Jump to content

དཎྜི་(དབྱུགས་པ་ཅན།)

ཡོང་ཁུངས་Wikipedia

སློབ་དཔོན་དབྱུག་པ་ཅན། (དཎྞི།)

  • སློབ་དཔོན་དབྱུག་པ་ཅན་ནམ་དཎྜི་ནི་རྒྱ་གར་གྱི་སྙན་ངག་མཁན་དང་རྩོམ་རིག་སྨྲ་བ་ཤིན་ཏུ་གྲགས་ཅན་ཞིག་ཡིན། ཁོང་ནི་ལྷག་པར་དུ་《སྙན་ངག་མེ་ལོང་མ་》རྩོམ་པ་པོ་ཡིན་པས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ནང་ལའང་གོ་གནས་གལ་ཆེན་བཟུང་ཡོད།

༡༽ རྣམ་ཐར་དང་བྱུང་བ་ནི། འཁྲུངས་ཡུལ། སློབ་དཔོན་འདི་ཉིད་ཐོག་མར་རྒྱ་གར་ནུབ་ཕྱོགས་གུ་ཇ་རཱཏ་ (Gujarat) དུ་འཁྲུངས་ཤིང་། ཕྱིས་སུ་རྒྱ་གར་ལྷོ་ཕྱོགས་སུ་ཞབས་སོར་འཁོད་པ་དང། གྲོང་ཁྱེར་ཀཱཉྩི་ (Kanchi) རུ་བཞུགས།

ཡབ་ཡུམ། ཡབ་ཀྱི་མཚན་ལ་ལྦི་རཱདཏ་ (Viradatta) དང་། ཡུམ་གྱི་མཚན་ལ་གོ་རཱི་ (Gauri) ཟེར།

སྐུ་ཚེའི་བརྒྱུད་རིམ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡབ་གྲོངས་པ་དང་། དགུང་ལོ་བདུན་ལ་ཕེབས་སྐབས་ཡུམ་ཡང་གྲོངས་ཏེ་དྭ་ཕྲུག་ཏུ་གྱུར། འོན་ཀྱང་དཀའ་ངལ་ལ་མ་འཛེམས་པར་སློབ་གཉེར་གནང་སྟེ་མཁས་པའི་གོ་འཕང་བརྙེས།

དུས་རབས། ཁོང་གི་གདུང་རྒྱུད་དང་ལོ་རྒྱུས་ལ་གཞིགས་ན་དུས་རབས་བདུན་པའི་ནང་བྱོན་པར་བཤད། ལྷག་པར་དུ་ཁོང་ནི་ལྷོ་ཕྱོགས་ཀྱི་རྒྱལ་པོ་པཱ་ལཱ་བཱ་ (Pallava) ཡི་སྐུ་རིང་ལ་བྱུང་བའི་མཁས་པ་ཞིག་ཡིན།

སྙན་ངག་མེ་ལོང་ལས་གསལ་བའི་ལོ་རྒྱུས་རྟགས་མཚན། 《སྙན་ངག་མེ་ལོང་མ་》ལེའུ་གསུམ་པའི་གབ་ཚིགས་ཀྱི་རྒྱན་ནང་དུ་འདི་ལྟར་གསལ་ཏེ། "ན་ལྡན་དབུས་ནས་གསལ་བྱེད་བཞིས།། ཡོངས་སུ་རྣམ་པར་བརྒྱན་པ་ཡི།། གྲོང་འཁྱེར་འགའ་ཡོད་འགའ་ཞིག་ན།། མི་བདག་ཡིག་བརྒྱད་མིང་ཅན་ཡོད།།" འདིའི་ནང་གི་གྲོང་ཁྱེར་ནི་ཀཱཉྩི་ (Kanchi) དང་། མི་བདག་ནི་རྒྱལ་པོ་པཱ་ལཱ་བཱ་ (Pallava) ལ་གོ་བར་མཁས་པ་རྣམས་བཞེད་དོ།།

༢༽ བརྩམས་ཆོས་གཙོ་བོ་ཁག སློབ་དཔོན་འདིས་མཛད་པའི་རྩོམ་ཆོས་གྲགས་ཅན་གསུམ་ནི།

《སྙན་ངག་མེ་ལོང་མ་》 (Kavyadarsha): སྙན་ངག་གི་གཞུང་ལུགས་ཀྱི་རྩ་བ་ལྟ་བུ་འདི་ཉིད་བོད་དུ་དུས་རབས་བཅུ་གསུམ་པའི་ནང་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་ངོ་སྤྲོད་དང་། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བོད་འགྱུར་མཛད།

《གཞོན་ནུ་བཅུ་སྤྱད་པའི་གཏམ་རྒྱུད་》 (Dashakumaracharita): འདི་ནི་སྒྲུང་གཏམ་གྱི་རིགས་ཤིག་ཡིན།

《མཛེས་མ་ཨ་ཝན་གྱི་གཏམ་རྒྱུད་》 (Avantisundari Katha): འདི་ཡང་ཁོང་གི་བརྩམས་ཆོས་གྲགས་ཅན་ཞིག་ཡིན།

༣༽ ཆོས་ལུགས་ཀྱི་ལྟ་བ། སློབ་དཔོན་འདིའི་ཆོས་ལུགས་ཐད་བཞེད་པ་མི་མཐུན་པ་འགའ་ཡོད་དེ།

ཕྱི་རོལ་པ་རྣམས་ཀྱིས་ཁོང་ནི་ལྷ་དབང་ཕྱུག་གི་རྗེས་འབྲངས་པ་ཞིག་ཡིན་པར་འདོད།

ཁ་ཤས་ཀྱིས་ཁོང་ཁ་ཆེ་ (Islam) ཡིན་པར་བཤད་ཀྱང་དེ་ནི་དུས་རབས་ཀྱི་ཆ་ནས་མི་སྲིད་པ་ལྟ་བུ་ཡིན།

ཡོངས་གྲགས་སུ་བོད་ཀྱི་མཁས་པ་རྣམས་ཀྱིས་ཁོང་ནི་ནང་པ་སངས་རྒྱས་པ་ཞིག་ཡིན་པར་འདོད་དོ།།

༤༽ རྩོམ་ལུགས་ཀྱི་ཁྱད་ཆོས། རྒྱ་གར་གྱི་སྙན་ངག་སྨྲ་བའི་ནང་ཤར་ཕྱོགས་པ་ (Gauda) དང་ལྷོ་ཕྱོགས་པ་ (Vaidarbha) ཞེས་པའི་རྩོམ་སྲོལ་ཆེན་པོ་གཉིས་ཡོད་པ་ལས། སློབ་དཔོན་དཎྜིའི་བཞེད་པ་ནི་ལྷོ་ཕྱོགས་པའི་རྩོམ་འགྲོས་དེ་གཙོ་བོར་འཛིན་གྱི་ཡོད།

ལྷོ་ཕྱོགས་པའི་རྩོམ་རིགས་ནི་གོ་བདེ་བ། ཚིག་འཇམ་པ། དོན་གསལ་བ་བཅས་ཀྱི་ཁྱད་ཆོས་ལྡན།

ཁོང་གིས་《སྙན་ངག་མེ་ལོང་མ་》ལེའུ་དང་པོའི་ནང་ཐུན་མོང་མ་ཡིན་པའི་ཡོན་ཏན་བཅུའི་སྒོ་ནས་ཤར་ལྷོ་གཉིས་ཀྱི་དབྱེ་བ་གསལ་པོར་ཕྱེ་ཡོད།

༥༽ མཚན་སྙན་དང་ཆེ་བ། སློབ་དཔོན་དཎྜི་ནི་རྒྱན་གྱི་རྣམ་གཞག་ལ་ཤིན་ཏུ་མཁས་པས་**"རྒྱན་གྱི་མཁན་པོ་"**ཞེས་པའི་མཚན་སྙན་ཡོད།

མཁས་པ་གཞན་དག་ནི་ཉམས་སྨྲ་བ་དང་། ཡོན་ཏན་སྨྲ་བ། སྒྲ་སྨྲ་བ་སོགས་སོ་སོར་མཁས་པ་ཡོད་ཀྱང་། དཎྜི་ནི་**རྒྱན་**གྱི་སྒོ་ནས་སྙན་ངག་གི་སྲོག་སྐྱེལ་མཁན་གྱི་མཁས་པ་ཆེན་པོ་དེ་ཡིན་ནོ།།