Jump to content

དངོས་མེད་

ཡོང་ཁུངས་Wikipedia

དངོས་མེད་ཞེས་པ་ནི་དབུ་མ་པའི་ལྟ་བའི་ནང་དུ་གསུངས་པའི་ཆོས་ཀྱི་རང་བཞིན་ཞིག་སྟེ། དངོས་པོ་མེད་པའམ་ཡོད་པ་མ་ཡིན་པའི་དོན་ལ་གོ་དགོས།

འབྲེལ་ཡོད་ལྟ་བའི་གཞི།

[རྩོམ་སྒྲིག]

སྤྱོད་འཇུག་གི་ཤེས་རབ་ལེའུའི་ནང་དུ་དབུ་མ་པས་སེམས་ཙམ་པའི་ལུགས་ལ་རྩོད་པ་བྱེད་སྐབས་དངོས་མེད་ཀྱི་ཚན་པ་གལ་ཆེན་པོ་ཞིག་ཏུ་འགྱུར་ཞིང་། འདིའི་ནང་དུ་དངོས་མེད་ཀྱི་རང་བཞིན་དང་། དེས་དངོས་པོ་ལ་བརྟེན་ཐུབ་མིན། དེ་བཞིན་དུ་དངོས་པོ་དང་དངོས་མེད་གཉིས་ཀ་བློའི་མདུན་ན་མི་གནས་པའི་སྐབས་སུ་སྤྲོས་པ་ཞི་བའི་གནས་ལུགས་སོགས་ཀྱི་སྐོར་རྒྱས་པར་བཤད་ཡོད།

དངོས་མེད་ཀྱི་ཁྱད་པར།

[རྩོམ་སྒྲིག]

དཔྱད་གཞིའི་ནང་དུ་དངོས་མེད་ལ་རིགས་གཉིས་སུ་ཕྱེ་ཡོད། གཅིག་ནི་གཏན་ནས་མེད་པ་སྟེ། རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལྟ་བུ་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་པའི་དངོས་པོ་རྣམས་ལ་གོ །དེ་འདྲའི་དངོས་མེད་ནི་བྱེ་བ་བརྒྱ་ཕྲག་གི་རྒྱུ་ཡིས་ཀྱང་དངོས་པོར་བསྒྱུར་ཐབས་མེད་ཅིང་རྒྱུ་རྐྱེན་གྱི་བྱེད་པའི་ཡུལ་དུ་མི་རུང་བས་སུ་གང་གིས་ཀྱང་དངོས་པོར་བསྒྱུར་མི་ཐུབ། གཉིས་པ་ནི་བདེན་པར་མེད་པ་སྟེ། སྒྱུ་མ་དང་སྨིག་རྒྱུ་ལྟ་བུ་སྣང་བཞིན་དུ་བདེན་པར་མེད་པའི་དངོས་མེད་ལ་གོ །འདི་ནི་ཐ་སྙད་དུ་སྣང་ཡང་དོན་དམ་དུ་བདེན་པར་གྲུབ་པ་མེད་པ་ཡིན། འདི་གཉིས་ཀྱི་ཁྱད་པར་ནི། གཏན་ནས་མེད་པ་དེ་དག་ནི་ཆོས་ཅན་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་ལ། བདེན་པར་མེད་པ་དེ་དག་ནི་ཐ་སྙད་དུ་སྣང་ཡང་རང་བཞིན་གྱིས་གྲུབ་པ་མེད་པ་ཡིན་ནོ། །

སེམས་ཙམ་དང་རྩོད་པ།

[རྩོམ་སྒྲིག]

དངོས་མེད་དངོས་པོ་ལ་བརྟེན་མི་ཐུབ་པ། སེམས་ཙམ་པས་ཕྱི་དོན་མེད་ཀྱང་རང་རིག་སེམས་ལ་བརྟེན་ནས་འཁོར་བའི་སྣང་བ་ཐོན་ཐུབ་ཅེས་འདོད་པ་ལ། དབུ་མ་པས། "དངོས་མེད་དངོས་ལ་བརྟེན་པ་ནའང་། བྱེད་དང་ལྡན་པར་ཇི་ལྟར་འགྱུར། ཁྱོད་ཀྱི་སེམས་ནི་གྲོགས་མེད་པར། གཅིག་པུ་ཉིད་དུ་འགྱུར་བ་ཡིན།"[] ཞེས་རྩོད་ཡོད། དེའི་དོན་ནི་དངོས་མེད་ཀྱི་འཁོར་བ་ནི་དངོས་པོའི་སེམས་ལ་བརྟེན་ནས་འཆིང་གྲོལ་གྱི་བྱེད་པ་བྱེད་ཐུབ་པ་མིན་ཏེ། "རི་བོང་གི་རྭ་ལག་པ་ལ་བརྟེན་ནས་ཀྱང་ས་རྐོ་བ་མི་སྲིད་པ་བཞིན་དངོས་མེད་ནི་གང་ལའང་བརྟེན་པ་མིན་ཏེ། གལ་ཏེ་བརྟེན་པར་གྱུར་ན་རྒྱུ་འབྲས་ཀྱི་དངོས་པོར་འགྱུར་རོ།"[] ཞེས་གསུངས་ཡོད།

དངོས་པོ་དང་དངོས་མེད་གཉིས་ཀ་མི་གནས་པ།

[རྩོམ་སྒྲིག]

སྤྲོས་པ་ཞི་བའི་གནས་ལུགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐར་ཐུག་པའི་ལྟ་བ་དེ་ནི། "གང་གི་ཚེ་དངོས་པོ་དང་དངོས་མེད་དག་བློ་ཡི་མདུན་ན་མི་གནས་པ་དེའི་ཚེ་རྣམ་པ་གཞན་ཏེ་གཉིས་ཡིན་ནམ་གཉིས་མ་ཡིན་གྱི་ཕུང་གསུམ་པ་ཡང་མེད་པས་དེ་གོམས་པས་མཐར་ཐུག་པ་ན་ཡུལ་དག་ཏུ་དམིགས་པར་བྱེད་པའི་བློ་མེད་པར་རབ་ཏུ་ཞི་བར་འགྱུར་ཏེ།"[] ཞེས་བཤད། འདི་ནི་དངོས་པོ་ཡོད་ངེས་དང་དངོས་མེད་མེད་ངེས་གཉིས་ཀ་ལས་འདས་པའི་དོན་དམ་པའི་གནས་ལུགས་ལ་གོ་དགོས།

དངོས་མེད་དངོས་པོར་མི་འགྱུར་བ།

[རྩོམ་སྒྲིག]

རང་བཞིན་མི་འགྱུར་བ། དངོས་མེད་ནི་དངོས་པོར་འགྱུར་ཐུབ་པ་མ་ཡིན་ཏེ། "མེད་ཚེ་དངོས་ཡོད་ཅེས་པ་ལ་སོགས་པ་གསུངས་ཏེ། མེད་པའི་རྒྱུན་གྱི་དུས་ན་དངོས་ཡོད་མིན་ཏེ། གལ་ཏེ་དངོས་པོར་མི་འགྱུར་ན། དངོས་པོ་ཡོད་པར་ནམ་ཞིག་འགྱུར་ཏེ། མེད་པའི་དུས་ན་དངོས་པོ་མ་སྐྱེས་པ་ཡིན་ན་བརྒྱ་ལ་ཡང་དངོས་པོར་མི་འགྱུར་ཏེ། དངོས་པོ་མེད་པའི་འགལ་བས་རྟག་ཏུ་གེགས་བྱེད་པའི་ཕྱིར་རོ།"[] ཞེས་གསལ་ཡོད། དེ་བཞིན་དུ་དངོས་པོ་ཡང་དངོས་མེད་དུ་འགྱུར་ཐུབ་པ་མ་ཡིན་ཏེ། "དངོས་མེད་དངོས་པོར་མི་འགྱུར་བ་དེ་བཞིན་དུ་དངོས་པོའང་དངོས་པོ་མེད་པར་འགྱུར་བ་མིན་ཏེ། ཕྱེད་དངོས་པོ་དང་ཕྱེད་དངོས་མེད་ཡིན་ན་གཅིག་ཉིད་རང་བཞིན་གཉིས་སུ་གྲུབ་པར་ཐལ་བར་འགྱུར་བའི་ཕྱིར།"[] ཞེས་བཤད་ཡོད།

བསྡུས་དོན།

[རྩོམ་སྒྲིག]

དངོས་མེད་ཞེས་པ་ནི་དབུ་མ་པའི་ལྟ་བའི་ནང་དུ་དངོས་པོ་མེད་པའི་ཆོས་ཀྱི་རང་བཞིན་ལ་ཟེར་ཞིང་། དེ་ལ་གཏན་ནས་མེད་པ་དང་བདེན་པར་མེད་པ་གཉིས་སུ་ཕྱེ། སེམས་ཙམ་པས་ཕྱི་དོན་མེད་ཀྱང་སེམས་ལ་བརྟེན་ནས་སྣང་ཐུབ་ཅེས་འདོད་པ་ལ། དབུ་མ་པས་དངོས་མེད་ནི་དངོས་པོ་ལ་བརྟེན་ཐུབ་པ་མ་ཡིན་ཞིང་། མཐར་ཐུག་པ་ན་དངོས་པོ་དང་དངོས་མེད་གཉིས་ཀ་བློའི་མདུན་ན་མི་གནས་པའི་སྤྲོས་པ་ཞི་བའི་གནས་ལུགས་ལ་བརྟེན་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལྟ་བ་རྫོགས་པར་འགྱུར་ཞེས་འདོད་དོ།།

ལུང་ཁུངས།

[རྩོམ་སྒྲིག]
  1. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  3. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  4. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  5. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།