དངོས་གཞི་བྱམས་པ་ཐུབ་དབང་
དངོས་གཞི་བྱམས་པ་ཐུབ་དབང།
[རྩོམ་སྒྲིག]དུས་རབས་བཅོ་བརྒྱད་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐུ་དུས་སུ་བླ་སྨན་པ་དངོས་གཞི ( སྟོད་ལུང་ནམ་མཁའ་དངོས་གཞི ) ཞེས་པ་ཞིག་བྱུང་འདུག་པ་དང་དེ་རྗེས་དངོས་གཞི་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་ནི་དུས་རབས་ཉི་ཤུ་པའི་ནང་བོད་ཀྱི་གསོ་རིག་ཡར་རྒྱས་གོང་འཕེལ་འགྲོ་བར་མཛད་རྗེས་ཤིན་ཏུ་ཆེ་བའི་མཁས་དབང་ཞིག་ཡིན། ཆུང་དུས་ནས་ཡིག་རྩིས་ཡོན་ཏན་ལ་སྦྱང་བརྩོན་གནང་ཞིང་། སྐུ་ན་སོན་སྐབས་དངོས་གཞིའི་མིང་ཐོག་ནས་ས་གནས་སྲིད་གཞུང་གི་རྩེ་དྲུང་དཀྱུས་མ་དང་། དེ་རྗེས་རྩེ་མགྲོན་གྱི་གོ་གནས་བཞེས་པར་གྲགས། ཁོང་ལྷོ་བྲག་རྫོང་དཔོན་གྱི་ཕྱག་ལས་གནང་དུས་སྙུན་གཞི་དྲག་པོ་ཞིག་ཕོག་པར་ས་གནས་དེ་གའི་སྨན་པ་ཞིག་གིས་བཅོས་དཀའ་སེང་དྲག་བྱུང་བ་དེས་སྨན་དཔྱད་བསླབས་ན་ནད་པར་ཕན་ཐོགས་པ་ཡོད་པ་དངོས་སུ་གཟིགས་པས་རྐྱེན་བྱས་ཏེ་ཐོག་མར་ལྷོ་བྲག་གི་སྨན་པ་དེའི་དྲུང་ནས་རྩ་རྒྱུད་དང་། རྩ་ཆུ་འཁྲིད་སྦྱོང་གི་སྨནགཞུང་སློབ་སྦྱོབ་གནང་བ་དང་། དེ་རྗེས་ཁམས་ཀྱི་བླ་མ་རིག་གནས་སྤྱི་དང་ཁྱད་པར་གསོ་རིག་ལ་མཆོག་ཏུ་གྱུར་པ་ཞིག་གི་ས་ནས་སྨན་དཔྱད་སློབ་གཉེར་གནང་རྒྱུ་མཐར་སྐྱེལ་མཛད་པས་རིམ་བཞིན་གསོ་རིག་གི་གཞུང་དང་ལག་ལེན་གཉིས་ཀར་བྱང་ཆུབ་པ་བྱུང་བར་བརྟེན་མེ་བྱ( ༡༨༩༧ ) ལོའི་ཟླ ༥ཚེས ༥ཉིན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་དམིགས་བསལ་བདག་རྐྱེན་དང་བཅས་པའི་སྒོ་ནས་མཁས་དབང་བྱམས་པ་ཐུབ་དབང་ལ་མཁན་ཆུང་གི་གོ་གནས་ཐོག་སྐུ་བཅར་བླ་སྨན་བགྲེས་པར་བསྐོ་བཞག་གནང་། ཤིང་འབྲུག ( ༡༩༠༤ ) ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་པེ་ཅིན་སོགས་སུ་ཕེབས་སྐབས་བྱམས་པ་ཐུབ་དབང་སྐུ་བཅར་བླ་སྨན་མཛད་དེ་ལྷན་དུ་ཕེབས་མྱོང་ཞིང་། དུས་དེར་སྨན་དཔྱད་ཀྱི་མཛད་འཕྲིན་རྒྱ་ཆེར་བྱུང་ནས་མཚན་སྙན་གྲགས་ཧ་ཅང་ཆེ་བ་བྱུང་། ལྷག་པར་ཁོང་གིས་ནད་པར་དྲག་ཞན་དང་གཙང་བཙོག་གི་དབྱེ་བ་མེད་པ་རྩ་ཆུའི་བརྟག་དཔྱད་སྐབས་ནད་ངོ་འཕྲོད་ཕྱིར་ཆབ་རྟགས་ཀྱི་རོ་མྱོང་བ་སོགས་གནང་གི་ཡོད་པ་དང་། བོད་དུ་སྨན་དོན་མི་སྣ་འབོར་ཆེན་གསོ་སྐྱོང་གནང་ནས་མཁས་དབང་མང་པོ་བྱུང་། དེ་རྗེས་ལྕགས་ཁྱི ( ༡༩༡༠ ) ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་དུ་ཕེབས་སྐབས་སུའང་སྐུ་བཅར་བླ་སྨན་གྱི་ཐུགས་འགན་བཞེས་ཏེ་ལྷན་དུ་ཕེབས། ཐོག་མི་རིང་བར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་གཟིགས་བསྐྱངས་ཅི་ཆེའི་སྒོ་ནས་སྐུ་བཅར་བླ་སྨན་སྤྱི་ཁྱབ་མཁན་པོའི་གོ་གནས་བསྩལ། སྨན་རྩིས་སློབ་གྲྭ་བཙུགས་རྗེས་རྒྱུད་འཛིན་གསོ་སྐྱོང་དང་དེ་མིན་ལས་དོན་ཆེ་ཕྲ་མཐའ་དག་དངོས་གཞི་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་ངོ་མས་ཐུགས་འགན་བཞེས་ཁར་སྨན་རྩིས་ཁང་ནས་སྨན་པ་ཐོན་རྗེས་རྩ་རྒྱུད་སྡོང་འགྲེམས་སོགས་ཀྱི་རྒྱུགས་འབུལ་བཀྲས་ཁང་གཟིམ་ཤག་ཏུ་ཞུ་དགོས་ལ་ལོ་རེའི་ལོ་ཐོའི་གཟིགས་ཕུད་ཀྱང་རྩིས་པའི་དགེ་རྒན་ངོ་མ་བཅར་ཏེ་སྤྱན་བསྟར་ཞུ་རྒྱུ་སོགས་ཀྱི་ལམ་སྲོལ་ཆགས། ལྷག་པར་སྨན་རྩིས་ཁང་བཙུགས་རྗེས་བྱིས་པའི་ཉེར་སྤྱོད་འགྲོ་ཕན་སྙིང་ནོར་ཞེས་པ་བརྩམས་པར་མཛད་དེ་བོད་སྨན་ཁག་བརྒྱད་རྫོང་གཞིས་དགུ་བཅུ་གོ་དྲུག་ཙམ་ལ་ཁྱབ་སྤེལ་གནང་བར་རྒྱ་ཁྱབ་བྱིས་པ་མང་པོར་ཕན་པ་ཤིན་ཏུ་ཆེན་པོ་བྱུང་བ་དང་། ལྕགས་བྱ ( ༡༩༢༡ ) ལོར་ནོར་གླིང་དུ་དངོས་གཞི་སྤྱི་ཁྱབ་མཁན་པོ་ངོ་མས་གཙོ་སྐྱོང་གིས་གཙོ་ཐལ་བཟོ་གནང་མཛད་ཅིང་། དེ་དུས་དངོས་སློབ་བླ་སྨན་མཁྱེན་རབ་ནོར་བུ་དང་། ལྕགས་རི་ནས་ཚུལ་ཁྲིམས་རྒྱལ་མཚན། རྣམ་རྒྱལ། ཚོགས་གཉིས་ལགས། དེ་མིན་ཞབས་གྲས་དང་སྨན་སློབ་གཅིག་ལྕོགས་ལྷ་ཀླུ་སྐོར་པ་དང་། རིགས་འཛིན་ལྷུན་གྲུབ ( ནང་རོང་ཤར་རྒན་ལགས ) སོགས་ལ་མཐོང་བརྒྱུད་ལག་ལེན་མཐའ་དག་སྦ་གསང་མེད་པར་སློབ་པར་མཛད། མདོར་ན་སྤྱི་མཁན་བྱམས་པ་ཐུབ་དབང་གིས་སྨན་རྩིས་རིག་གནས་ཡར་རྒྱས་འགྲོ་རྒྱུར་མཛད་རྗེས་བླ་ན་མེད་པའི་ཁར། ལྕགས་རི་གྲྭ་ཚང་ལའང་སྨན་བླ་ལོངས་སྐུ་ཐོག་བརྩེགས་གཅིག་གི་སྐུ་བརྙན་གསར་བཞེངས་དང་། སྨན་བླའི་ཐེབས་རྩ་འཇོག་པ་སོགས་སྲི་ཞུ་བཀུར་སྟི་རྒྱ་ཆེན་པོ་མཛད་མཐར་ཆུ་ཁྱི ( ༡༩༢༢ ) ལོའི་མཇུག་ཏུ་ནོར་བུ་གླིང་ཁར་སྐུ་གཤེགས། བཀྲས་ཁང་སྤྱི་ཁྱབ་མཁན་པོ་ཞེས་ཀྱང་ཞུ་སྲོལ་འདུག།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།