དཔའ་བོ་གར་སྤྱོད་
དཔའ་བོ་གར་སྤྱོད་ཅེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ལམ་གྱི་ཁྱད་ཆོས་མཚོན་པའི་ཐ་སྙད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་སྲིད་ཞི་མཉམ་ཉིད་ཀྱི་དོན་རྟོགས་ནས་འཁོར་བ་དང་མྱང་འདས་གང་དུ་ཡང་མི་གནས་པར་སེམས་ཅན་གྱི་དོན་མཛད་པའི་སྤྱོད་པ་ལ་གོ །
མཚན་ཉིད།
[རྩོམ་སྒྲིག]ཐབས་ཤེས་ཟུང་འབྲེལ་གྱི་སྤྱོད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟོགས་པས་ཁམས་གསུམ་གྱི་ཉོན་མོངས་པ་ལས་ཡང་དག་པར་འདས་ཤིང་། སྙིང་རྗེའི་དབང་གིས་སེམས་ཅན་གྱི་དོན་དུ་སྲིད་པར་སྐྱེ་བ་བླངས་ནས་སྤྱོད་པ་སྣ་ཚོགས་སྟོན་པའི་བྱང་ཆུབ་སེམས་དཔའི་སྤྱོད་ལམ།
སྒྲ་བཤད།
[རྩོམ་སྒྲིག]དཔའ་བོའི་སྒྲ་དོན། "གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་མཚན་མའི་རྣམ་པར་གཡེང་བས་རབ་ཏུ་མི་གཡོ་བའི་ཕྱིར་དེ་ནི་དཔའ་བོའོ། །"[༡]གར་སྤྱོད་ཀྱི་སྒྲ་དོན།གར་ལྟར་ཐབས་སྣ་ཚོགས་ཀྱིས་སྤྱོད་པ་སྟེ། གདུལ་བྱའི་བློ་དང་མཐུན་པར་སྐྱེ་རྒ་ན་འཆི་སོགས་ཀྱི་སྤྱོད་ལམ་སྣ་ཚོགས་སྟོན་པའི་དོན།
ངེས་ཚིག
[རྩོམ་སྒྲིག]སྲིད་ཞི་ལ་མི་གནས་པའི་ཁྱད་ཆོས། "དཔའ་བོ་བྱང་ཆུབ་སེམས་དཔའ་རྣམས་གནས་སྐབས་ཅི་དང་གར་སྤྱོད་ཀྱང་སྲིད་དང་ཞི་བ་གཉིས་སུ་མེད་པ་ཡེ་ནས་རྣམ་དག་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིས། ཁམས་གསུམ་གྱི་ཉོན་མོངས་པ་ཀུན་ལས་ཡང་དག་པར་འདས་ལ་དེ་ལྟ་ནའང་ཉན་ཐོས་ལྟར་སྲིད་པ་ལས་རྣམ་པར་གྲོལ་བའི་མྱང་འདས་ཕྱོགས་གཅིག་པ་ལ་གནས་པའང་མིན་ཏེ།"[༢] ཞེས་གསུངས་ཡོད།
སྤྱོད་ཚུལ་གྱི་ཁྱད་ཆོས།
[རྩོམ་སྒྲིག]ཉོན་མོངས་སྤངས་ཀྱང་སྲིད་པར་སྐྱེ་བ། "མ་རིག་པ་དང་ལྟ་བའི་ཉོན་མོངས་པ་བསལ་བར་གྱུར་ཀྱང་འདོད་པ་དང་སྲེད་པའི་ཟག་པ་ཙམ་ཡང་མ་སྤངས་པར་ཐབས་མཁས་ཀྱི་སྐྱེ་བ་ལྟར་སྟོན་པར་བྱེད་ཅིང་། དཔེ་དེ་བཞིན་དུ་རྒས་པ་དང་ན་བ་དང་འཆི་བ་མེད་ཀྱང་གདུལ་བྱའི་བློ་ངོར་འཆི་འཕོ་ལ་སོགས་ཡོད་པ་ལྟར་སྟོན།"[༣] རྒྱུ་འབྲས་མེད་བཞིན་དུ་སྟོན་པ། "དེ་དག་ཏུ་གནས་པའི་ལས་དང་ཉོན་མོངས་པ་མེད་པས་རྒ་དང་ན་དང་འཆི་བ་མེད་ཀྱང་རྒ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་འཆི་འཕོ་སྟོན་པར་བྱེད་དོ། །"[༤]ཞེས་པ་ལྟར་རོ། །
ཉན་ཐོས་དང་གི་ཁྱད་པར།
[རྩོམ་སྒྲིག]"ཐབས་ལ་མི་མཁས་པས་ཡང་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རིང་བར་གྱུར་ཏེ། ཉན་ཐོས་ལ་སོགས་པ་རྣམས་ནི་རང་གི་རྟོག་པ་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྙིང་རྗེ་དང་ཤེས་རབ་དང་བྲལ་བས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་ཇི་ལྟར་འབྲེལ་པ་བཞིན་དུ་གནས་ཏེ།"[༥]
ཞེས་གསུངས་སོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༦༧
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལྕགས་པར། ཤོག་ངོས་༣༧a
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་༥༥
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༦༧
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༦༧