Jump to content

དཔའ་བོ་

ཡོང་ཁུངས་Wikipedia

དཔའ་བོ་ཞེས་པ་ནི་ཉོན་མོངས་པའི་དགྲ་ལས་རྣམ་པར་རྒྱལ་བའི་སྟོབས་དང་ལྡན་པའི་གང་ཟག་ལ་གོ། སྤྱིར་བཏང་འཇིག་རྟེན་པས་ཕ་རོལ་གྱི་དགྲ་བོ་འཇོམས་པ་ལ་དཔའ་བོ་ཞེས་བརྗོད་ཀྱང་། ཆོས་ཀྱི་སྒོ་ནས་བལྟ་ན་རང་རྒྱུད་ཀྱི་ཉོན་མོངས་པ་གཞོམ་ནུས་པ་ལ་དཔའ་བོ་ཆེན་པོ་ཞེས་འདོད།

ནད་དོན།

[རྩོམ་སྒྲིག]

དཔའ་བོ་ཞེས་པ་ནི་དཔའ་བ་དང་སྟོབས་དང་ལྡན་པའི་སྐྱེས་བུ་ལ་གོ་ཞིང་། འཇིག་རྟེན་པའི་སྒོ་ནས་ན་གཡུལ་ངོར་དགྲ་ལས་རྒྱལ་བའི་སྐྱེས་བུ་ལ་འདོད་མོད། ཐེག་པ་ཆེན་པོའི་ཆོས་ཀྱི་སྒོ་ནས་ན་ཉོན་མོངས་པའི་དགྲ་ལས་རྒྱལ་བའི་བྱང་ཆུབ་སེམས་དཔའ་ལ་བརྗོད་པར་འདོད་དོ།

མཚན་ཉིད།

[རྩོམ་སྒྲིག]

"ཞེ་སྡང་ལ་སོགས་པ་ཉོན་མོངས་པའི་དགྲ་འཇོམས་པ་དེ་དག་ནི་དགྲ་ལས་རྒྱལ་བར་བྱེད་པའི་དཔའ་བོ་སྟེ།"[] ཞེས་གསུངས་པ་ལྟར། དཔའ་བོའི་མཚན་ཉིད་ནི་ཞེ་སྡང་སོགས་ཉོན་མོངས་པའི་དགྲ་འཇོམས་ནུས་པ་ཡིན།

གཉེན་པོའི་ང་རྒྱལ་ཅན།

[རྩོམ་སྒྲིག]

"ཉོན་མོངས་པའི་དགྲ་ལས་རྒྱལ་བར་བྱ་བའི་ཕྱིར་གཉེན་པོའི་ང་རྒྱལ་འཆང་བ་དེ་ནི་གཉེན་པོའི་སྟོབས་ཆེ་བས་ང་རྒྱལ་ཅན་ཞེས་བྱ་བ་དང༌། དགྲ་ལས་རྣམ་པར་རྒྱལ་བས་དཔའ་བོ་ཡང་དེ་ཉིད་ཡིན་"[]ཞེས་གསུངས་པས་དཔའ་བོ་ཞེས་པ་ནི་དོན་གྱིས་ཉོན་མོངས་པའི་དགྲ་ལས་རྒྱལ་བའི་ང་རྒྱལ་ཅན་ལ་ཟེར།

དཔའ་བོའི་ཁྱད་པར།

[རྩོམ་སྒྲིག]

"ཐ་མལ་པའི་དགྲ་ནི་མ་བསད་ཀྱང་འཆི་བས་དེ་གསོད་པ་དཔའ་པོ་མིན་ལ། ཉོན་མོངས་པའི་དགྲ་ནི་གཉེན་པོས་མ་བཅོམ་པར་ཞི་བར་མི་འགྱུར་བས་དེ་འཇོམས་པ་ལ་དཔའ་བོ་ཆེན་པོ་ཞེས་བརྗོད་དོ། །"[] ཞེས་པ་ལྟར་ཉོན་མོངས་པ་གཞོམ་པ་ལ་དཔའ་བོ་ཆེན་པོ་ཞེས་བྱ་བ་དེ་ནི་འཇིག་རྟེན་པའི་དཔའ་བོ་ལས་ཁྱད་པར་ཅན་ཡིན།

དཔའ་བོའི་སྤྱོད་ལམ།

[རྩོམ་སྒྲིག]

"སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད་ནས་ཞེ་སྡང་ལ་སོགས་པ་ཉོན་མོངས་པའི་དགྲ་འཇོམས་པ་དེ་དག་ནི་དགྲ་ལས་རྒྱལ་བར་བྱེད་པའི་དཔའ་བོ་སྟེ།"[] ཞེས་གསུངས་པ་ལྟར། དཔའ་བོའི་སྤྱོད་ལམ་ནི་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད་ནས་ཉོན་མོངས་པའི་དགྲ་འཇོམས་པ་ལ་གོ།

སྡུག་བསྔལ་ལ་བཟོད་པ།

[རྩོམ་སྒྲིག]

དཔའ་བོ་ཞེས་པ་ནི་སྡུག་བསྔལ་གྱིས་མི་ཚུགས་ཤིང་བཟོད་པ་ཆེན་པོ་ཡོད་པ་ཡིན། "དེ་ཡང་དུག་སྦྲུལ་དང་དུག་སྦྲང་སོགས་དུས་ཀྱི་རྗེས་སུ་འབྲང་བའི་སྲོག་ཆགས་ཀྱིས་ལུས་ལ་ཟོས་པའི་སྡུག་བསྔལ་དང༌། བཀྲེས་སྐོམ་སོགས་འཚོ་བའི་ཡོ་བྱད་མ་ཚང་བའི་སྡུག་བསྔལ་དང་། གཡན་པ་ལ་སོགས་པ་ནད་ཀྱི་སྡུག་བསྔལ་རྣམས་དབང་མེད་དུ་མྱོང་ཞིང་མི་བཟོད་མཐུ་མེད་པ་མཐོང་བ་ལ་བསམས་ནས་ཆོས་ཀྱིས་ཕྱིར་སྡུག་བསྔལ་ཅཱ་བྱུང་ཡང་བཟོད་པར་བྱ་ཞིང་རི་རབ་རླུང་གིས་མི་བསྒུལ་བ་ལྟར་བདག་དང་བདག་གི་ལ་གཅེས་སྤྲས་སུ་འཛིན་པའི་གཟེ་རེག་སྤངས་ཏེ་རྐྱེན་ཅིས་ཀྱང་སེམས་མི་གཡོ་བར་བྱ་ལ།"[] ཞེས་གསུངས་པ་ལྟར་སྡུག་བསྔལ་ལ་བཟོད་སྲན་ཆེ་བ་ཡོད།

བསྡུས་དོན།

[རྩོམ་སྒྲིག]

དཔའ་བོ་ཞེས་པ་ནི་རང་རྒྱུད་ཀྱི་ཉོན་མོངས་པ་གཞོམ་ནུས་པ་ལ་གོ་བ་ཡིན། འཇིག་རྟེན་པས་ཕ་རོལ་གྱི་དགྲ་འཇོམས་པ་ལ་དཔའ་བོ་ཞེས་བརྗོད་ཀྱང་། དེ་ནི་རང་བཞིན་གྱིས་འཆི་བའི་སྐྱེ་བོ་གསོད་པ་འདྲ་བས་དངོས་ཀྱི་དཔའ་བོ་མིན། ཉོན་མོངས་པ་ནི་གཉེན་པོས་མ་བཅོམ་ན་རང་བཞིན་གྱིས་ཞི་བར་མི་འགྱུར་བས། དེ་འཇོམས་ནུས་པ་ལ་དཔའ་བོ་ཆེན་པོ་ཞེས་བྱ།

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༡༢༣
  2. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༡༧༧
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། ༥༣༤
  4. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༩༣
  5. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༤༢༧