དཔའ་ཤོད་རྫོང་།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།

===== === == 'རྫོང་།.png|right|thumb|380px|དཔའ་ཤོད་རྫོང་། ཚ་བ་དཔའ་ཤོད་རྫོང་‎། ཚ་བ་ཁུལ་གྱི་ལོ་རྒྱུས། ་་་་་་་་་་་་་་ དེ་ཡང་བརྒྱགས་རྔན་ཆེན་མོ་ལས། ལྷོ་ཡི་རོང་ལྷ་རྒྱལ་མཚན་དང་། རོང་བཙན་ཁ་བ་དཀར་པོ་བརྔན། དབང་ལྷ་མོན་ནོམ་མཆེད་བརྒྱད་དང་། དམག་དཔོན་དགྲ་འདུལ་དབང་ཕྱུག་དང་། རྨུ་རི་རྨུ་བཙན་ལ་སོགས་པའི། ཚ་བ་སྒང་གི་གཞི་བདག་བརྔན། ཞེས་པ་ལྟར་འདི་རྣམས་ཚ་བ་སྒང་གི་གཞི་བདག་གྲགས་ཆེ་བ་རྣམས་ཡིན། ཚ་བ་སྒང་ལ་ཀུན་གླིང་གི་འཛིན་ཁོངས་དཔའ་ཤོད་ཚང་དང་ཆབ་མདོའི་མངའ་ཁོངས་གཉིས་ཡོད། དཔའ་ཤོད་ནི་ཚ་བ་གུར་ཅན་ཐང་གི་གཡས་ཕྱོགས་དང་ཚ་བ་ལྔ་སྒང་གི་བར་ལ་ཡོད། ཕལ་ཆེར་ཡུལ་འབྲོག་འདྲེས་མ་ཡིན། ཚ་བ་གུར་ཅན་ཐང་ཟེར་བ་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་འབྲོག་སྡེ་མང་པོ་ཆགས་ས་ཞིག་རེད། ཐང་དེའི་ལྟ་བར་རྨི་རི་རྨུ་བཙན་ནམ་རྨོ་མུ་ལྟེ་བ་ཟེར་བའི་གཞི་བདག་ཤིན་ཏུང་གཉན་པོ་དེ་ཡོད། རི་འདི་ཤིན་ཏུ་མཐོ་བས་འགྲུལ་ཚོས་དེ་རིང་འགྲོ་ན་རྨོ་བོ་རི། སང་ཉིན་འགྲོ་ན་རྨོ་བོ་རི་ཞེས་བརྗོད་སྲོལ་ཡོད། ཚ་བ་དབུས་ཆུ་ཟེར་བའི་ཆུ་ཕུགས་ཀྱང་འདི་ནས་ཡིན། དབུས་ཆུའི་རྒྱུད་ནས་ཆགས་པའིཡུལ་ལུང་རྣམས་ལ་ཚ་བ་སྒང་རོང་གཉིས། སྤོམ་མདའི་གཡས་ཕྱོགས་རྒྱ་མོ་རྔུལ་ཆུའི་རྒྱུད་ནས་ཆགས་པ་རྣམས་རྔོ་སྟོད་དང་རྔོ་སྨད་ཅེས་བརྗོད་སྲོལ་ཡོད།།

གུར་ཅན་ཐང་ནས་ཕར་བྲག་གཡབ་དང་ས་འབྲེལ། མར་ཤོ་སྟར་ལྷོ་གསུམ་དང་ས་འབྲེལ། དེང་སང་༼༡༩༨༧༽རྒྱ་དམར་གྱིས་གུར་ཅན་ཐང་དུ་གནམ་གྲུའི་འབབ་ཐང་བཟོས་ཡོད་སྐད། གུར་ཅན་ཐང་ནས་ས་ཚིགས་ཕྱེད་གཉིས་ཙམ་ན་ཚ་བ་སྤོམ་མདའ་ཡོད། འདིར་ས་ཚིགས་ཟེར་བ་ཁལ་བཀལ་ནས་འགྲོ་བའི་ཉིན་ལམ་གཅིག་ལ་ཟེར་བར་གོ་དགོས། སྤོམ་མདའ་དགེ་དགོན་ལ་དགེ་འདུན་པ་བརྒྱ་ལྷག་ཡོད། དགོན་པ་འདི་བཞིན་འཕགས་པ་ལྷ་སྐུ་ཕྲེང་ཞིག་གིས་ཕྱག་བཏབ་པར་གྲགས། ཚ་བ་སྤོམ་མདའ་ལ་ཤོག་ཁག་དགུ་ཡོད། ག་མ་དང་ཐང་གཉེར་ཟེར་བ་གཉིས། ལོབ་དང་སྤིར་ཕྱིར་ཟེར་བ་གཉིས། འདི་གཉིས་སོ་སོར་ས་དགོན་དང་ཁ་ཐེག་དགོན་ཟེར་བའི་བོན་དགོན་གཉིས་ཡོད། འདི་རྣམས་སྤོམ་མདའི་ལ་རྒྱབ་རྒྱ་མོ་རྔུལ་ཆུའི་འགྲམ་རོང་ས་ཡིན། ཁེ་སི་དང་སོག་ཁྲི་གཉིས་ཡོད། སྤོམ་མདའ་རང་ལ་ཤོག་ཁག་གསུམ་ཡོད། སྤོམ་མདའ་ལ་ཞལ་ངོ་གཅིག་ཡོད་པ་མཛོ་སྒང་ནས་གཏོང་དགོས། འདི་ནས་ས་ཚིགས་གཉིས་ཀྱི་སར་ཚ་བ་ཐེམ་ཐོག་དགེ་དགོན་ཡོད་པར་དགེ་འདུན་པ་བརྒྱ་སྐོར་ཡོད། ཐེམ་ཐོག་ལ་ཤོག་ཁག་དྲུག་ཡོད། སྡེ་མདའ་ཟེར་བ་དང་བྱེ་མདའ་ཟེར་བ་སོགས་ཡོད། སྡེ་མདའ་ཚང་ཟེར་བའི་མི་ཚང་ཞིག་ལ་བཀའ་བཏན་ཡོད་སྐད།།

དེ་ནས་མཛོ་སྒང་ས་ཚིགས་གཅིག མཛོ་སྒང་དགེ་དགོན་དུ་དགེ་འདུན་པ་གྲངས་༣༦༠སྐོར་ཡོད། དགོན་པ་འདི་བོད་གཞུང་ནས་བཞེངས་པ་རེད། འདིའི་མཁན་པོ་སེར་བྱེས་བསམ་བློ་ནས་བཏང་དགོས། མཛོ་སྒང་རྫོང་གི་འགོ་བྱེད་རྩེ་དྲུང་གཅིག་ཡོད། རྫོང་འདི་སྔར་གླིང་གི་དུས་སུ་ཨ་ཁུ་ཁྲོ་ཐང་གི་སྟག་རོང་དངུལ་ཆུ་ཁྲོ་རྫོང་ཟེར་བ་དེ་ཡིན། རྫོང་རྙིང་པ་ཉམས་གསོའི་སྐབས་རྩིག་པའི་གསེང་ནས་དངུལ་ཆུ་མང་པོ་ཐོན་པར་གྲགས། མཛོ་སྒང་ལ་ཤོག་ཁག་གསུམ་ཡོད། མཛོ་སྒང་ནས་དབུ་ཡག་བར་ས་ཚིགས་གཅིག་ཡོད། མཛོ་སྒང་ནས་རྡོ་ལི་འབིལ། སྤང་ལུང་། ལྷ་མདའ། འབོ་ཞུ། སྤོས་ཤུ། སྲི་གྲུ་ཁ་ལ་རྒྱབ་ཏུ་རྒྱལ་མོ་གདོང་། འདིར་བཙུན་དགོན་གཅིག་ཡོད། གློ་དག་རྒྱལ་པོའི་ཐང་ཟེར་བ་སོགས་དབུ་ཡག་བར་གྲོང་ཚོ་གྲོང་ཚོ་མ་ཆད་པ་བརྒྱད་ཡོད། དགོན་པ་དང་རི་ཁྲོད། ལྕང་མ་རི་ཁྲོད། དགུ་ཡག་དགོན། ཉི་མ་གླིང་། ནགས་ཚལ་དགོན་པ་ཟེར་བ་སོགས་མཛོ་སྒང་དགོན་པའི་དགོན་ལག་ཁང་ཚན་བརྒྱད་ཡོད། དུས་དུས་སུ་མཛོ་སྒང་ལ་ཚང་ལ་ལྷན་ཚོགས་གནང་། དབུ་ཡག་ནས་མ་ཁུ་ས་ཚིགས་གཅིག དབུ་ཡག་གི་མར་ཙམ་ཚ་བ་སྒྲུབ་ར་ཟེར་བ་སྔ་ལོ་ཆེན་བཻ་རོ་ནའི་སྒྲུབ་གནས་ཤིག་ཡོད། དེང་སང་རྒྱ་དམར་གྱི་མཛོ་སྒང་ཤན་ཟེར་བ་དེ་ཆགས་ཡོད་སྐད། མ་ཞུ་ལ་གྲོང་ཚོ་ཆེ་ཙམ་ཡོད། དེའི་གཡོན་གྱི་ལུང་ཕུགས་ན་དམར་ཕུག་དགོན་ཟེར་བའི་བོན་དགོན་ཞིག་ཡོད། མ་ཞུ་ནས་ཕོ་བྲང་བར་ས་ཚིགས་གཅིག ཕོ་བྲང་ལ་དབུས་ཆུའི་ཕར་ཚུར་གྲོང་ཚོ་ལྔ་ཙམ་ཡོད། རྒྱབ་རིའི་རྩེ་ལ་མདའ་དེར་དགོན་ཟེར་བའི་བོན་དགོན་ཞིག་ཡོད། ཕོ་བྲང་ནས་ཕྲི་འདུ་ས་ཚིགས་གཅིག འདིར་ཡང་ཆུ་ཕར་ཚུར་གྲོང་སྡེ་གསུམ་ཡོད། རིའི་ངོས་གདུགས་དཀར་དགོན་ཟེར་བའི་བོན་དགོན་ཆུང་ངུ་ཞིག་ཡོད།།

དེ་ནས་ཚ་བ་བྲག་ཡུལ་བར་ས་ཚིགས་གཅིག དེང་སང་རྒྱ་ལུགས་ཆུས་གཅིག་བརྩི་གི་ཡོད་པ་འདྲ། བྲག་ཡུལ་ཞལ་ངོ་གཅིག་ཡོད་པ་དེ་རྩེ་གསོལ་དཔོན་གཞོན་པའི་ཐབ་རྟེན་ཡིན། འདིའི་འོག་ཡུལ་དགོན་བདུན་ཡོད། བྲག་ཡུལ་གྲོང་སྡེ་བཅོ་ལྔ་ལྷག་ཡོད། རགས་དང་། ལ་འོག དུལ་དང་། བར་ཚིགས། ལུང་བཟང་དང་རག་འགིལ། འདི་རྣམས་རོང་ས་ལྟ་བུ་ཡིན་ལ་སྟེང་དུ་ཤོག་པ། འདིར་དགེ་དགོན་ལྷུན་གྲུབ་དགོན་ལ་དགེ་འདུན་པ་བརྒྱ་སྐོར་ཡོད། དགོན་པ་འདི་ལུང་བཟང་སྔགས་རམས་པས་ཕྱག་བཏབ། སྟེ་སྒོང་། རྫོ་ཤོད། མདའ། འོག་ས། འདིར་འོག་ས་ཚང་ཟེར་བ་སྡེ་སྲིད་ཀྱི་བཀའ་གཏན་ཡོད་པ་ཞིག་ཡིད། ཚ་ཞུ། ཡུལ་སྐད། ཤ་ཁོ། སྦལ་བ་ཐང་། དབར། འདིར་དབང་མཁར་ཟེར་བའི་བྲག་ཡུལ་དགོན་ལག་སྔར་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱི་སློབ་མ་དཀོན་མཆོག་རྒྱལ་མཚན་གྱིས་ཕྱག་བཏབ། དགོན་པ་འདིར་སྐྱེ་བདུན་སྐུ་ཤ་དང་བང་སོ་ཆོས་ཀྱི་རྒྱལ་མཚན་གྱི་དབུ་ཐོད་རྡོ་རྗེ་འཇིགས་བྱེད་རང་བྱོན་ཅན་སོགས་ནང་རྟེན་ཤིན་ཏུ་རྩ་ཆེན་ཡོད། བྲག་ཡུལ་དགེ་དགོན་ལ་དགེ་འདུན་ཕྱེད་ཉིས་བརྒྱ་ཙམ་ཡོད། འདི་ནི་རྗེ་རིན་པོ་ཆེའི་དངོས་སློབ་རྒྱལ་ལམ་པ་བློ་གྲོས་རྒྱལ་མཚན་གྱིས་ཕྱག་བཏབ། བྲག་ཡུལ་གཡོན་ཕྱོགས་མངས་ལི་རྒྱབ་ཏུ་མདུན་དང་ས་སྦེ་ཟེར་བའི་གྲོང་ཚོ་ཁག་ཡོད། འདིར་ཚ་བ་དགེ་དགོན་ཉི་སྟེང་དགོན་ལ་གྲྭ་གྲངས་ལྔ་བཅུ་སྐོར་ཡོད། དེ་ནས་མར་ཚ་བ་མཆོད་རྟེན་ཡོད། འདིར་གྲོང་ཚོ་ཁག་ལྔ་ཙམ་ཡོད། སྤང་འགོ་དགོན་པད་ང། རིན་ཆེན་གླིང་ཟེར་བའི་དགེ་ལུགས་པའི་དགོན་པ་གཉིས་ཡོད། མཆོད་རྟེན་འདི་སྔོན་བྱང་སེམས་ཟླ་བའི་དཔལ་གྱིས་བཞེངས།ནང་རྟེན་རྩ་ཆེན་ཡོད་སྐད། མཐོ་ཚད་དང་རྒྱ་ཁྱོན་ཆེན་པོ་ཡོད། གངས་དཀར་གདོན་བགེགས་ཀྱིས་བརླམས་པའི་མི་དང་། ནང་གཅོང་། ཤེས་པ་རང་བཞིན་མི་གནས་པ་རྣམས་ཕྱག་བསྐོར་ལ་འཁྲིད་དུས་ཕན་པའི་ལོ་རྒྱུས་མང་པོ་ཡོད། མཆོད་རྟེན་འདིའི་མཚན་ལ་མཐོང་བ་རང་གྲོལ་ཟེར།།

དེ་ནས་མར་སྤྲུལ་འགར་ལ་ཟེར་བའི་གྲོང་ཚོ་ཁག་གཉིས་ཙམ་ཡོད། འདིར་ངོ་མཚར་ཆེ་བ་གཅིག་ལ། སྔོན་གྲུབ་ཆེན་དྲིལ་བུ་པ་རྒྱ་གར་ཨོ་རི་སར་ཐོག་མར་རབ་བྱུང་གི་ཆ་ལུགས་མཛད་ནས་རིའི་ཕུག་ཅིག་ལ་སྒྲུབ་པ་གནང་སྟེ་བཞུགས་དུས། ཡུལ་གྱི་རྒྱལ་པོས་ཉམས་སད་པའི་ཕྱིར་པད་མ་ཅན་གྱི་བུ་མོ་ཞིག་གྲུབ་ཆེན་གྱི་སྒྲུབ་གཡོག་ལ་བཞག ནམ་ཞིག་གྲུབ་ཆེན་གྱིས་དེ་བདག་མར་བཞེས་ཏེ་སྲས་ཀྱང་གཉིས་ཙམ་བྱུང་འདུག དེ་ནས་རྒྱལ་པོ་གྲུབ་ཆེན་ལ་དམའ་འབེབས་ཀྱི་སླད་དུ་གྲོང་དུ་གདན་ཞུས། ཡུལ་མི་རྣམས་ཀྱང་ལམ་གཡས་གཡོན་དུ་འཕྱ་སྨོད་ཞུ་བར་བསྐོང་སྟེ་ཆང་མང་པོ་འདྲེན་དུ་བཅུག གྲུབ་ཆེན་ཡབ་ཡུམ་སྲས་དང་བཅས་པའི་ཕེབས་ལམ་ནས་བ་གླང་གི་རྭ་ཞིག་ནང་ནས་ཆང་མཆོད་བཞིན་ཕེབས། དེ་ནས་རྒྱལ་པོ་འཁོར་བཅས་དང་ཡུལ་མི་ཚོས་དམའ་འབེབས་དང་། བརྙས་ཐབས་དུ་མ་མཛད་པའི་རྐྱེན་གྱིས་གྲུབ་ཆེན་གྱིས་བ་གླང་གི་རྭ་ས་ལ་ལན་ཁ་གཡར་བརྡབས་པས་་སའི་འོག་ནས་ཆུ་ཆེན་པོ་དོན་ཏེ་གྲོང་ཁྱེར་དེ་ནུབ་ལ་ཉེ་བ་ན་རྒྱལ་པོ་འཁོར་བཅས་དང་། ཡུལ་མི་ཚོ་སྐྲག་སྟེ་གྲུབ་ཆེན་ལ་བཟོད་པར་གསོལ་ཏེ་དེའི་ས་ཤུལ་ནས་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་ཞིག་ཐོན་པར་གྲགས། སྐབས་དེར་གྲུབ་ཆེན་ཡབ་ཡུལ་ཕན་ཚུན་འཁྱུད། སྲས་གཉིས་རྡོ་རྗེ་དང་དྲིལ་བུར་གྱུར་ཏེ་རྫུལ་འཕྲུལ་གྱིས་མཁའ་དབྱིངས་སུ་གཤེགས་ཏེ། འདིར་བབས་ནས་བཞུགས་པ་ཡིན་ཟེར་མི་ཕལ་པ་མི་ཐར་བའི་བྲག་གི་བྱ་སྐྱིབས་ཤིག་གི་འོག་ན་སྐུ་གཟུགས་ཀྱི་ངོ་བོ་རྡོ་དཀར་པོ་ཡིན་པ་ལ་ཡུམ་གྱི་དབུ་སྐྲ་ནག་ཤིག་གེ་དང་། ཡབ་ཀྱི་དབུ་ལ་རས་ཀྱི་ཐོད་དཀྲི་བཅིངས་པ་ལྟ་བུ་ཤིན་ཏུ་གསལ་པོ་མཇལ་རྒྱུ་ཡོད།ཚེས་བཅུ་འབུལ་མཁན་དང་མཇལ་ཁར་ཡོང་མཁན་ཆད་མེད་ཡོད། སྔར་སོ་ཁྲི་བྱང་རྡོ་རྗེ་འཆང་ལ་འདིའི་ལོ་རྒྱུས་ཞུས་མྱོང་།འོ་དེ་གསལ་པོ་ཞེ་དྲག་ཡོད་པ་འདྲ། ཁྱེད་ཀྱིས་མཇལ་མྱོང་ངམ་གསུངས་བྱུང་། འདིའི་ཡས་མས་རྣམས་བྲག་ཡུལ་རྫོང་ཁོངས་ཡིན།།

བྲག་ཡུལ་གྱི་རི་འགོར་དམག་དཔོན་དགྲ་འདུལ་དབང་ཕྱུག་ཟེར་བའི་གཞི་བདག་མཐུ་རྩལ་ཆེན་པོ་དེ་ཡོད། བྲག་རི་རྩེ་མོ་རྣོན་པོ་ཤིན་ཏུ་མཐོ་བ་མཁའ་ལ་བསྙེགས་པ་ལྟ་བུ་རྩེ་མོར་དབྱར་དགུན་མེད་པ་གངས་ཀྱིས་གཡོགས་ནས་ཡོད་པ། མདུན་དུ་མི་རིང་བར་མཚོའི་རྫིང་བུ། མཆོད་ཡོན་ལྟ་བུ་ཡོད་པ། སྐེད་པར་ནགས་གསེབ་དང་སྤང་བཀྲ་སྟག་ཤམ་གྱི་རི་མོ་དོད་པ་འདྲ་བ་བརྗིད་རྔམ་ཆེ་བ་ཡོད། གཡས་གཡོན་ནས་བྱང་དམར་བར་ས་ཚིགས་གཅིག་ཡོད། བྱང་དམར་དགེ་དགོན་ལ་དགེ་འདུན་པ་བརྒྱ་ལྷག་ཡོད། འདིའི་ཕྱག་བཏབ་མཁན་ཡང་རྗེ་རིན་པོ་ཆེའི་དངོས་སློབ་རྒྱལ་ལམ་བློ་བྲོས་རྒྱལ་མཚན་གྱིས་ཕྱག་བཏབ། འདིར་གྲོང་ཚོ་བེར་བརྫི་ཁམས་གསུམ་དང་།སིང་། རག་མེ་འབའ་ཡུལ། རྒྱས་ཕུད། གཡོན་ཕྱོགས་ལི་རྒྱབ་ཏུ་ཀུ་ལི་སྟོད་དང་གྲོང་ཟེར་བ་གཉིས ཀུ་ལི་ཐང་ཤོད་ལ་ས་སྐྱའི་དགོན་པ་ཞིག་ཡོད། མེས་པ་དང་བོར་བ་ཟེར་བ་གཉིས་ཡོད། འདིར་ཡང་ས་དགོན་ལ་བ་དགོན་ཟེར་བ་ཡོད། དེའི་བརྒྱུད་ནས་མར་སྟག་གཟིག་ཟེར་བའི་གྲོང་ཚོ་ཕྲབ་པ་དང་ཀེང་རུས།འདིར་འབའ་མ་ས་སྐྱའི་དགོན་ཡོད། དེ་ནས་ཁག་སྡེ། ལ་ཁ་བ། སྤག་བ། འདིར་ཡང་ས་སྐྱ་དགོན་ཞིག་ཡོད། འདི་རྣམས་རོང་ས་ཡིན། ཚ་བ་བྱང་དམར་ཁོངས་ཡིན།།

བྱང་དམར་ནས་དཔའ་སྐད་བར་ས་ཚིགས་གཅིག་ཡོད། འདིར་དཔའ་འཛམ་ཟེར། རྫིང་ཕུད་དང་དཔའ་སྐད་ཟེར་བའི་གྲོང་ཚོ་ཁག་གསུམ་ཡོད། དེ་ནས་ཏོག་ལ་རྒྱབ་ནས་བསགས་དང་དུལ་ཟེར་བའི་གྲོང་ཚོ་གཉིས་ཡོད། ཏོག་ལཱ་རི་བྲག་མཐོ་པོ་དུང་གི་དབྱིབས་ལྟ་བུ་ཞིག་ཡོད། འདི་ཁ་བ་དཀར་པོའི་སྒོ་སྲུང་དམར་ནང་མ་གནས་རི་ཞིག་ཏུ་ངོས་འཛིན་གྱི་ཡོད།་གོང་འཁོད་ཚ་བ་སྒྲུབ་ར་འདི་ཁབ་དཀར་པོའི་སྒོ་སྲུང་ཕྱི་མ་དེ་ཡིན། འདི་ཡང་གནས་ཆེན་ཟིག་ཡིན་པ་བུད་འཇོམས་རིན་པོ་ཆེའི་རྙིང་མའི་ཆོས་འབྱུང་དུ་བཀོད་འདུག ཏོག་ལ་དང་བྲག་ཡུལ་ན་ཡོད་པའི་ཤོག་དུང་རི་གཉིས་ལ་དུང་ཆ་གཅིག་ཟེར། ཏོག་འདིར་ཆབ་མདོ་ས་དབང་ནས་བསྐོས་པའི་ཏོག་ས་དམག་དཔོན་ས་སྲུང་དམག་མི་བརྒྱ་སྐོར་བཅས་ཡོད། འོན་ཀྱང་ས་མཚམས་ཉེན་ཁ་ཡོད་ཙང་རྒྱུན་གནས་ཡར་བྲག་ཡུལ་ལ་བྱེད་ཀྱི་ཡོད། རང་རེ་ཞི་བདེ་དང་ཡུལ་དུས་འཇམ་པའི་སྐབས་ལ་ནི་ཁ་ཕོ་འབྲུག་ལྟར་སྒྲོགས་ཤིང་། དོན་མེད་ཉེས་བརྡུངས་བཏང་བ་སོགས་མི་སེར་བརྡབས་གསིག་མང་པོ་བཟོ། དམག་ཟེར་བ་མི་སེར་བཅོམ་བྱེད་འདྲ་བྱེད། ས་མཚམས་ཟིང་འཁྲུག་ཕྲན་བུ་བྱུང་ནའང་རྒྱབ་ཀྱི་མེད་མདའ་ཡང་དགྲའི་ལག་ཏུ་བཞག་ནས་ཉིན་ལམ་མང་པོས་ཆོད་པའི་ས་ལའང་ཉིན་གཅིག་གིས་གོམ་པ་བརྒྱབ་ནས་ཕྱིར་མིག་མི་བལྟ་བར་དམག་མིའི་ངང་ཚུལ་བཟུང་ནས་བྲོས་ཐེངས་མང་པོ་བྱས་ཡོད། ཏོག་དམག་དཔོན་གྱི་ཨ་ལྕོ་གནས་བསྐོར་བ་དང་འགྲུལ་པ་ཚོར་སྒ་ཁྲལ་བསྡུ་ལེན་བྱེད་ཀྱི་ཡོད། ཏོག་ནས་ཚ་བ་བུལ་ཐོག་ཚིགས་གཅིག་སར་བུལ་ཐག་དགོན་པ་ཡོད། གྲྭ་གྲངས་བརྒྱ་ལྷག་ཡོད། ས་ཁུལ་འདི་ནས་དགའ་ལྡན་ཁྲི་པ་ཞིག་བྱུང་། ད་ལྟ་བལ་བཞུགས་པ་དེ་བུལ་ཐོག་རིན་པོ་ཆེའི་སྐུ་སྐྱེ་ཡིན་ཞེས་བརྗོད། སྐུ་ཕྲེང་ག་ཚོད་ཡིན་མིན་གྱི་གནས་འབྲེལ་ཐེངས་གཉིས་ཙམ་ཞུས་ཀྱང་གནས་ལན་མེད་པ་ཧ་ལམ་ཤོད་རྒྱུ་མེད་པ་འདྲ། དགོན་པ་འདི་ཕྱག་འདེབས་མཁན་བྲག་ཡུལ་དང་གཅིག་བུལ་ཐོག་ལ་གྲོང་ཚོ་ཁ་ཤས་ཡོད།། 

ཚ་བ་བུལ་ཐོག་ནས་རྒྱལ་ལམ་ས་ཚིགས་གཅིག དེ་ནས་ཚ་བ་ཤུག་ལ་རྒྱབ་ནས་མཇལ་པ་ཟེར། ཕྱིས་སུ་རྒྱ་སྡེ་ཡིན། བུལ་ཐོག་ནས་གྲོང་སྡེ། ལ་གྲོང་། སྐལ་བུ་དང་། དབབ་བུ་འདིར་མ་ཎི་དུང་འཁོར་དང་བཀའ་འགྱུར་ལྷ་ཁང་ཡོད། དེ་ནས་ཤོད་པ་དང་འདིར་བོན་དགོན་ཞིག་ཡོད། སྒྲོལ་ཤོད་འདིར་ཡང་བོན་དགོན་གཅིག་ཡོད། དེ་ནས་རག་ལྷ་དང་ཧ་གདོང་ བྲག་སྒོ་དང་ལུང་ཕུགས་འདིར་ལོ་ཙ་བ་བཻ་རོ་ཙ་ནའི་སྒྲུག་ཕུག་རྩ་ཆེན་ཞིག་མཇལ་རྒྱུ་ཡོད། ལོ་ཙཱ་བ་འདིས་སྔར་རྒྱལ་པོ་ཁྲི་སྲོང་གི་སྐབས་བཀའ་བསྟན་མང་པོ་བསྒྱུར་བའི་ལོ་ཙཱ་བ་སྔ་ཤོས་ཤིག་ཡིན ལོ་ཙཱ་བ་བཞིན་བཟང་བས་རྒྱལ་པོའི་བཙུན་མོ་དེར་ཆགས་ཏེ་སྒེག་ཉམས་དང་ཆགས་པའི་དུས་བཏབ་མང་པོརབྱས་ཀྱང་ལོ་ཙཱ་བས་མ་གསན་པར་བཙུན་མོ་ཁྲོས་ཏེ་དབྱེན་མང་པོ་བཅོས་ཏེ་རྒྱལ་པོས་ལོ་ཙཱ་བ་མི་འདོད་བཞིན་དུ་རེ་ཞིག་ཚ་བ་རོང་དུ་བཙོན་ལ་བརྫངས་པའི་སྐབས་ཀྱི་སྒྲུབ་ཕུག་གམ་བཞུགས་གནས་ཡིན་པ་འདྲ། ཚ་བ་སྒྲུབ་ར་དང་འདི་གཉིས་སྐྱེས་རབས་ལས། འབྲུག་སྒྲ་དྲག་པོའི་སེར་བ་འདྲ་བ་ཡི། དབྱེན་གྱིས་སེར་བ་རྡོ་རྗེ་བབས་ན་ནི། མིང་ཙམ་ཚོད་ཀྱི་མཛའ་བ་བརྟན་པ་དང་། ཉམས་ཤིང་ཞིག་པར་མི་འགྱུར་སུ་ཞིག་ཡོད། ཅེས་གསུངས་པ་ལོས་བདེན། ཆོས་རྒྱལ་འདི་ལྟ་བུ་ལ་གོ་སྐབས་ཐོབ་ན་གཞན་ལ་ལྟ་ཅི་སྨོས། འདིར་མ་ཎི་དུང་འཁོར་དང་ལྷ་ཁང་ཡང་ཡོད། དེ་ནས་རྫི་ནག བྲག་སྣ། འདིར་ཡང་མ་ཎི་དུང་འཁོར་དང་། ཨ་སྦ་ལྷ་ཁང་ཡོད་པ་དེ་ནས་ཞག་ཙེ་དང་། ཨ་སྨན། འདིར་ཡང་མ་ཎི་དུང་འཁོར་དང་། ས་སྦབ་ཆུ་འཛོམས་ལྷ་ཁང་ཟེར་བ་ཡོད། རྔོ་ཆུའི་ཕ་རོལ་ཏུ་ཕྲ་བུ་དང་། རྩབ་བུ། སྨན་ཁུངས་ཞེས་པ་ནི་གྲོང་སྡེ་ཆེ་ཤོས་ཤིག་ཡིན། གསང་སྔགས་ཆོས་རྫོང་གི་མངའ་ཁོངས་ཡིན། འདི་ལ་སྨན་ཁུངས་ཞལ་ངོ་གཅིག་ཡོད། ཀུན་གླིང་བླ་བྲང་ནས་གཏོང་སྲོལ། དེ་ནས་ཁུ་པ་དང་། བྲབ་སྤྱི་དང་། འགྲམ་སྔོན་ཟེར་བ་སོགས་གྲོང་སྡེ་ཆུང་ཆུང་མང་པོ་ཡོད།།

སྨན་ཁུངས་སུ་ལོ་རེ་བཞིན་གསང་སྔགས་ཆོས་རྫོང་ནས་དྲུང་སྐྱ་སེར་གཉིས་གཞུང་ཁྲལ་བསྡུ་ལེན་ལ་ཕེབས་ཀྱི་ཡོད། ས་ཞིང་རྒྱ་ཆེ་ཆུང་གི་ཁྲལ་འཇལ་གྱི་ཡོད་པར་ངེས། སྨན་ཁུངས་དར་རྒྱས་གླིང་ཟེར་བའི་ས་སྐྱའི་དགོན་པ་ཞིག་ཡོད། ཨ་སྦན་ཆུ་འཛོམས་ལྷ་ཁང་ནས་ཚ་བ་དབུས་ཆུ་དང་། རྒྱ་མོ་རྔུལ་ཆུ་འདྲེས་ཏེ། འགྲམ་སྔོན་ཟེར་བ་དེ་ནས་ཤར་ཕྱོགས་འབར་མའི་ཕྱོགས་སུ་འབབ། ཚ་བ་རོང་གི་ཡུལ་རྣ་ཤུག་ལ་བཙན་རྒོད་དམར་པོ་ཟེར་བ་འདི་གནས་ཆེན་ཁ་བ་དཀའ་པོའི་གནས་སྲུང་ཡིན། མཐུ་རྩལ་ཆེ་ཞིང་ཤིན་ཏུ་གཉན་པ་ཞིག་ཡིན། གནས་ཆེན་ཁ་བ་དཀར་པོ་ཟེར་བ་ཕྱི་ལྟས་ས་འཛིན་མཐོ་ཞིང་རྩེ་མོ་སྲིད་པ་ཆགས་པའི་གངས་རྒན་ཤེལ་དཀར་ལྷུ་པོ་ལ་ཟླ་འོད་འབུམ་གྱིས་འཁྱུད་པ་ལྟ་བུ། ཕྱོགས་བཞིའི་རིའི་ཕྲག་ཏུ་ཡོན་ཆབ་བསྒྲིགས་པ་ལྟ་བུའི་མཚོའི་རྫིང་བུ་ངང་པའི་ཁྱུ་ཚོགས་གྲངས་མེད་ལྡིང་ཞིང་འཁོར་བ་ཁ་བ་དཀར་པོ་ནང་གནས་དང་། ཕྱི་བསྐོར་གཉིས་ཡོད་པའི་ནང་གནས་སུ་ཆུ་རྦ་ཤར་དང་། མེ་ལོང་གི་གོང་ཁྲོད་འོག་ཁྲོད་ཟེར་བ་སོགས་མཇལ་ཞུ་མང་པོ་ཡོད་པ་རེད། གནས་འདི་ནང་བལྟས་དཔལ་འཁོར་ལོ་སྡོམ་པའི་གནས་ཉེར་བཞིའི་ཡ་གྱལ་ལྷུན་གྲུབ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་བཀོད་པ་སྐྱེ་བོ་ཐ་ལམ་པའི་བསམ་བརྗོད་ཀྱི་ཡུལ་ནས་འདས་པ་ཞིག་ཡིན་པ་ནི་གདོན་མི་ཟ་ལ། ལུག་ལོ་ནམ་ཤར་ལ་འདིའི་གནས་སྒོ་ཕྱེ་བར་གྲགས་ཤིང་རྒྱུན་དུའང་གནས་སྐོར་བ་ཟླ་བ་མང་པོའི་ལམ་བྱས་ནས་ཡོང་མཁན་རྒྱུན་ཆད་མི་འོང་། འདིའི་གནས་བདག་རོང་བཙན་ཁ་བ་དཀར་པོ་མི་དཀར་རྟ་དཀར་ཕྱག་གཡས་མ་གནོན་བ་དན་ལྷབ་ལྷུབ་དང་བཅས་ཏེ་འཛིན་པ། གཡོན་རིས་འགར་ནོར་གཞིང་རིན་པོ་ཆེ་གང་བ་བསྣམས་པ། དབུ་ལ་དངུལ་དཀར་གྱི་དབུ་རྨོག་བཙན་པོ་རུ་དར་སྣ་ཚོགས་པས་བརྒྱན་པར་གསོལ་བ། གངས་རིའི་མདངས་ལ་འཁུ་བའི་དངུལ་གྱི་ཁྲབ་རི་མོ་སྣ་ཚོགས་པའི་ཚག་ལྡན་གསོལ་བ།་གཞན་ཡང་མདའ་མདུང་རལ་གྲི། དགྲ་སྟ། ལྕགས་ཀྱུ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་པ་འཛིན་ཅིང་། རྟ་དང་། འབྲོང་གཡག སྟག་གཟིག དོམ་དྲེད་ལ་སོགས་པའི་བཞོན་པ་སྣ་ཚོགས་པ་ཅན་གྱི་རང་འདྲའི་མཆེད་འཁོར་མཛེས། ཡུམ་སྲས་དང་བཅས་པ་དུས་མས་བསྐོར་བ་གཅིག་ཡིན་ཚུལ་འདུག འདིས་མཚོན་གོང་འཁོད་ཡུལ་ལྷ་རྣམས་སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ནས་བླ་མ་བརྒྱུད་པ་རིམ་པའི་སྤྱན་སྔར་གཡར་དམ་གཉན་པོ་ཞལ་གྱིས་བཞེས་པས། དམ་ལྡན་བུ་བཞིན་སྐྱོང་། དམ་མེད་ཆམ་ལ་ཕབ་པའི་ཡུལ་ལྷ་གཞི་བདག་ཁྱད་པར་ཅན་མཐུ་རྩལ་གཞན་འགྲན་མ་མཆིས་ཀྱང་། སྐྱེ་འགྲོའི་བསོད་ནམས་ཆུ་ལས་དམའ་ཞིང་ལས་འབྲས་བརྩི་སྲུང་ཆུང་བའི་དབང་གིས་དཀར་ཕྱོགས་སྐྱོང་བ་རྣམས་དབུ་འཕང་དམས་ནས་གཤོག་པ་ཆག་པའི་འདབ་ཆགས་མཁའ་ལ་འཕུར་མི་ནུས་པ་བཞིན་དུ་འདི་རྣམས་ཀྱི་ནུས་མཐུ་ཡང་རྩལ་འདོན་མི་ནུས་པ་སྲིད་པ་ཡིན་ནོ།། འོན་ཀྱང་༧གོང་ས་སྐྱབས་མགོན་ཆེན་པོས་བོད་སྐྱོང་ལྷ་སྲུང་རྣམས་དབུ་འཕང་དགུང་དུ་འདེགས་སླད་འཕྲིན་བསྐུལ་མ་སྨད་ལྗགས་རྩོམ་གནང་བ་ནས་ཡུལ་ལྷ་ཆ་ཕྲ་ཐམས་ཅད་རང་གནསརང་འཁོད་ཐོག་ལས་བཞིའི་འཕྲིན་ལས་ཀྱི་སྒོ་མོ་ཡངས་པོར་ཕྱེས་ཡོད་པར་མངོན་ནོ།།

ཚ་བ་སྒང་རོང་གཉིས་སུ་ཕྱེ་བ་ནི་ཚ་བ་མཛོ་སྒང་ཡན་མན་ལ་བརྩི་སྲོལ་ཡོད། ཡང་ཚ་བ་སྟོད་སྨད་བར་གསུམ་བརྩི་དུས་ཚ་བ་རོང་སྦལ་ཐོག་གི་མར་ཙམ་རེད། གང་ལྟར་སྤོམ་མདའ་ཤོག་དགུའི་ལུང་ནས་འཇག་ལུང་བཞི་ཡན་ལ་ས་ཚིགས་ཉིན་ལམ་བཅོ་བརྒྱད་ཡོད་པར་གྲགས། འདི་ཡན་ཚ་བ་དབུས་ཆུའི་བརྒྱུད་ཕར་ཚུར་ཆགས་པའི་དགོན་ཡུལ་རྣམས་ཀྱི་ཆགས་ཚུལ་རོབ་ཙམ་བཀོད་ཟིན། ད་ནི་རྒྱལ་མོ་རྔུལ་ཆུའི་རྒྱུད་དང་། དེ་དང་ཉེ་བའི་ཡུལ་དགོན་རྣམས་ཀྱི་ཆགས་ཚུལ་བཀོད་པ་ལ། རྒྱལ་མོ་རྔུལ་ཆུའི་ཆུ་ཕུགས་ནི་བྱང་རིགས་ལྡན་སྡེ་བཞིའི་ལུང་པའི་ཆུ་ཕྲན་བསྡོམས་ཏེ་བྱང་ནག་ཆུའི་བརྒྱུད་ནས་བབས་པ་ཞིག་ཡིན། ཚ་བ་སྤོམ་མདའི་གཡས་ཕྱོགས་གསང་སྔགས་ཆོས་རྫོང་མངའ་ཁོངས་ཚ་བ་མངའ་སྒང་ཡོད། འདིར་དགེ་དགོན་གནས་སེར་པོ་དགོན་པར་དགེ་འདུན་པ་བརྒྱ་མ་ལོངས་ཙམ་ཡོད།།

གསང་སྔགས་ཆོས་རྫོང་ལ་རྫོང་འགོ་དྲུང་སྐྱ་སེར་གཉིས་ཡོད། དེ་ནས་མར་གྲོང་སྡེ། རྫོང་དཀར་དང་། ཝ་ཤོད། འགོ་པ། ཕུགས་ལུང་། འ་འུར་ཏཱ་ཞེས་པའི་དགོན་པ་འདིར་ཆགས་ཡོད། ཕྱག་འདེབས་པ་པོ་ནི་ཚ་ཁོ་ངག་དབང་གྲགས་པའོ། དེ་ནས་བཞད་པ། འདིར་དུམ་རྭ་དགོན་པ་ཡོེད། གོང་འགོ་གཉིས་སྨོས་ཀྱི་དགོན་པ་དགེ་ཁོངས་ཡིན། དེ་ནས་གཡག་སྟག་ཏུ་གཡག་སྟག་དགོན་ཞེས་པ་དགེ་ལུགས་པའི་དགོན་པ་ཞིག་གནས། དེ་ནས་ཨ་སྟོད་དང་། ཨ་སྨད། ཏུལ་དང་། འོ་པགས་ཛོ་དང་། ཛོ་ཤོད། འཁྲུངས་ཡུལ་ཟེར་བའི་གྲོང་རྣམས་ཡོད། འདིར་གླ་བ་གར་ཞལ་ངོ་གཅིག་ཡོད། གསང་སྔགས་ཆོས་རྫོང་འོག་ཞལ་ངོ་གསུམ་ཡོད་པའི་གཅིག་ཡིན། འདིར་དགེ་ལུགས་པའི་འཁྲུངས་ཡུལ་དགོན་པ་ཞིག་ཡིན། དེ་ནས་ཕར་ཙམ་འགོ་ཡུལ་གྲོང་ཡོད། འདིར་ཡག་དགེ་དགོན་འབོ་མི་ཐེ་པ་ཟེར་བ་མཆིས། དེ་ནས་བོན་དགོན་འགའ་ཤས་ཆགས་ཡོད། འདི་ཡན་ལ་རྔོ་སྟོད་ཟེར། སྒོ་དང་སྒོ་རྣ་འབེལ་ཟེར་བའི་མི་ཚང་རྟེན་ཁང་དུ་བཀའ་བསྟན་ཡོད་པ་ཞིག་ཡོད། འདི་རྣམས་ཕལ་ཆེ་བ་རོང་ས་སྟོན་ཐོག་གཉིས་རེ་ལེན་ཆོག་པ་ཡིན། ཁུལ་འདིར་འོག་ཐོག་འཁྲུངས་ཡུལ། གཡག་སྟག བྱང་རྭ་དགོན་ལ་སོགས་པའི་དགོན་སྡེ་ཁག་དྲུག་གི་མཁན་པོ་འབྲས་སྤུངས་ཚ་བ་ཁང་ཚན་ནས་གཏོང་སྲོལ་ཡོད། འདི་ནས་གཡས་ཕྱོགས་ས་ཁ་མཐོ་སར་ཚ་བ་ཁང་ཚན་ནས་གཏོང་སྲོལ་ཡོད། འདི་ནས་གཡས་ཕྱོགས་ས་ཁ་མཐོ་སར་ཚ་བ་རབ་ལོ་ཟེར་བའི་ཡུལ་འབྲོག་སྦྲགས་མའི་གྲོང་སྡེ་མང་ཙམ་ཡོད། རབ་ལོ་དགོན་པ་ཞེས་པའི་དགེ་ལུགས་དགོན་པ་ཞིག་ཀྱང་ཡོད། དགའ་ལྡན་ཁྲི་རིན་པོ་ཆེ་བློ་བཟང་བསྟན་པ་ཞེས་པའི་སྐྱེ་བུ་དམ་པ་དེ་དགོན་གནས་དེ་ནས་ལགས། ཁོང་ནི་དགའ་ལྡན་ཁྲི་ཐོག་དྲུག་ཅུ་པ་དེ་ཡིན། ཁོང་གི་མཚན་གཞན་ཞིག་ནི་ངག་དབང་ཆོས་གྲགས་པ་ཡིན། ཕྱི་ལོ་༡༧༡༠ལོར་མདོ་སྟོད་ཚ་བ་རོང་དུ་འཁྲུངས། ཕྱི་ལོ་༡༧༧༢ལོར་གསར་ཁྲིར་ཕེབས།ཁྲི་ལོ་བདུན་བསྐྱངས ཧ་ཅང་མཁས་སྙན་ཆེ་བས་༧རྒྱལ་བ་འཇམ་དཔལ་རྒྱལ་མཚོའི་ཡོངས་འཛིན་ཡང་མཛད།།

དེ་ནས་ཚུར་ཡང་རྔུལ་ཆུའི་རྒྱུད་དུ་རྩེབས་དང་། རབ་ཅན་ཟེར་བའི་གྲོང་སྡེ་ཆེ་བ་གཉིས་ཡོད། འདིར་རབ་ཅན་བྱང་རྭ་དགོན་གྲྭ་གྲངས་དྲུག་ཅུ་སྐོར་ཡོད་པའི་དགེ་ལུགས་དགོན་ཞིག་སྟེ། འདི་ནས་གཡས་ཕྱོགས་ལ་འགའ་ཤས་རྒྱབ་ན་རྒྱ་གར་ཤར་དང་ཉེ་བ་ན་ཚ་བ་རྫ་ཡུལ་གྲོང་སྡེ། དགའ་དང་སྐྱིད་སྒང་གཉིས། དཔལ་ས་སྐྱའི་འགྲོ་བ་དགོན་ཞེས་པ་མཆིས། དགྲ་བླ་དང་། གཞི་ཁ་ཐང་། འདིར་ཁྲ་ཡུལ་གནས་ཆེན་གངས་རྭ་ཟེར་བའི་གནས་ཆེན་ཞིག་ཡོད། དེ་ནས་རི་མ་དང་། ལ་སྡེ་གྲོང་གཉེར་ཞེས་པའི་རྫ་ཡུལ་གྲོང་ཁྱེར་ཆེ་བ་རྣམས་ཡིན། དེ་ནས་མར། སེང་གེ་དང་། ས་མང་། དུང་ཐང་། བུང་ཐང་། རོང་སྟོད། རོང་སྨད། ཨ་སྲབ། འདིར་དཔལ་ས་སྐྱའི་དགོན་པ་ཞིག་ཡོད། སོག་ཞུ་དང་། བུ་གཙང་། འདི་སྦས་ལུང་ཞིག་ཡིན། འདིར་ཡང་དགོན་པ་ཡོད། འདི་ནས་ཡར་པདྨ་བཀོད་དང་ཉེ། ཕར་རྒྱ་ཤར་དང་བར་དུ་རྩེད་ཐང་། གཙང་ཆུ་འདི་ནས་རྒྱུགས་པས་བཅད་པ་མ་གཏོགས་འགྱངས་ཆེ་བ་མེད།

སྔར་ཚ་བ་རོང་པ་རྣམས་ས་ཁུལ་འདི་ནས་རྒྱ་གར་ཤར་ཕྱོགས་རྡོ་རྭ་སྒང་དང་། སྒོ་ཧ་ཊི། ཚོང་གི་འགྲུལ་བཞུད་མང་པོ་བྱེད་ཡོད། ཕར་གླ་རྩི་དང་། སྨན་སྣ་རིགས། ལུག་བལ། ཕག་སྤུ་སོགས་དང་། ཚུར་རྒྱ་ཟོག་མང་པོ་ཚོང་ཟོག་གི་ཚུལ་དུ་བཏོན་ཡོད། དེ་ནས་ཚུར་ཚ་བ་འགི་ལ་ཡོད། འདི་ལ་གྲོང་སྡེ། ནང་ཤོག དངུལ་ཡུལ། ཟླ་སྣང་། བརྩིས། འདིར་དཔལ་ས་སྐྱའི་ཐང་ཅེན་དགོན་ཡོད། དེ་ནས་ཚག་དང་ཨ་ཞུ། མདའ་ཆེན་དང་གླ་པ། ཚེ་བུམ་ངར། ག་ཞག འཇོ། སྦུག་ཟོག་དང་། བཞད། འདིར་༧རྙིང་མའི་འགི་ལ་ཆུ་ཤོད་དགོན་ཡོད། གཡུ་དང་འདྲ་ཤན། ཚ་ཁོངས། སྦྱང་གཉིས། སྒེར་པ། ས་ཡུལ། ཟེར་བ་སོགས་ཡོད། འགི་ལར་གནས་ཆེན་རི་རབ་ཕག་ཞལ་ཟེར་བའི་ཕག་མོ་དང་རྟ་མགྲིན་གྱི་གནས་རྩ་ཆེན་ཞིག་མཇལ་རྒྱུ་ཡོད། ངོ་བོ་བྲག་རི་ཤིན་ཏུ་མཐོན་པོ་ལ་མདོག་དམར་པོ་རྟ་མགོའི་རང་བྱོན་ངོ་མཚར་ཅན་ཡོད། མཐའ་སྐོར་ཕྱི་ནང་གཉིས་ཡོད་པ་ཕག་ལོ་གང་ཡིན་ལ་གནས་སྒོ་ཕྱེ་བར་གྲགས་ཀྱང་རྒྱུན་དུའང་མཇལ་མཁན་མི་ཆད་པ་ཡོང་། གལ་སྲིད་ལུང་པ་ལ་དམག་འཁྲུག་དང་མུ་གེ ནད་ཡམས། ལོ་ཉེས། རྩ་ཐན་སོགས་འབྱུང་ན་འདི་ནས་ལྟས་སྣ་ཚོགས་འབྱུང་བ་རྒན་རབས་ཀྱི་ངག་རྒྱུན་ཤིན་ཏུ་མང་། དེ་ནས་ཚ་བ་འབྲོག་སྒང་ཆགས་ཡོད། འདིར་ཆ་ཧ། རྨུ་རམ་དུ་དཔལ་ས་སྐྱའི་དགོན་སེར་ལགས།།

དེ་ནས་སྤྲུལ་སྨད། སྤྲུལ་སྟོད། འདིར་དཔལ་སྔ་འགྱུར་གསང་ཆེན་ཐེག་པའི་རྙིང་མ། མཁའ་སྤྱོད་རྡོ་རྗེ་དགོན་ཞེས་པ་དེ་བཞུགས། ལྷོ་ཡི་རོང་ལྷ་རྒྱལ་མཚན་ཟེར་བའི་གཞི་བདག་གཉན་པོའང་འདིར་གནས་བཅས། རི་བྲག་གང་ཡིན་དང་། མཐོ་ཚད་ཇི་ཡོད་སོགས་མ་ཤེས་ཀྱང་རྡོ་རྗེ་དགྲ་འདུ་ཟེར་བའི་གནས་ཤིག་ཡོད། འབྲོག་སྒང་འདི་ཡུལ་འབྲོག་སྦྲགས་མ་ཡིན། འདི་ནས་མར་ཡང་སྨན་ཁུངས་ལ་ཐུག སྨན་ཁུངས་ཁོངས་ཤོད་ནོར་ཚང་ཟེར་བའི་མི་ཚང་གནས་ཁག་བཀའ་གཏན་ཡོད་པ་ཞིག་ཀྱང་ཡོད། གསང་སྔགས་ཆོས་རྫོང་གི་མངའ་འོག་མི་སེར་སྤྱི་བསྡོམས་ལྔ་ཁྲི་བཞི་སྟོང་དང་། ཞལ་ངོ་གསུམ་ཡོད་པར་གྲགས། རྒྱལ་མོ་རྔུལ་ཆུའི་རྒྱུད་གང་ཡིན་དང་། རྫ་ཡུལ་བཅས་ཁྱོན་ཚ་རོང་ས་ཡིན། འབྲོག་སྒང་། འགི་ལ། རབ་ལོ། འགོ་ཡུལ་ཟེར་བ་སོགས་ཡུལ་འབྲོག་སྦྲགས་མ་ཡང་མང་པོ་ཡོད། རོང་ས་རྣམས་ལ་འབྲུ་རིགས་ཐོན་ཁུངས། གྲོ་ནས། སྲན་མ་ཁག མ་རྨོས་ལོ་ཏོག བྲའུ། ཕྲེ་རྫེ། བརྩི་བརྩིས། སོ་བ། ཏིལ། ཡུངས་དཀར་སོགས་འབྲུ་རིགས་ཐོན་ཁུངས་ཧ་ཅང་ལེགས་པོ་ཡོད། ཕལ་ཆེར་སྟོན་ཐོག་གཉིས་འབྱུང་ས་ཡིན་པ་རེད། ཤིང་འབྲས་ཚ་ལུ་མ། ཀུ་ཡུང་། བསིལ་འབྲུ། ཁམ་བུ། སྟར་ཁ། རྒུན་འབྲུམ། ཞ་སེ་ཟེར་བ་སོགས་ཤིང་ཏོག་མང་པོ་འབྱུང་གི་ཡོད། ཚལ་རིགས། ཡུངས་མ། ལ་ཕུག སྔོ་རིགས། སི་པན། སྒོག་བཙོང་། འོ་སི་ཟེར་བ་སོགས་ཡོང་གི་ཡོད། ཐོན་སྐྱེད་ལེགས་པ་ལུང་པ་གཞན་ནས་འཁྱམས་ཀྱི་སྤྲང་པོ་དང་། འབྲུ་སྒྲུབ་ཀྱི་ཚོང་རིགས་དང་། གླ་མི་མང་པོ་འཁོར་ས་ཞིག་རེད། རྫོང་འགོ་ཚོས་ཀྱང་རྒྱལ་པོ་ལོ་ཁྲལ་ལ་མི་གཏོགས་པའི་སོ་སོའི་ཁེ་ཕན་བསྒྲུབ་སླད་མི་སེར་ལ་སྤུས་འདོན་རྒྱག་པ་དང་། དུ་བ་གནམ་གཏོང་བསྡུ་བ་ཡིན་ཟེར་བ་སོགས་མིང་འདགས་མང་པོ་བྱས་ཏེ་བསྡུ་ལེན་གྱིས་བརྡབས་བསིགས་གང་ལ་གང་འཚམས་བཟོས་ཡོང་།།

ལྷག་པར་བར་ཁམས་འདིར་འབྲས་ཀྱི་ཐོན་ཁུངས་རྫ་ཡུལ་ལས་མེད་སྟབས་འབྲས་འདོན་སྤེལ་མང་པོར་ཕོག་ནས་མི་སེར་ཧ་ཅང་ཉམ་ཐག་པར་ཆགས་ཡོད་སྐད། ཕྱིན་ཆད་རང་རེ་འདིའི་རིགས་མི་འབྱུང་བར་སྨོན་ལམ་རྒྱབ་དགོས། རོང་ས་འདི་རྣམས་ཡུལ་ལུང་རྣམས་ཕན་ཚུན་བར་བར་དུ་བྲག་རི་དང་། ནགས་རི་སྟུག་པོ་ཤིན་ཏུ་མཐོ་བོ་དག་གིས་བཅད་དེ། ལ་ཐུར་དང་། རི་རླུང་མང་བས་འགྲུབ་བཞུད་རྣམས་དཀའ་ངལ་ཆེ་ཙམ་ཡོད། ལ་ཡི་གོང་གི་ཡུལ་ཁངས་རྣམས་སུ་སྟོན་ཐོག་གྲོ་དང་། ནས།སྲན་མ། ཡུངས་མ། ལ་ཕུག སྔོ་ཚལ། འོ་སི་སྒོག་བཙོང་སོགས་ཚལ་གྱི་རིགས། སྟར་ཁ། ཁམ་བུ་ཡང་ཕྲན་ཙམ་ཡོད་པ་ཤིན་ཏུ་ཉམས་དགའ་བའི་ནགས་རི། སྤང་རི་ཚོམ་བུ། བར་བར་ཧ་ཅང་འགྱངས་མི་ཆེ་བ་དག་གིས་ཕྲེང་བསྒྲིགས་པ་ལྟ་བུ། ཤེལ་དཀར་མདངས་ལྟར་འཚེ་བའི་རྩེ་མོར་གངས་ཀྱིས་ཅུང་ཟད་གཡོགས་པ། སྐེད་པར་གཡའ་ཆུ་བསིལ་མའི་གཡུ་ཡི་ཕྱེ་མར་འཐོར་བ་ལྟ་བུ་རི་བོའི་བར་གྱི་སྤང་གཤོང་རྣམས་སུ་མ་བཅོས་རང་གྲུབ་ཀྱི་ཤིན་ཏུ་གཤིན་པའི་རྩྭ་བཟང་དང་། མེ་ཏོག་སྣ་ཚོགས་པ་བུང་བའི་ཁྱུ་ཚོགས་ཅི་དགར་རོལ་པའི་བསྟི་གནས། གཞན་ཡང་དབྱར་རྩྭ་དགུན་འབུ། དབྱར་གྲོ། བེ་རྨུག་སོགས་སྨན་རྩྭའི་རིགས་ཤིན་ཏུ་མང་ཞིང་། དབྱར་གཞུང་གི་དུས་མཚམས་སུ་སྨན་གྱི་དྲི་ངད་ཕྱོགས་ཀུན་འཐུལ་བའི་བསུང་ཞིམ་པོར་དགའ་སྐྱིད་ཚོར་བ་མི་ཟད་པར་མྱོང་ཆོག་པ་ཡོད། རིའི་གཡས་གཡོན་རྣམས་སུ་གནག་ཕྱུགས་གྲངས་མེད་སྐྱོང་བའི་རུ་བ་སྦྲ་གུར་ཅན་མང་པོས་དུ་བ་ཆུ་འཛིན་མཁའ་ལ་འཛིངས་པ་བཞིན་གནས་པ། ཕྱོགས་དང་ཕྱོགས་ནས་ལྷུང་ལྷུང་གི་སྒྲ་དང་ལྡན་པའི་འབབ་ཆུའི་རྒྱུན་བཟང་པོ་མང་བ། གཡས་གཡོན་རེས་མོས་སུ་བསྐོར་ཞིང་འཁྱིལ་ནས་འབབས་པ། གཞན་ཡང་ལྟེང་ཀ་དང་། ལུ་མ་རྣམས་སུ་ངང་པ་ཁྱོ་ཤུག་གཉིས་སམ་གསུམ་ལ་སོགས་པའི་འཕྱོ་ཞིང་རྩེན་པ། མཐའ་འཚམས་རྣམས་སུ་རྩི་ཤིང་སྣ་ཚོགས་པའི་ནགས་ཚལ་སྟུག་པོར་བག་ཕེབས་རྒྱུ་བའི་བྱ་དང་རི་དྭགས་མང་པོས་བསྟི་གནས་འཆའ་བ། གངས་རིའི་ཕྲག་པ་དག་ཏུའང་མཚོའི་རྫིང་བུ་མཆོད་ཡོན་ཆེད་དུ་བསྒྲིགས་པ་ལྟ་བུ། དེ་ལྟར་ཚ་བའི་བར་གྱི་ཡུལ་ལྗོངས་རྣམས་ཁྱོན་ཆེ་འདི་ལྟ་བུའི་མཛེས་སྡུག་གི་བཀོད་པ་དང་ལྡན་པའི་ས་ཆ་ཤ་སྟག་གིས་ཡུལ་མི་ཚོས་བརྗོད་སྲོལ་ཕུར་རུ་བ་དང་མདའ་ས་ཞིང་གི་བདག་པོ་ཡིན་ཟེར་གྱི་ཡོད།

ཚ་བ་སྒང་རོང་གཉིས་ལས་སྒང་གི་ཡུལ་ལྗོངས་རྣམས་ཐང་རྒྱ་ཆེ་སྤང་ཁ་ཡངས་པོ་ཡོད། སྨད་སྡེ་རྣམས་ཕལ་ཆེར་ཡུལ་འབྲོག་སྦྲགས་མ་ཡིན། སྟོང་སྡེ་ཚང་མ་འབྲོག་སྡེ་ཡིན། སྤང་ལྗོངས་ཚ་མ་མདོག་བསྒྱུར་ནུས་པའི་གནག་ཕྱུག་སེམས་ཅན་ཡོད་པ་རེད།དབྱར་དགུན་གཉིས་ཀྱི་ཁྱད་པར་མེད་པ་འབྲོག་ལས་ཀྱིས་མི་ཚེ་སྐྱེལ་གྱིན་ཡོད་པ་རེད། བཟའ་བཅའི་རིགས་ཁྱོན་ཆེ་ཤ་མར་ཐུད་ལ་སྤྱོད་ཀྱི་ཡོད། དབྱར་དུས་སུ་ཤིན་ཏུ་དྲི་ངད་ཐུལ་བའི་མེ་ཏོག དཀར་སེར་དམར་སྔོ་སྣ་ཚོགས་པའི་རང་རང་ཐད་ཀྱི་ནམ་མཁའ་ཡང་མདོག་འགྱུར་བ་ཙམ་གྱི་དྭངས་མ་ཆེད་དུ་ངོམ་པའི་ལས་ལ་བྲེལ་བ་ལྟ་བུ་དག་གིས་སྤང་ལྗོངས་ཀྱིས་མཐའ་དབུས་ཀུན་ཏུ་ཁྱབ་ནས་ཡོད། དྭངས་བསིལ་ཡན་ལག་བརྒྱད་དང་ལྡན་པའི་ལྷའི་ཁྲུས་ཀྱི་རྫིང་བུ་ལྟ་བུ་ལྟེང་ཀ་དང་། ལུ་མ། ནེའུ་གསིང་སོགས་ཡིད་དུ་འོང་བའི་ཆུ་མཚོ་དང་བསྟི་གནས་འབད་རྩོལ་གྱིས་སྒྲུབ་ཀྱང་མི་འགྲུབ་པའི་རང་གྲུབ་བརྩོན་མི་དགོས་པའི་ཁྱད་པར་ལྡན་པའི་ངོ་མཚར་ཆེ་བ། སྤྲོ་ཉམས་ཡང་འཕེལ་དུ་འདྲེན་པའི་གཟུགས་ཁམས་ལྟེ་འདྲེན་པའི་གཟུགས་ཁམས་ལྷའི་དཔལ་འབར་ཕུན་ཚོགས་མི་ཡུལ་དུ་གཏམས་པ་བཞིན་ཀུན་གྱི་མིག་འབྲས་སུ་འགྱུར་ངེས་འབྲོག་སྡེ་ཚོས་སྟོན་དུས་སུ་ཀོ་བ་དང་། བལ། ཤ་མར་སོགས་ཁྱེར་ནས་རོང་ས་རྣམས་སུ་འབྲུ་སྒྲུབ་ལ་ཡོང་གི་ཡོད། གཡག་ལུག་བརྒྱ་ཕྲག་དེད་ནས་བཤད་ཚོང་རྒྱག་གི་ཡོད། འབྲོག་ས་འདི་རྣམས་དགུན་དུས་ནི་ས་གཞི་ཐམས་ཅད་ཁ་བའི་གོས་ཀྱིས་གཡོགས་ནས་དགུན་དུས་འུར་སྒྲ་ཆེ་བའི་ཆུ་ཆེན་རྣམས་ཀྱང་ཁྱགས་རུམ་སྦུག་ནས་ཤུབ་བུའི་སྒྲ་ཙམ་ལས་མི་མངོན་པར་འགྲུལ་བཞུད་ཐམས་ཅད་འཁྱགས་ཐོག་ནས་བྱེད་ཆོག་པ་ཡོང་། ཤིན་ཏུ་གྲང་ངར་ཆེ་བས་ཤ་ཕོ་ཆེན་གྱི་རྭ་ཡང་གས་པའི་ལོ་རྒྱུས་ཡོད།།

འདི་ལྟ་ཚ་བ་སྟོད་སྨད་བ་གྱི་ཡུལ་ལྗོངས་འདི་རྣམས་ཁྲིམས་སྲོལ་དམ་པོ་ཡོད་མེད་ལ་མ་ལྟོས་པར་རང་བཞིན་གྱི་རྐུ་ཇག་ཉུང་བ། ནངས་ནུབ་བཞོ་དགོས་མེད་པའི་མཛོ་གཡག་ཚང་མ་ཟླ་བ་གཉིས་གསུམ་རིང་རྩྭ་བཟང་གི་སྤང་ཁ་དང་གངས་ཁྲོད་རྣམས་སུ་མིག་མི་བལྟ་བར་བདག་མེད་དུ་གྱུར་ནའང་རྐུན་ཇག་གི་ཉེན་ཁ་མེད་པ། ཁང་པ་ཐག་རིང་ན་ཡོད་པའི་ས་ཞིང་རྣམས་ཕར་འདེབས་བསྡུ་ལེན་སྐབས་མ་གཏོགས་རྒྱུན་དུ་གཏན་འཇགས་བྱ་ར་བྱེད་མི་མེད་ཀྱང་ལོ་ཏོག་བོར་བརླག་མི་འགྲོ་བ་ལུང་པ་ནང་ཁུལ་ཤོག་ཁག་དཔུང་བསྒྲིལ་གྱིས་འཁྲུག་རྩོད་རྒྱག་པ་དང་མི་གསོད་ཁྲག་སྦྱོར་བྱེད་པ་སྲིད་མཐའ་ཙམ་ཡིན། རང་གི་ལུང་པར་ལྟོ་གོས་མི་འཁྱོལ་བར་ཡུལ་ཁམས་གཞན་ལ་སྤྲང་འཁྱམས་མི་ཚེ་གང་བུད་བྱེད་པར་འགྲོ་མི་ཧ་ལམ་མི་སྲིད་པ་ལྟ་བུ་ཡིན། རི་ཀླུང་ལས་སྐྱེས་པའི་རྩ་ཤིང་ཐམས་ཅད་རང་འདོད་ཐུན་མོང་དུ་མཉམ་སྤྱོད་ཆོག་པ་མ་གཏོགས་དབང་ཤེད་ཀྱིས་བདག་བཟུང་བྱེད་མི་མེད། རྟ་དྲེལ་བརྒྱ་སྐོར་དེད་ནས་ཡར་ལྷ་ས་དང་མར་ས་དམ་བར་ཇ་ཟོང་། ཟོག་སྤུས་སྣ་བཀྲག་ལེགས་སོགས་འོར་འདྲེན་བྱེད་མཁན་གྱི་ཚོང་རིགས་ཀྱང་མང་པོ་ཡོད། ཡུལ་མི་རྣམས་དམག་ཤུགས་ཀྱང་ཆེན་པོ་ཡོད། སྔར་གླིང་གི་དུས་སུ་གཡོལ་ངོ་ལས་རྒྱལ་བའི་ལོ་རྒྱུས་ཡོད་པར་མ་ཟད། ཕྱིས་སུ་ཡང་སྡེ་པ་གཞུང་ནས་ཉག་རོང་དང་། སྤོ་བོ་ཀ་གནམ་སྡེ་པ་གཉིས་སྔ་ཕྱིར་ཆམ་ལ་ཕབ་པའི་སྐབས་སུ་དམག་བསྐུལ་ནས་དགྲ་ལ་ཡ་ལན་སྤྲོད་མཁན་གཙོ་བོ་ཡང་ཚ་བ་རོང་ནས་ཡིན། དེ་དུས་དཔའ་བོ་གཡུལ་ལས་རྒྱལ་བའི་དཔའ་ཁ་ལེན་མཁན་ཚ་བ་བྱང་དམར་ཡེ་ཤེས་ཆོས་འཕེལ་དང་དོམ་མགོ་ཟེར་བ་སོགས་དཔའ་བོ་འགའ་ཞིག་གི་མིང་ད་དུང་ཡང་མ་ཉམས་པར་འབོད་སྲོལ་ཡོད། གྲོང་པའི་སྐད་ལའང་ཁྲལ་གྲང་འཇལ། དམག་ཚ་འཐབ། ཚ་པོ་ཁྱེར་ཤོག་ཟེར་ན་རླངས་པ་ཐུལ་ཐུལ། གྲང་མོ་ཁྱེར་ཤོག་ཟེར་ན་འཁྱགས་པ་བསིལ་བསིལ་ཟེར་བ་ནང་བཞིན་ཁྲལ་རྟ་འུ་ལག་གི་བདག་པོ་ཡིན་པ་རེད།།

ཚ་བ་རོང་གི་དགོན་སྡེ་རྣམས་ཀྱི་སོ་སོའི་ཕྱག་འདེབས་མཁན་དང་། གྲྭ་གྲངས་ཇི་ཡོད། གྲྭ་རྒྱུན་ཐོབ་ཁོངས། སོ་སོའི་གདན་རབས་སོགས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དགའ་ལྡན་ཆོས་འབྱུང་དུ་ཞིབ་ཕྲ་གསལ་ཡོད། སྡེ་སྲིད་འདིས་ཨ་ལྕོ་གནས་སྐོར་བའི་ཟོལ་གྱིས་ཁམས་ཕྱོགས་སུ་ས་སྐོར་ལ་ཕེབས་དུས་དགོན་པ་སོ་སོའིི་ནང་ཉིན་ཞག་འགར་བཞུགས་ནས་བཀའ་འདྲི་གནང་སྟེ་ཆོས་འབྱུང་གི་ཟིན་བྲིས་བཀོད་ཡོད་པ་རེད། དེ་དུས་སྣང་མེད་ཡིས་སྣེ་ལེན་ལེགས་པོ་ཞུ་བ་རྣམས་ལ་ཕྱིས་སུ་དབུས་ནས་བདག་རྐྱེན་བཀའ་གཏན་སོགས་སྩལ་ཡོད་པ་རེད། གོང་གི་གནས་ཁག་དེ་ཚོའི་བཀའ་གཏན་ཡང་དེ་དུས་བྱུང་བ་ཡིན། ཡལ་མི་ཚོས་ཆོས་ཕྱོགས་ཀྱི་ལས་རིམ་ཡང་དུས་ཆེན་ཁག་བརྩི་སྲུང་། སྤྱི་སྒེར་སོ་སོའི་བཀའ་གཏན་དག་སྒྲོགས ཡུལ་ཚོ་སོ་སོའི་སྒྲོལ་འདོན། ས་ཚྭ་འདེབས་པ། ལོ་ཏོག་རིམ་གྲོ་སོགས་ལོ་དུས་ཆག་མེད་བྱེད་སྲོལ་ཡོད། མདོར་ན་མི་སྡེ་རྣམས་གྲངས་མང་། སྡེ་ཤོག་ཐ་དད། ལ་ལ་ཐང་མ་ལྟར་བརྟལ་ཆེ་བ། འགའ་ཞིག་ཚོམ་བུ་ལྟ་སྤུངས་ལེགས་པ། དབྱར་ཁའི་མེ་ཏོག་ལྟ་སྣ་ཚོགས་ཡོད་པ་ཡུལ་འཛོམས། ཕྱུག་པོ་མང་། མེད་པོས་བཙལ་སླ། སློང་མོས་རྙེད་སླ། མི་ལ་མཁས་པ་མང་། ཡ་རབས་ཀྱི་ལུགས་སྲོལ་ཤེས། མི་ཆོས་ལ་ཤེས་སྒོ་ཡངས། ལྷ་ཆོས་དགེ་བ་བཟང་། རིག་གནས་ལ་རྣམ་དཔྱོད་ཞིབ་ཅེས་པ་ལྟ་བུའི་ཁྱད་པར་ཐམས་ཅད་དང་ལྡན་པ་ཡིན་ནོ།།

ས་མཚམས་གཡོན་ཕྱོགས་ནས་སྟོད་རྣམས་བྲག་གཡབ། ཡར་དཔའ་ཤོད། བར་རྨ་ཁམས། སྨད་རྣམས་ཀོང་ར་དང་། མར་འཇུས། གཡས་ཕྱོགས་ནས་གསང་སྔགས་ཆོས་རྫོང་ནས་ཡར་སྤོ་དང་པདྨ་བཀོད། རྫ་ཡུལ་ནས་ཕར་རྒྱ་ཤར། སྨན་ཁུང་ནས་ཕར་འབར་མ་དང་ས་འབྲེལ་ཡོད་རེད། མདོ་ཁམས་སྟོད་ཕྱིས་སུ་གཞུང་སྡེར་གཏོགས་པ་འདི་ལ་ཚ་བ་རོང་སྐོར་བཅུ་གཉིས། རྨ་ཁམས་སོགས་སྡེ་བཅོ་བརྒྱད། ཆབ་མདོ་བརྒྱ་ཤོག་བཅོ་བརྒྱད། བྲག་གཡབ་འདོམས་ཚོ་བཅུ་གཉིས། ཤོ་སྟར་ལྷོ་གསུམ། སྤོ་ཆུ་ལུང་དྲུག ཀོང་པོ་ངར་ལ་བརྒྱ་ཤོག་བདུན་ཞེས་རྒན་རབས་ཚོའི་ངག་རྒྱུན་ལ་ཡོང་ངོ་། སྤོ་འདིར་མདའ་ཞིང་དགོན་པ། སུམ་རྫོང་དགོན་པ། ཆུ་མདོ་དགོན་པ་ཟེར་བ་སོགས་དགེ་ལུགས་དགོན་པ་མང་པོ་ཡོད། རྙིང་དགོན་ཡང་མང་པོ་ཡོད། དགེ་ལུགས་རྣམས་ཀྱི་གྲྭ་རྒྱུན། འབྲས་སྤུངས་ཚ་བ། དགའ་ལྡན་ཚ་བ། སེར་ར་སྤོ་ཁང་ཚན། དེ་བཞིོན་སེར་བྱེས་ཚ་བ་དང་། སེར་སྨད་ཚ་བ་བཅས་ལ་ཐོབ་ཀྱི་ཡོད་པ་རེད། གོང་འཁོད་དགོན་སྡེ་སོ་སོའི་སྐུ་གསུང་ཐུགས་རྟེན་སྤྱི་དང་ནང་རྟེན་ཁྱད་འཕགས་ཇི་ཡོད་དང་། བླ་བྲང་ཁག་ཇི་འདྲ་ཡོད་ཚུལ་སོགས་ཞིབ་པར་བྲིས་མ་འོངས་སོ།། །།


ཆབ་མདོ་ས་ཁུལ[རྩོམ་སྒྲིག]

བོད་རང་སྐྱོང་ལྗོངས་ Flag of the People's Republic of China.svg
ལྷ་ས་གྲོང་ཁྱེར ཁྲིན་ཀོན་ཆུས་‎ | ལྷུན་གྲུབ་རྫོང་‎ | འདམ་གཞུང་རྫོང་‎ | སྙེ་མོ་རྫོང་‎ | ཆུ་ཤུར་རྫོང་‎ | སྟོད་ལུང་བདེ་ཆེན་རྫོང་‎ | སྟག་རྩེ་རྫོང་‎ | མལ་གྲོ་གུང་དཀར་རྫོང་
ནག་ཆུ་ས་ཁུལ ནག་ཆུ་ས་ཁུལ་‎ | ལྷ་རི་རྫོང་ | འབྲི་རུ་རྫོང་ | གཉན་རོང་རྫོང་ | ཨ་མདོ་རྫོང་‎ | ཤན་རྩ་རྫོང་ | སོག་རྫོང་ | དཔལ་མགོན་རྫོང་ | སྦྲ་ཆེན་རྫོང | ཉི་མ་རྫོང | མཚོ་གཉིས་དོན་གཅོད་ཁྲུའུ་*
ཆབ་མདོ་ས་ཁུལ ཆབ་མདོ་རྫོང་ | འཇོ་མདའ་རྫོང་ | གོ་འཇོ་རྫོང་‎ | རི་བོ་ཆེ་རྫོང་‎ | སྟེང་ཆེན་རྫོང་ | བྲག་གཡབ་རྫོང་‎ | དཔའ་ཤོད་རྫོང་ | མཛོ་སྒང་རྫོང་‎ | སྨར་ཁམས་རྫོང་‎ | ལྷོ་རོང་རྫོང་‎ | དཔལ་འབར་རྫོང་‎
ཉིང་ཁྲི་ས་ཁུལ ཉིང་ཁྲི་ས་རྫོང་‎ | ཀོང་པོ་རྒྱ་མདའ་རྫོང་‎ | སྨན་གླིང་རྫོང་། | མེ་ཏོག་རྫོང་། | སྤོ་མེས་རྫོང་‎ | རྫ་ཡུལ་རྫོང་‎ | སྣང་རྫོང་‎
ལྷོ་ཁ་ས་ཁུལ སྣེ་གདོང་རྫོང་‎ | གྲ་ནང་རྫོང་‎ | གོང་དཀར་རྫོང་‎ | ཟངས་རི་རྫོང་‎ | འཕྱོངས་རྒྱས་རྫོང་‎ | ཆུ་གསུམ་རྫོང་ | མཚོ་སམད་རྫོང་ | ལྷོ་བྲག་རྫོང་‎ | རྒྱ་ཚ་རྫོང་‎ | ལྷུན་རྩེ་རྫོང་‎ | མཚོ་སྣ་རྫོང་‎ | སྣ་དཀར་རྩེ་རྫོང་‎
གཞིས་ཀ་རྩེ་ས་ཁུལ གཞིས་ཀ་རྩེ་‎ | རྣམ་གླིང་རྫོང་‎ | རྒྱལ་རྩེ་‎ | དིང་རི་རྫོང་‎ | ས་སྐྱ་རྫོང་‎ | ལྷ་རྩེ་རྫོང་‎ | ངམ་རིང་རྫོང་‎ | བཞད་མཐོང་སྨོན་རྫོང་‎ | པ་སྣམ་རྫོང་‎ | རིན་སྤུངས་རྫོང་‎ | ཁང་དམར་རྫོང་‎ | གདིང་སྐྱེས་རྫོང་‎ | འབྲོང་པ་རྫོང་‎ | གྲོ་མོ་རྫོང་‎ | སྐྱིད་གྲོང་རྫོང་‎ | གཉའ་ལམ་རྫོང་‎ | ས་དགའ་རྫོང་‎ | གམ་པ་རྫོང་‎
མངའ་རིས་ས་ཁུལ སྒར་རྫོང་‎ | སྤུ་ཧྲེང་རྫོང་‎ | རྩ་མདའ་རྫོང་‎ | རུ་ཐོག་རྫོང་‎ | དགེ་རྒྱས་རྫོང་‎ | སྒེར་རྩེ་རྫོང་‎ | མཚོ་ཆེན་རྫོང་‎



ཆ་ཚང་མེད་པས་ཁྱེད་ཀྱིས་ཁ་སྣོན་གནང་རོགས།