Jump to content

དཔའ་བརྟན་

ཡོང་ཁུངས་Wikipedia

དཔའ་བརྟན་ཞེས་པ་ནི་སེམས་ཀྱི་ངང་ལ་དཔའ་ཞིང་བརྟན་པོའི་ཁྱད་ཆོས་ཡོད་པའམ། བཟོད་པ་དང་མི་འཇིགས་པའི་སྙིང་སྟོབས་ཆེ་ཞིང་བརྟན་པོ་ཡིན་པའི་སེམས་ཀྱི་ཁྱད་པར་རམ་སྐྱེས་བུའི་ཁྱད་པར་ཞིག་ལ་ཟེར།

ནང་དོན།

[རྩོམ་སྒྲིག]

བཟོད་པའི་སྒོ་ནས་འགྲེལ་པ། "སེམས་ཀྱི་ངང་བརྟན་པ་དང་། སྡར་མའི་ཚུལ་ལ་གོམས་པའི་སྟོབས་ཀྱིས་དེ་ལྟར་འགྱུར་བ་ཡིན་ནོ། །"[]ཞེས་གསུངས་པ་ལྟར་དཔའ་བརྟན་ནི་སེམས་ཀྱི་ངང་བརྟན་པའི་དབང་གིས་སྐྱེས་པའི་ཁྱད་ཆོས་ཤིག་ཡིན།

"སྐྱེས་བུ་དཔའ་བོ་ལ་ལ་རང་ལ་གཞན་གྱིས་མཚོན་བསྣུན་པའི་བདག་གི་ཁྲག་མཐོང་ན་དཔའ་བརྟན་ལྷག་པར་སྐྱེ་བར་འགྱུར་བ་ཡོད་ལ། བསྡར་མ་ལ་ལ་གཞན་གྱི་ཁྲག་མཐོང་ན་ཡང་བོག་ཅིང་བརྒྱལ་བར་འགྱུར་བ་ཡང་ཡོད།"[] ཞེས་པའི་དཔེ་བཀོད་ནས་དཔའ་བརྟན་གྱི་ཁྱད་པར་བསྟན་པ་ལྟར། དཔའ་བརྟན་ནི་གནོད་པ་དང་ཕྲད་སྐབས་སེམས་ཀྱི་སྟོབས་རྒྱས་པར་འགྱུར་བའི་ཁྱད་ཆོས་ཡིན།

སེམས་ཀྱི་རྣམ་པ་ལ་བལྟས་པའི་ངོ་བོ། "སེམས་བརྟན་པ་ལ་ནི་སྡུག་བསྔལ་ཡང་བཟློག་ནས་སོ། །"[]ཞེས་གསུངས་པ་ལྟར། དཔའ་བརྟན་གྱི་ཁྱད་ཆོས་ནི་སེམས་བརྟན་པ་ཞིག་ལ་བརྟེན་ནས་སྡུག་བསྔལ་ཡང་དག་ཏུ་བཟློག་ནུས་པའི་ནུས་པ་ཞིག་ཡིན།

"རིམ་པ་ལྟར་སེམས་ཀྱི་ངང་རྒྱུད་བརྟན་པ་སྟེ་དཔའ་བརྟན་ཆེ་བ་དང་སྔར་མའི་ཚུལ་ལས་ཏེ་དཔལ་བརྟན་མེད་པ་ལས་གྱུར་པ་ཡིན་ནོ། །"[]ཞེས་གསུངས་པ་ལྟར། དཔའ་བརྟན་ནི་སེམས་ཀྱི་ངང་རྒྱུད་བརྟན་པ་ལས་སྐྱེས་པའི་ཁྱད་ཆོས་ཤིག་ཡིན།

གོམས་པའི་ཐབས་ལ་བལྟས་པའི་ངོ་བོ། "སེམས་ངང་གི་བརྟན་པ་དང་སྡར་བ་དེ་ཡང་སྐྱེ་བ་གཞན་དང་གཞན་དག་ནས་དཔའ་བ་ལ་གོམས་པ་དང་སྡར་བ་ལ་གོམས་པའི་ཁྱད་པར་ཡིན་ནོ། །"[]ཞེས་གསུངས་པ་ལྟར། དཔའ་བརྟན་ནི་གོམས་པའི་སྟོབས་ལས་བྱུང་བའི་སེམས་ཀྱི་ཁྱད་ཆོས་ཤིག་ཡིན།

"དེ་གཉིས་ཀྱི་ཁྱད་པར་དེ་ལྟར་འབྱུང་བ་ནི་རིམ་པ་ལྟར་སེམས་ཀྱི་ངང་རྒྱུད་དཔའ་ཞིང་བརྟན་པ་ལ་གོམས་པས་བཟོད་སྟོབས་ཆེ་བ་དང་། དཔའ་བརྟན་ལ་མ་གོམས་ཤིང་སྐྲག་ཅིང་སྡར་མའི་ངང་ཚུལ་གོམས་པ་ལས་གྱུར་པས་བཟོད་སྟོབས་ཆུང་བ་ཡིན།"[] ཞེས་གསུངས་པ་ལྟར། དཔའ་བརྟན་ནི་གོམས་པའི་རྩ་བ་ཅན་ཞིག་ཡིན་ཞིང་། སླར་ཡང་གོམས་པ་ལས་ཀྱང་ཆེ་ཆུང་འོང་བའི་ཁྱད་ཆོས་ཤིག་ཡིན།

མཚན་ཉིད།

[རྩོམ་སྒྲིག]

"སེམས་ཀྱི་ངང་བརྟན་པ་དང་བསྡར་མའི་ཚུལ་ལས་གྱུར་པ་ཡིན་པས་སྡུག་བསྔལ་དང་ལེན་གྱི་བཟོད་པ་བསྒོམ་པ་ལ་འབད་པར་བྱའོ། །"[]ཞེས་གསུངས་པ་ལྟར། དཔའ་བརྟན་ནི་སྡུག་བསྔལ་ལ་བཟོད་པའི་ངོ་བོར་གྲུབ་པ་ཞིག་ཡིན།

དབྱེ་བ།

[རྩོམ་སྒྲིག]

དཔེས་བསྟན་པའི་དབྱེ་བ། "སྐྱེས་བུ་དཔའ་བོ་ལ་ལ་གཡུལ་ངོའི་སར་བདག་གི་ཁྲག་མཐོང་ཡང་ལྷག་པར་དཔའ་བ་བརྟན་པར་བྱེད་དོ། །ཡང་སེམས་ཀྱི་རྒྱུད་སྡར་བ་ལ་ལ་ནི་གཞན་གྱི་ཁྲག་མཐོང་བས་ཀྱང་ཤི་ལ་ཐུག་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ།"[] ཞེས་གསུངས་པ་ལྟར། དཔའ་བརྟན་ལ་སྡར་བ་དང་གཉིས་ཀའི་དབྱེ་བ་ཡོད།

ཡོན་ཏན་གྱི་སྒོ་ནས་ཀྱི་དབྱེ་བ། "གནོད་པའི་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད་ནས་ཞེ་སྡང་སོགས་ཉོན་མོངས་པའི་དགྲ་འཇོམས་པ་དེ་དག་ནི་དགྲ་ལས་རྒྱལ་བར་བྱེད་པའི་དཔའ་བོ་སྟེ། ལྷག་མ་སེམས་ཅན་གསོད་པ་རྣམས་ནི་རོ་གསོད་པ་བཞིན་དོན་མེད་པའོ། །"[]ཞེས་གསུངས་པ་ལྟར། དཔའ་བརྟན་ལ་མཆོག་གི་དཔའ་བ་དང་ཐ་མལ་གྱི་དཔའ་བ་གཉིས་ཀྱི་དབྱེ་བ་ཡོད།

ཡོན་ཏན།

[རྩོམ་སྒྲིག]

"སྡུག་བསྔལ་གྱི་ཡོན་ཏན་ནི་དེས་སྐྱོ་བས་དྲེགས་པ་སེལ་བར་བྱེད། དེ་དང་ལྡན་པའི་འཁོར་བ་པ་ལ་དེ་དང་འབྲལ་བར་འདོད་པའི་སྙིང་རྗེ་སྐྱེ་ལ། དེའི་རྒྱུ་སྡིག་པ་ལ་འཛེམ་ཞིང་དེའི་གཉེན་པོ་དགེ་བ་ལ་དགའ་བར་འགྱུར་རོ། །"[༡༠]ཞེས་གསུངས་པ་ལྟར། དཔའ་བརྟན་གྱི་ཡོན་ཏན་ནི་དྲེགས་པ་སེལ་བ་དང་སྙིང་རྗེ་སྐྱེ་བ་སོགས་ཡིན།

"སྡུག་སྔལ་འདི་ནི་ཕན་ཡོན་ཆེན་པོ་སྟེ་སེམས་སྐྱོ་བའི་དབང་གིས་ང་རྒྱལ་གྱིས་དྲེགས་པ་སེལ་བ་དང་གཞན་ལ་སྙིང་རྗེ་སྐྱེ་བ་དང་དེའི་རྒྱུ་སྡིག་པར་ཤེས་ཅིང་བདེ་བའི་རྒྱུ་དགེ་བར་ཤེས་ནས་བླང་དོར་ཚུལ་བཞིན་དུ་བྱེད་པར་འགྱུར་བའི་ཕྱིར་རོ། །"[༡༡]ཞེས་གསུངས་པ་ལྟར། དཔའ་བརྟན་ལ་སྦྱར་ནས་སྡུག་བསྔལ་མྱོང་བའི་ཡོན་ཏན་དུ་མ་འབྱུང་བར་གསུངས།

དོན་བསྡུས།

[རྩོམ་སྒྲིག]

དཔའ་བརྟན་ཞེས་པ་ནི་སེམས་ཀྱི་ངང་རྒྱུད་བརྟན་ཞིང་སྙིང་སྟོབས་ཆེ་བ་སྟེ། སྡུག་བསྔལ་དང་གནོད་པ་ལ་སོགས་པ་འཕྲད་སྐབས་སེམས་འཁྲུགས་མེད་ཅིང་བཟོད་པར་ནུས་པའི་ཡོན་ཏན་ཞིག་ཡིན། འདི་ནི་ལུས་ཀྱི་ནུས་པའམ་ཕྱིའི་རྐྱེན་ལ་རག་ལས་པ་མ་ཡིན་གྱི། གོམས་པའི་སྟོབས་ཀྱིས་བསྒྲུབ་དགོས་པ་ཞིག་ཡིན། ཆོས་སྒྲུབ་པར་འཇུག་པའི་ཚེ་བཟོད་པའི་ལམ་ནས་དཔའ་བརྟན་སྒོམ་པ་ནི་ཤིན་ཏུ་གལ་འགངས་ཆེ་བའི་ཉམས་ལེན་ཞིག་ཡིན་པར་བཤད་དོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  2. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  3. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  4. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  5. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  6. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  7. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  8. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  9. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  10. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  11. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།