Jump to content

དཔའ་མཛངས་

ཡོང་ཁུངས་Wikipedia

དཔའ་མཛངས་ཞེས་པ་ནི་སྤྱིར་བཏང་དཔའ་བ་དང་མཛངས་པ་གཉིས་ཀྱི་ཆ་དང་ལྡན་པ་ལ་ཟེར་ཞིང་། ཁྱད་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་བཤད་རྣམས་སུ་ཞེ་སྡང་སོགས་ཉོན་མོངས་སྐྱེས་པའི་ཚེ་དཔའ་ཞིང་མཛངས་པའི་སྒོ་ནས་གཉེན་པོ་བསྟེན་པར་མཁས་པའི་ཁྱད་ཆོས་དང་ལྡན་པའི་ཕྱིར་རོ། །

སྒྲ་བཤད།

[རྩོམ་སྒྲིག]

འཇིགས་པ་མེད་པ་དང་བརྩོན་འགྲུས་ཆེ་བ་ཡིད་ཆེས་བརྟན་པ་སོགས་ཀྱི་ཁྱད་པར་དང་ལྡན་པས་དཔའ་བ་དང་། ཤེས་རབ་དང་ལྡན་ཞིང་ཡིད་གཞུངས་པ། ཐབས་ལ་མཁས་པ། བསླབ་བྱའི་གནས་ལ་མཁས་པའི་ཁྱད་ཆོས་དང་ལྡན་པས་ན་མཛངས་པས་ན་དཔའ་མཛངས་ཞེས་བརྗོད་དོ། །

ནང་དོན།

[རྩོམ་སྒྲིག]

འོན་ཀྱང་ཉོན་མོངས་པའི་དགྲ་རྣམས་ལ་ནི་དེ་གཉིས་ཀ་མེད་པས། "ལེ་ལོ་དང་མཚུངས་པར་ལྡན་པས་ན་སྟོབས་དང་བརྩོན་འགྲུས་ཆེ་བའི་དཔའ་ཞིང་བརྟུལ་ཕོད་པ་ཞིག་མ་ཡིན་ལ། གཏི་མུག་དང་མཚུངས་པར་ལྡན་པས་ན་ཡིད་གཞུངས་པའི་མཁས་ཤིང་མཛངས་པ་ཞིག་མིན་ན་ཡང་"[]ཞེས་གསུངས་པ་འདིས་ཉོན་མོངས་པ་རྣམས་ལ་ལེ་ལོ་ཞེས་པ་དང་གཏི་མུག་ཅེས་པའི་རྨོངས་པ་དང་མཚུངས་ལྡན་ཡིན་པས། དཔའ་བ་དང་མཛངས་པའི་ཁྱད་པར་གང་ཡང་མེད་བཞིན་དུ་སེམས་ཅན་རང་གི་དབང་དུ་བཟུང་སྟེ་སྡུག་བསྔལ་དུ་སྦྱོར་བར་བྱེད་པའི་དོན་ཡིན། དཔའ་བ་མཛངས་མི་ལྡན་པའི་ཉེས་དམིགས། "དཔའ་བ་སྟེ་དཔའ་བརྟན་དང་མི་ལྡན་པའོ། །མཛངས་མིན་ཏེ་ཡིད་གཞུངས་པ་དང་ལྡན་པ་མ་ཡིན་པའོ། །"[]ཞེས་གསུངས་པས་ཉོན་མོངས་པ་རྣམས་ལ་དཔའ་བ་ཞེས་པའི་བརྟན་པ་དང་མི་འཇིགས་པའི་ཁྱད་པར་མེད་ལ། མཛངས་པ་དང་ཡིད་གཞུངས་ཤིང་མཁས་པའི་ཁྱད་པར་ཡང་མེད་པའི་དོན་ཡིན།

གཏི་མུག་དང་མཚུངས་ལྡན་དུ་སོང་བ།

[རྩོམ་སྒྲིག]

"དཔའ་བོ་བརྩོན་འགྲུས་ཅན་ཡང་མ་ཡིན་ཏེ་ལེ་ལོ་དང་མཚུངས་ལྡན་ཡིན་ལ་བསླུ་བྲིད་མཁས་པས་མཛངས་པ་ཤེས་རབ་ཅན་ཞིག་ཀྱང་མིན་ཏེ་གཏི་མུག་དང་མཚུངས་ལྡན་ཡིན་"[] ཞེས་གསུངས་པ་ནི་ཉོན་མོངས་པ་རྣམས་ལ་བརྩོན་འགྲུས་ཅན་གྱི་དཔའ་བ་མེད་ཅིང་ལེ་ལོ་ཞེས་པའི་ལུས་སེམས་སྙོམས་ལུས་དང་མཚུངས་ལྡན་ཡིན་ལ། དེ་བཞིན་དུ་མཁས་པ་དང་མཛངས་པའི་ཤེས་རབ་ཅན་མེད་ཅིང་གཏི་མུག་ཅེས་པའི་རྨོངས་པ་དང་མཚུངས་ལྡན་ཡིན་པའི་དོན་ཡིན།

དཔའ་མཛངས་མེད་པས་དབང་མེད་བྲན་དུ་གྱུར་པ།

[རྩོམ་སྒྲིག]

"བརྩོན་པ་ཆེ་བའི་དཔའ་བ་དང་ཐབས་མཁས་པའི་མཛངས་པ་མིན་ཡང་ཅི་ཞིག་ལྟར་ཉོན་མོངས་དེ་དག་གིས་བདག་བྲན་བཞིན་དུ་རང་དབང་མེད་པར་བྱས་པའོ། །"[]ཞེས་གསུངས་པས་ཉོན་མོངས་པ་རྣམས་ལ་བརྩོན་པ་ཆེ་བའི་དཔའ་བ་དང་ཐབས་མཁས་པའི་མཛངས་པ་མེད་བཞིན་དུ་ཅུང་ཞིག་ལྟར་སེམས་ཅན་བྲན་ཞིག་དབང་དུ་བསྡུས་པ་ལྟར་རང་གི་དབང་པོ་མེད་པར་བཀོལ་ཞིང་གཡོག་བྱེད་དུ་འཇུག་པའི་དོན་ཡིན། "བརྩོན་འགྲུས་དང་མཚུངས་པར་ལྡན་པས་དཔའ་བོ་དང་སྤོབས་པ་དང་ལྡན་པས་མཛངས་པ་མིན་ཡང་ཇི་ཞིག་ལྟར་དེ་དག་གིས་བདག་བྲན་བཞིན་དབང་མེད་དུ་བཀོལ་བར་བྱས་སོ། །"[]ཞེས་པ་ཡང་དེ་དང་འདྲ་བའི་དོན་ཡིན་ཏེ། ཉོན་མོངས་པ་རྣམས་ལ་བརྩོན་འགྲུས་ཀྱི་དཔའ་བ་དང་སྤོབས་པའི་མཛངས་པ་མེད་བཞིན་དུ་སེམས་ཅན་རང་གི་དབང་མེད་པར་བཀོལ་བར་བྱེད་པའོ། །

བསྡུས་དོན།

[རྩོམ་སྒྲིག]

དཔའ་མཛངས་ཞེས་པ་ནི་སྤྱིར་བཏང་དཔའ་བ་དང་མཛངས་པ་གཉིས་ཀའི་ཁྱད་པར་དང་ལྡན་པར་བརྗོད་ཅིང་།དཔའ་བ་ནི་བརྩོན་འགྲུས་དང་སྟོབས་ཆེ་བའི་ཉམས་དང་། མཛངས་པ་ནི་ཡིད་གཞུངས་པའི་ཤེས་རབ་ཅན་ལ་ཟེར། འོན་ཀྱང་ཉོན་མོངས་པའི་དགྲ་རྣམས་ལ་ལེ་ལོ་དང་གཏི་མུག་དང་མཚུངས་ལྡན་ཡིན་པས་དཔའ་མཛངས་ཀྱི་ཁྱད་པར་མེད་པས་སེམས་ཅན་རང་དབང་མེད་པར་བཀོལ་ཞིང་སྡུག་བསྔལ་དུ་སྦྱོར་བར་བྱེད་པ་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  2. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  4. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  5. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།