དོན་ལ་ངོ་བོ་གཅིག་ཅིང༌། གདུག་པ་འདུལ་བ་དང་འཕྲིན་ལས་སྩོལ་བའི་སྤྲུལ་པ་སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཌྲི་དང༌། དུད་སོལ་མ། དཔལ་ལྡན་ལྷ་མོ་ནག་མོ་ཁྲོས་མ། མ་མོ་སྲིད་པའི་རྒྱལ་མོ། དུང་སྐྱོང་རྒྱལ་མོ། ཙ་མུན་ྜྲི། དུས་མཚན་མ། པར་ཎ་ཤ་བ་རིའ། ཡཀྵ་ནག་མོ་རེ་མ་ཏིའ། ཁོལ་མོ་རེ་མ་ཏི་ལ་སོགས་པ་མིང་བརྒྱ་དང་མཚན་སྟོང་གིས་བསྙད་པ་ཤིན་ཏུ་མང་ཡང་དོན་ལ་སྤྲུལ་གཞི་གཅིག་གི་སྤྲུལ་པའི་སྤྲོ་བསྡུ་ཙམ་དུ་ངེས་ཏེ། འདིའི་ཁུངས་ནི་མེ་ལྕེ་འབྲེ་བའི་རྒྱུད་དང༌། ཁྲོས་མ་ནག་པོའི་གསང་བའི་སྙིང་རྒྱུད་དང༌། གཤན་པ་ནག་པོའི་རྒྱུད་སོགས་མདོ་རྒྱུད་དུ་མ་ནས་ཡང་ཡང་གསུངས་པ་དང༌། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དང༌། བསོད་ནམས་རྒྱ་མཚོ། རྗེ་དྲུང་བླློ་བཟང་འཕྲིན་ལས་སོགས་ཀྱི་གསུང་རྩོམ་རྣམས་སུ་མདོ་རྒྱུད་ནས་གསུང་པའི་དོན་གྱི་སྙིང་པོ་བསྡུས་ནས་བཀོད་སྣང་ངོ༌། ། བསྟན་སྲུང་ཁྱད་པར་ཅན་འདི་ཉིད་རྡོ་རྗེ་འཆང་གིས་གྲུབ་ཆེན་ས་ར་ཧ་ལ་གནང་ཞིང་དེས་སྒྲུབ་སྐོར་དང་ལས་ཚོགས་མཛད། དེ་ནས་རིམ་གྱིས་ཕ་དམ་པ་སངས་རྒྱས་ཀྱིས་བོད་དུ་སྤྱན་དྲངས་པའི་ཆོས་སྐོར་ཞིག་དང༌། ཡང་རྒྱལ་བ་རྡོ་རྗེ་འཆང་གིས་ཨཙཱ་རྱ་དམར་པོར་གསུངས་པ་དང༌། དེས་ལྕེ་འབྱུང་གནས་བཟང་པོ་དང༌། དེ་ནས་རིམ་པར་བཞིན་སྣུབས་རྒྱལ་བ་ཡེ་ཤེས་དང༌། ཞང་ཤེས་རབ་བླ་མ། སྲས་དགེ་འདུན་བཟང་པོ། སྲས་འོད་པོ་ཆེ། སྲས་རྡོ་རྗེ་རྩེ་མོ། ཞང་དིང་རི་བ་ཉི་མ་འོད། བསྟན་བཟང་པ་རིན་ཆེན་རྣམ་རྒྱལ། བསམ་གླིང་པ་རིན་པོ་ཆེ་སངས་རྒྱས་འབྱུང་བ། འཇམ་དབྱངས་འཁོན་སྟོན། བྱང་སེམས་རིན་ཆེན་མགོན། བླ་མ་ཉི་མ་བཤེས་གཉེན། རྟོག་གེ་བ་ནམ་མཁའ་རྡོ་རྗེ། འཇམ་དབྱངས་དཀར་པོ་དཔལ་ལྡན་རྡོ་རྗེ། རིན་པོ་ཆེ་ཆོས་བཟང་པོ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོ། རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན། དེ་ནས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ལ་བརྒྱུད་པ་སྟེ་རྗེ་འདི་ལ་སྐུ་ན་ཆུང་དུས་ནས་འདོད་ཁམས་བདག་མཱུའི་འཕྲིན་ལས་ཀྱི་འཇུག་པ་མྱུར་མོས་ཉིན་མཚན་ཀུན་ཏུ་བྱ་ར་བྱེད་པ་དང༌། རང་གི་ཡབ་རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན་ལས་འདོད་ཁམས་བདག་མོའི་སྒྲུབ་ཐབས་མན་ངག་ཆ་ལག་དང་བཅས་པ་བུམ་པ་གང་བྱོས་ཚུལ་དུ་གསན། སྐུ་ན་སོན་པའི་རྗེས་འཇམ་དབྱངས་དགའ་བའི་བླློ་གྲོས་ཀྱིས་གངས་ཅན་ཀྱི་ན་ལན་དྲ་དཔལ་ལྡན་འབྲས་སྤུངས་སུ་གདན་དྲངས་པ་དང༌། ལྷ་མཱུའི་བླ་མཚཱུའི་གནས་སྒོ་ཕྱེས། ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་བཞེངས། དཔལ་ལྡན་འབྲས་དཀར་སྤུངས་པའི་མཁན་ཁྲིར་ཕེབས་པ་ནས། དཔལ་ལྡན་ལྷ་མོ་འདི་ཉིད་ཀྱང༌། སྒོས་སུ་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་སྲུང་མ་དང༌། སྤྱིར་གདན་ས་འབྲས་སྤུངས་པའི་སྲུང་མ་གཙོ་བོ་གྱུར་པ་ཡིན་ལ། གནམ་སའི་དབང་ཕྱུག་གོང་ས་སྐུ་ཕྲེང་ལྔ་པ་ཐམས་ཅད་མཁྱེན་པ་ངག་དབང་བླློ་བཟང་རྒྱ་མཚཱུའི་སྐུ་རིང་ལ་བོད་ཤིང་སྒོ་ཅན་ཡོངས་རྫོགས་གཞུང་ས་དགའ་ལྡན་ཕོ་བྲང་པའི་མངའ་འབངས་སུ་གྱུར་ནས་བཟུང༌། ལྷ་མོ་འདི་ཉིད་ཀྱང་སྒོས་སུ་འབྲས་སྤུངས་པའི་སྲུང་མ་དང་སྤྱིར་གཞུང་བསྟེན་སྲུང་མའི་གཙོ་བོ་གྱུར་པ་ཡིན་ནོ། དེ་ལྟར་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྲུང་མའི་གཙོ་བོར་མངའ་གསོལ་བའི་ལྷ་མོ་འདི་ཉིད་གོང་ས་སྐུ་ཕྲེང་རིམ་བྱོན་གྱི་འཕྲིན་ལས་དང༌། གདན་ས་འབྲས་སྤུངས་པའི་གྲྭ་རྒྱུན་གང་དུ་མཆེད་པ་དེ་ཀུན་རིམ་གྱིས་དར་ཏེ་བོད་མདོ་དབུས་སྐོར་གསུམ་དུ་མ་ཟད་རྒྱ་སོག་གི་ཡུལ་དུའང་སྲུང་མ་འདི་ཉིད་བསྟེན་སྲོལ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར། ཚོགས་ཆེན་དུ་མང་ཇའི་སྐབས་ལྷ་མཱུའི་འཕྲིན་བཅོལ་རྒྱུན་འདོན་དང༌། ལོ་གཅིག་ལ་གཏོར་འབུལ་རྟ་ཆེན་ཐེངས་གཉིས་རེ་ཆག་མེད་གཏོང་སྲོལ་ཡོད་ལ། སྲུང་མའི་གཙོ་བོ་འདི་ཉིད་ཀྱིས་ཞི་དྲག་གི་འཕྲིན་ལས་སྒྲུབ་པའི་ཡ་མཚན་གྱི་གཏམ་རྒྱུད་ཀྱང་ཤིན་ཏུ་མང་ཡང་འདིར་མངས་སུ་དོགས་ནས་མ་བྲིས། དཔལ་ལྡན་ལྷ་མཱུའི་འཁོར་དུ་གྱུར་པ་ཚེ་རིང་མཆེད་ལྔ་བསྟན་མ་བཅུ་གཉིས་སྤྱི་དང་སྒོས་སུ་རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ་འདི་ཉིད་གདན་ས་འདིའི་སྲུང་མའི་གཙོ་བོར་མངའ་གསོལ་བ་གསལ་ཏེ། དེ་ཡང་ཚེ་རིང་མཆེད་ལྔ་ནི་རྗེ་དྲུང་པདྨ་བཞད་པའི་རྡོ་རྗེས། ཇོ་མོ་བཀྲ་ཤིས་ཚེ་རིང་མ་སོགས་མཆེད་ལྔ་ནི་བརྟན་མ་བཅུ་གཉིས་ཀྱི་ཁོངས་སུ་མ་འདུས་པ་མེད་ཀྱང༌། ཡབ་ལྷོ་ལྷ་འཐེང་པོ་དང༌། ཡུམ་འབྲང་ཡུལ་སྨན་གཅིག་མར་མིང་པོ་བདུན་དང༌། སྲིང་མོ་ལྔ་འཁྲུངས་པའི། །སྲིང་མཱུའི་དང་པོ་བཀྲ་ཤིས་ཚེ་རིང༌། གཉིས་པ་མཐིང་གི་ཞལ་བཟང༌། །གསུམ་པ་མི་གཡོ་གླང་བཟང་སྟེ་མི་གཡོ་བླློ་བཟང་དུའང་གྲགས། བཞི་པ་ཅོད་པན་མགྲིན་བཟང༌། ལྔ་པ་གཏད་དཀར་འགྲོ་བཟང་སྟེ། དང་པོས་ཚེ་སྩོལ། གཉིས་པས་པྲ་སྟོན། གསུམ་པས་ཟས། བཞི་པས་ནོར། ལྔ་པས་རྐང་བཞིའི་དངོས་གྲུབ་སྩོལ་བར་མཛད་ཅིང༌། རྡོ་རྗེ་གདན་གྱི་བྱང་ཕྱོགས། བལ་བོད་གཉིས་ཀྱི་ས་མཚམས། གངས་མཐོན་མཐིང་རྒྱལ་མཱུའི་གནས་སུ་བཞུགས་ཏེ། མི་ལ་བཞད་པའི་རྡོ་རྗེས་མཛད་པའི་གཏོར་ཆོག་ལས། རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། ། བལ་བོད་གཉིས་ཀྱི་ས་མཚམས་ན། ། གངས་དཀར་ཤེལ་གྱི་ཅོད་པན་ཅན། །ཞེས་དང༌། ཁྱོད་ཀྱི་ཆོ་དང་འབྲང་སྨོས་ན། ། ཡབ་ནི་ལྷོ་ལྷ་འཐེང་པོ་ཡིན། ། ཡུམ་ནི་འབྲང་ཡུལ་སྨན་གཅིག་མ། ། མིང་པོ་བདུན་ལ་སྲིང་མོ་ལྔ།། ། ལྔ་ཚོགས་དབུས་ཀྱི་གཙོ་མོ་སྟེ། །ཞེས་གསུངས། །ཞེས་འབྱུང་བ་ལྟར་ཡིན་ལ།། བསྟན་མ་བཅུ་གཉིས་ཀྱང༌། བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང༌། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང༌། །འབྲེོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །བདུད་མོ་བཞི། གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་གླང་མོ་ཆེ། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། གནོད་སྦྱིན་མ་བཞི། ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༌།། བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ། །སྨན་བཙུན་ཆེན་མོ་རྡོ་རྗེ་གཡའ་མ་སྐྱོང༌། །གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ། སྨན་མོ་བཞི་བཅས་ཡིན་ལ། དེ་དག་གི་ནང་ནས་བསྟན་སྲུང་རྡོ་རྗེ་དྲག་མོ་རྒྱལ་ནི། ཡུལ་རྨ་ཡུལ་ཐང་བརྒྱད་དང་དབུ་རུ་སྙིང་པོ་དང༌། སྤོམ་རའི་རྨ་ཆེན་མགུལ་དུ་སྤོམ་རའི་སྲིང་མོར་འཁྲུངས། གདུང་རུས་རྨ་བཟའ། སྐུ་མདོག་དཀར་མོ་བེ་ཅོན་དང་རིན་པོ་ཆེའི་གཞོང་པ་འཛིན་པ། འཕར་བ་ལ་ཆིབས་པ་དང༌། རེས་འགའ་གཡག་ལྤགས་སྟོང་གི་སློག་པ་དང༌། ཁྱུང་གཤོག་སྟོང་གི་ཤམ་ཐབས་གསོལ་ཞིང་མཆོང་གི་ཕུར་པ་བསྣམས་ཏེ་འབྲེོང་བུ་རྭ་གུག་ལ་ཆིབས་པ། ཕྱག་ན་མཆོང་གི་ཕུར་པ་བསྣམས་ཏེ་ཉི་འོད་མ་བདུན་གྱི་འཁོར་དང་བཅས་པ། རེས་འགའ་དབུ་རུ་དང་སྙེ་མཱུའི་མཚམས་སུ་སྐུ་མདོག་དཀར་མོ་གསེར་གཡུའི་ཐོད་གདེངས་ཅན་ན་བཟའ་སྨུག་ནག་གསོལ་བ། རེས་འགའ་མུ་ཏིག་གི་ཐོར་ཚུགས་སྤྲས་ཏེ་སྨན་ཤ་ཡུ་མོ་ལ་ཆིབས་པ། ཤ་ཟ་འབུམ་གྱིས་བསྐོར་བ། རེས་འགའ་སྐུ་མདོག་ལྗང་ཁུ་མེ་ལོང་དང་ཏིང་ཤག་བསྣམས་ཏེ་འབྲེོང་གཡག་ལ་ཆིབས་པ། རེས་འགའ་སྐུ་མདོག་ལྗང་སེར་རང་མདོག་གི་བེར་ཅན་མི་སྙིང་གཡང་གི་གཞོང་པ་ཐོགས་ཏེ་མི་དྲེད་ནག་པོ་ལ་ཆིབས་པར་སྟོན་ཏེ། མཁྱེན་བརྩེའི་བརྟན་མའི་སྲོག་གཏད་ལས། ཡུལ་ནི་རྨ་ཡུལ་ཐང་བརྒྱད་ན༔ རྨ་ཆེན་སྤོམ་རའི་སྲིང་གཅིག་མོ༔ གདུང་རུས་གཉན་ཏེ་རྨ་བཟའ་མོ༔ བྱང་གི་ཏིང་ཏིང་ཏིང་མོ་བཙུན༔ གཡག་ལྤགས་སྟོང་གི་སློག་པ་ལ༔ ཁྱུང་གཤོག་སྟོང་གི་ཤམ་ཐབས་ཅན༔ ཆིབས་སུ་འབྲེོང་བུ་རྭ་གུག་ཆིབས༔ ཕྱག་ན་མཆོང་གི་ཕུར་པ་བསྣམས༔ ཉི་འོད་མ་བདུན་འཁོར་དང་བཅས༔ ཞེས་པ་དང༌། ཉང་གཏེར་གཡུལ་བཟློག་ལས། རྨ་ཆེན་སྤོམ་རའི་སྲིང་གཅིག་གསང་བའི་མཚན༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ སྐུ་མདོག་དཀར་གསལ་རིན་ཆེན་དར་ཟབ་མཛེས༔ བེ་ཅོན་དང་ནི་རིན་ཆེན་གཞོང་པ་འཛིན༔ འཕར་བ་ཆིབས་ནས་བསྟན་པའི་བྱ་ར་མཛད༔ ཅེས་པ་དང༌། ལས་རྒྱ་མཚཱུའི་རྒྱུད་ལས། རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ བེར་ལྗང་གྱོན་ནས་ཕྱག་ན་ཙིསྒྲྣ་བསྣམས༔ མི་དྲེད་ནག་པོ་ཞོན་ནས་དམ་ཉམས་འགུགས༔ གློ་བུར་སེམས་ཀྱི་ཡེ་འདྲོགས་ཞི་བའི་ཕྱིར༔ རྨ་ཆེན་སྤོམ་རའི་གནས་ནས་གཤེགས་སུ་གསོལ༔ ཞེས་དང༌། སྟག་ཤམ་གཏེར་བྱོན་ལས། དབུས་ཀྱི་སྙིང་པོར་མ་ཏིང་ཏིང་མོ་བཙུན༔ སྐུ་མདོག་ལྗང་སྔོན་འབྲེོང་ཆེན་གཡག་ལ་ཆིབས༔ མེ་ལོང་དང་ནི་ཏིང་ཤག་རོལ་མོ་བསྣམས༔ ཞེས་དང༌། རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ སྐུ་མདོག་ལྗང་སེར་མི་དྲེད་ནག་པོ་ཆིབས༔ ལྗང་སེར་བེར་གྱོན་མི་སྙིང་གཡང་གཞོང་ཐོགས༔ ཞེས་པ་དང༌། གཏེར་བྱོན་གཞན་ལས། ཡུལ་གཅིག་དབུ་རུ་སྙེ་མཚམས་ན༔ རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ དཀར་མོ་གསེར་གཡུའི་ཐོད་གདེངས་ཅན༔ ན་བཟའ་སྨུག་ནག་འབྲེ་བ་གསོལ༔ ཞེས་པ་དང༌། གཏེར་བྱོན་མདོས་ཆོག་ལས། གསང་མཚན་རྡོ་རྗེ་དྲག་མོ་རྒྱལ༔ ན་བཟའ་ཅིར་ཡང་མ་ངེས་ཏེ༔ མུ་ཏིག་དཀར་མཱུའི་ཐོད་ལྡེམ་ཅན༔ འཁོར་ནི་ཤ་ཟ་འབུམ་གྱིས་བསྐོར༔ ཆིབས་སུ་སྨན་ཤ་ཡུ་མོ་བཅིབས༔ ཞེས་དང༌། ྋགོང་ས་ལྔ་པས། ཁམས་ཀྱི་རྨ་ཆེན་སྤོམ་རའི་མགུལ༔ བྱང་གི་ཏིང་ཏིང་ཏིང་མོ་བཙུན༔ གསེར་མོ་ལས་མན་གསང་མཚན་དུ༔ རྡོ་རྗེ་དྲག་མོ་རྒྱལ་ཞེས་བཏགས༔ ཞེས་གསུངས། བརྒྱགས་བརྔན་ལས། ཡུལ་གཅིག་དབུ་རུ་སྙིང་པོ་ཡི༔ བྱང་གི་མ་ཏིང་ཏིང་མོ་བཙུན༔ ཆིབས་སུ་འབྲེོང་འགྱིང་གྭ་པ་བཅིབས༔ ཞེས་པ་ཡང་འདི་ཉིད་དོ། ། རང་རེའིགདན་སའི་གཏོར་འབུལ་དུ། ཨོཾ་གངས་རིས་བསྐོར་བའི་བོད་ཡུལ་རྡོ་རྗེ་གདན། །དཔལ་ལྡན་འབྲས་སྤུངས་མཁས་གྲུབ་འདུས་སྡེ་ཆེའི། །རྒྱབ་རི་ལྷུན་ཆགས་མཛེས་སྡུག་ཕོ་བྲང་ནས། །སྤྲོས་དང་བརལ་ཡང་ཀུན་རྫོབ་ཅིར་ཡང་བཀྲ། །ཞི་བ་བརྙེས་ཀྱང་གདུག་པ་དྲག་ཤུལ་འཆང༌། །རྣལ་འབྱོར་སྡོང་གྲོགས་ཉིན་མཚན་ཐམས་ཅད་དུ། །མི་གཡོ་དཔལ་ལྡན་རྡོ་རྗེ་དྲག་རྒྱལ་མ། །བསྟན་སྲུང་དབང་མོ་འཁོར་བཅས་གཤེགས་སུ་གསོལ། །མདུན་དུ་ཏིང་འཛིན་དཀྱིལ་འཁོར་དབང་པོའི་གཞུས། །འཁྱུད་དབུས་ཤ་བའི་སྟེང་དུ་ཟླ་ཤེལ་ལྟར།། སྐུ་མདོག་རབ་དཀར་མེ་ལོང་ཞགས་པ་གཡས། གཡོན་པས་ལྕགས་ཀྱུ་བསྣམས་ཏེ་བརྟན་པར་བཞུགས། །ཞེས་འབྱུང་བ་ལྟར་གནས་ཀྱི་ཁྱད་པར་གངས་ཅན་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་འབྲས་སྤུངས་ཀྱི་རྒྱབ་རི་ལྷུན་ཆགས་མཛེས་སྡུག་ཕོ་བྲང་དུ། སྐུའི་ཁྱད་པར་དྲག་ཤུལ་གྱི་ཉམས་དང་ལྡན་པ་ལ་དཀར་བའི་མདངས་གསལ་བ། །ཆིབས་ཀྱི་ཁྱད་པར་ཤ་བའི་སྟེང་དུ་ཞོན་པ། ཕྱག་མཚན་གྱི་ཁྱད་པར་གཡས་ཞགས་པ་དང་གཡོན་ལྕགས་ཀྱུ་བསྣམས་པ་སྟེ། གོང་དུ་གསལ་བ་དེ་དག་དང་ཅུང་ཟད་མི་འདྲ་བ་སྣང་མོད། སྐྱེས་ཆེན་དམ་པའི་དག་སྣང་གི་གཟིགས་ངོར་འཆར་བའི་སྤྲུལ་གཞི་དང་སྤྲུལ་པའི་རྣམ་པ་མུ་དང་མཐའ་ཚུར་མཐོང་ཕལ་བ་སུ་ཞིག་གིས་ཀྱང་གཞལ་བ་མི་ནུས་པས། ཡིད་ཆེས་གསོལ་འདེབས་དང་འཕྲིན་བཅོལ་མངའ་གསོལ་གྱིས་བསྟེན་པ་རིགས་ཏེ། གདན་ས་འདི་ནས་ཕེབས་པའི་སྔོན་གྱི་སྐྱེས་ཆེན་དུ་མས་ཀྱང་བསྟན་སྲུང་འདི་ཉིད་བསྟེན་གསོལ་གནང་བ་ལས་འཕྲིན་ལས་ཀྱི་འཇུག་པ་འཕེལ་བའི་གཏམ་བརྒྱུད་ཤིན་ཏུ་རིང་ལ་དེ་སྔོན་ཆུ་བྱི་དམག་འཁྲུག་གི་གྱོད་རྩ་དང་འབྲེལ་ནས་མདའ་དཔོན་མཚོ་སྒོ་བས་གདན་ས་འདིར་དམག་དྲངས་པར་བསྟན་སྲུང་འདིས་ཆོས་འཕྲུལ་གང་ཞིག་བསྟན་པའི་ཚུལ་གྲགས་ཆེ་ཞིང༌། འོག་ནས་བློ་གླིང་མཁན་རབས་རིམ་བྱུང་གི་སྐབས་སུའང་འཆད་པ་འགྱུར། ཁྲི་ཆེན་རིན་པོ་ཆེ་ངག་དབང་ནོར་བུ། སྔར་འབྲས་སྤུངས་སུ་སློབ་གཉེར་མཛད་པའི་སྐབས་སུ་བསྙུན་དྲག་པོ་ཞིག་བྱུང་ཏེ། ནུབ་གཅིག་མནལ་ལམ་དང་མངོན་སུམ་འདྲེས་པའི་སྣང་བ་ལ། བུད་མེད་ཤིན་ཏུ་འཇིགས་སུ་རུང་བ་ཞིག་གིས་རྗེ་འདི་ཉིད་དེ་གའི་ཐད་ཀྱི་བར་སྣང་ལ་ཁྱེར་ནས་སྲོག་དང་བརལ་བར་བྱེད་ཟེར་བས་ཐུགས་ཤིན་ཏུ་འཇིགས་ཤིང་སྐྲག་ནས། ད་རེས་ལན་ཅིག་སྲོག་ལས་ཐར་བར་མཛོད་ཅེས་ནན་གྱིས་གསུངས་པས། བུད་མེད་དེས། འོ་ན། ཆོས་གཤའ་མ་ཞིག་གྱིས་ལ། ཉིན་རེར་རྡོ་རྗེ་འཇིགས་བྱེད་ཀྱི་བདག་འཇུག་ཚར་རེ་མ་ཆག་པ་བྱེད་ཨེ་ནུས་ཟེར་བས། དེ་ལྟར་བྱེད་རྒྱུར་ཁས་བླངས་མཛད་པས། བུད་མེད་དེས་རང་གནས་སུ་བཞག་པའི་སྣང་བ་བྱུང་ཏེ། དེ་ནས་བསྙུན་ལས་རིམ་གྱིས་གྲོལ། འཇིག་རྟེན་ཆོས་བརྒྱད་ཀྱི་སྤྲོས་པ་མཐར་དག་སྒོ་ཐམས་ཅད་ནས་ཐམས་ཅད་དུ་རྒྱང་བསྲིངས་ཏེ། ཐོས་བསམ་སྒོམ་པ་འབའ་ཞིག་གིས་དུས་འདའ་བར་མཛད། རྗེས་སུ་བུད་མེད་དེ། འབྲས་སྤུངས་ཀྱི་སྲུང་མ་ལྷ་མོ་རྡོ་རྗེ་གྲགས་རྒྱལ་མས་ཆོས་ལ་བསྐུལ་བའི་དོན་དུ་ཆོ་འཕྲུལ་བསྟན་པར་མཁྱེན་ནས། ལྷ་མོ་འདི་ཆོས་ལྡན་ཚུལ་བཞིན་སྐྱོང་བའི་སྲུང་མ་ཁྱད་པར་ཅན་ཡིན་པ་དང༌། ཁྲི་ཆེན་འདི་ཉིད་ཀྱི་ཕྲིན་ལས་རྒྱ་ཆེན་པོ་སྒྲུབ་པའི་སྲུང་མ་ཡིན་ཞེས་གསུངས། དེས་མཚོན་ནས་འདིས་གདན་ས་འདི་ཉིད་ལ་ལས་བཞི་འཕྲིན་ལས་ཇི་ལྟར་སྒྲུབ་པའི་གཏམ་བརྒྱུད་ཤིན་ཏུ་རིང་ཡང་མང་དུ་དོགས་ནས་མ་བརིས་སོ།

འོད་སྲུང་མདུན་སར་བུ་རམ་ཤིང་པ་དང༌། ། ལྷན་ཅིག་ཐུགས་བསྐྱེད་དུས་སུ་སྨིན་པ་ལས། ། ཞིང་འདིར་བསྟན་སྲུང་ཡོངས་ཀྱི་རབ་དང་ཕུལ། ། འདོད་ཁམས་བདག་མོར་བསྔགས་པ་དོན་དང་ལྡན། ། ཞིང་བཅུ་དམ་ཉམས་ཡོངས་ཀྱི་སྲོག་གི་བདུད། ། མཁས་གྲུབ་བསྟན་འཛིན་ཡོངས་ཀྱི་གཉེན་གཅིག་པུ། ། མཐུ་སྟོབས་ནུས་པའི་འཕྲིན་ལས་གློག་གི་རྩལ། ། འཁྱུག་པའི་དུས་ལ་བབས་སོ་དམག་ཟོར་མ། །ཞེས་ཀྱང་སྨྲས་སོ། །