དཔག་བསམ་ཤིང་
དཔག་བསམ་ཤིང་ཞེས་པ་ནི་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་གི་ཐ་སྙད་ཅིག་ཡིན་ཞིང་། སེམས་ཅན་རྣམས་ཀྱི་འདོད་པ་ཐམས་ཅད་འགྲུབ་པར་བྱེད་པའི་ཁྱད་ཆོས་དམིགས་བསལ་བའི་ལྗོན་ཤིང་ཞིག་ཡིན།
སྒྲ་བཤད།
[རྩོམ་སྒྲིག]དཔག་བསམ་ཤིང་ཞེས་པ་ནི་བློས་ཇི་ལྟར་བསམ་ཞིང་དཔག་པ་ཐམས་ཅད་འབྱུང་བའི་ཤིང་ཡིན་པས་དེ་ལྟར་བརྗོད་དོ། །
མཚན་ཉིད།
[རྩོམ་སྒྲིག]"དཔག་ཅིང་བསམ་པའི་དོན་གྲུབ་པར་བྱེད་པའི་ཤིང་གི་ཁྱད་པར་རོ། །"[༡]ཞེས་པ་གསུངས་པ་བཞིན་སེམས་ཅན་རྣམས་ཀྱིས་སེམས་ནང་དུ་ཅི་ཞིག་བསམ་ཞིང་རེ་བ་བྱས་པ་ཚང་མ་འགྲུབ་པར་བྱེད་ནུས་པའི་ངོ་མཚར་ཅན་གྱི་ལྗོན་ཤིང་ཞིག་ཡིན།
ནང་དོན།
[རྩོམ་སྒྲིག]ལུས་ཅན་གྱི་འདོད་པ་སྐོང་མཁན། "དཔག་བསམ་གྱི་ནི་ཤིང་དག་དང༌། ལུས་ཅན་རྣམས་ཀྱིས་གང་འདོད་ཐམས་ཅད་བཞོས་པ་ལས་འབྱུང་བའི་འདོད་འཇོའི་བར་ཡང་གྱུར་ཅིག་སྙམ་དུ་ཡང་ཡང་སྨོན་པའི་སྒོ་ནས་བློ་སྦྱོང་བར་བྱའོ། །"[༢]ཞེས་གསུངས་པ་ལྟར་རང་ཉིད་དཔག་བསམ་ཤིང་ལྟ་བུར་གྱུར་ཏེ་སེམས་ཅན་སྡུག་བསྔལ་གྱིས་མནར་བ་ཚོའི་དགོས་མཁོ་ཚང་མ་སྦྱིན་པའི་གནས་སུ་གྱུར་ཅིག་ཅེས་རྒྱུན་དུ་སྨོན་ལམ་འདེབས་པ་ནི་བྱང་ཆུབ་སེམས་དཔའི་བློ་སྦྱོང་གི་ཉམས་ལེན་ཞིག་ཡིན་ནོ། ། ཡིད་བཞིན་ནོར་བུ་དང་འདྲ་བའི་ཁྱད་པར། དཔག་བསམ་ཤིང་ནི་ཡིད་བཞིན་གྱི་ནོར་བུ་དང་དཔེ་མཚུངས་ཤིང་། "ཡིད་བཞིན་ནོར་བུ་ཞེས་པ་ནི་བསམས་པའི་འབྲས་བུ་སྟེར་བའི་རིན་པོ་ཆེའི་ཁྱད་པར་རོ། །དཔག་བསམ་གྱི་ཤིང་ཞེས་པ་ནི་བསམས་པའི་འབྲས་བུ་སྟེར་བའི་ཤིང་གི་ཁྱད་པར་ཡིན་ཏེ།"[༣] གཉིས་ཀ་ཡང་རྣམ་རྟོག་མེད་ཀྱང་སེམས་ཅན་གྱི་རེ་བ་ཡོངས་སུ་སྐོང་བ་ཞིག་ཡིན། མཆོད་པ་དང་སྨོན་ལམ་གྱི་ཡུལ། དཔག་བསམ་ཤིང་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕུལ་བའི་མཆོད་རྫས་ཀྱི་ནང་གཅིག་ཡིན་ཏེ། "དགོས་འདོད་འབྱུང་བའི་དཔག་བསམ་གྱི་ནི་ཤིང་དག་དང་།"[༤] ཞེས་སོ། །གཞན་ཡང་"དཔག་བསམ་ཤིང་གི་སྐྱེད་མོས་ཚལ། །སངས་རྒྱས་དང་ནི་སངས་རྒྱས་སྲས། །ཆོས་སྙན་སྒྲོགས་པས་གང་བ་ཡིས། །ཕྱོགས་རྣམས་ཐམས་ཅད་གང་བར་ཤོག །"[༥]ཅེས་འཇིག་རྟེན་ཀུན་ཏུ་ཅི་འདོད་ཐམས་ཅད་འགྲུབ་པའི་དཔག་བསམ་ཤིང་གི་ནགས་ཚལ་ལྟ་བུར་གྱུར་ཏེ། དེར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚོས་ཆོས་བསྟན་པས་ཁྱབ་པར་གྱུར་ཅིག་ཅེས་པའི་སྨོན་ལམ་ཡིན།
དགེ་བ་མི་ཟད་པའི་དཔེ།
[རྩོམ་སྒྲིག]ཆུ་ཤིང་དང་ཁྱད་པར། དཔག་བསམ་ཤིང་ནི་བྱང་ཆུབ་སེམས་ཀྱི་ཁྱད་པར་སྟོན་པའི་དཔེ་ཡིན། "ཆུ་ཤིང་འབྲས་བུས་བཅོམ་པར་འགྱུར།"[༦] ཞེས་ཆུ་ཤིང་ནི་ལན་ཅིག་འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་ལ། དཔག་བསམ་ཤིང་ལ་ནི་"ལོ་རེ་བཞིན་དུ་འབྲས་བུ་འབྱུང་ཡང་དེ་ཙམ་གྱིས་ཟད་པར་མི་འགྱུར་"[༧] ཞིང་། "ནམ་ཡང་མི་ཟད་ཅིང་ལྷག་པར་གོང་ནས་གོང་དུ་འཕེལ་བར་འགྱུར་བ་སྟེ།"[༨] ཁྱད་པར་ཆེན་པོ་ཡོད་དོ་ཞེས་བསྟན་ཏོ། །
རྩོད་སྤོང་།
[རྩོམ་སྒྲིག]རྣམ་རྟོག་མེད་ཀྱང་ཕྲིན་ལས་ཇི་ལྟར་མཛད།
སངས་རྒྱས་ལ་རྣམ་རྟོག་ཐམས་ཅད་ཞི་ཞིང་སེམས་ཅན་ལ་ཆོས་སྟོན་པའི་འདུ་ཤེས་མེད་ན་ཕྲིན་ལས་ཇི་ལྟར་མཛད་ཅེ་ན། "ཡིད་བཞིན་ནོར་བུ་དང་ལྷ་ལ་དཔག་བསམ་གྱི་ཤིང་ལ་གསོལ་བ་བཏབ་པས་ཇི་ལྟར་འདོད་པའི་རེ་བ་ཡོངས་སུ་སྐོང་བ་"[༩]དང་འདྲ་བར་འཐད། "དེ་བཞིན་གདུལ་བྱར་ཏེ་གདུལ་བྱ་རྣམས་ལ་སྔོན་གྱི་སྨོན་ལམ་གྱི་དབང་གིས་རྒྱལ་བའི་སྐུར་སྣང་ངོ་"[༡༠]ཞེས་སྔོན་གྱི་སྨོན་ལམ་གྱི་དབང་གིས་རྣམ་རྟོག་མེད་ཀྱང་ཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ་མཛད།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།