Jump to content

དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་

ཡོང་ཁུངས་Wikipedia

དབྱངས་ཅན་གྲུབ་པའི་རྡོ་རྗེ་ནི་ཡོངས་སུ་གྲགས་པའི་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོའི་རྩོམ་པ་པོ་ཡིན། ད་དུང་གསང་སྔགས་སྒྲུབ་ཐབས་སྐོར་དང་དཀའ་གནད་གསལ་བའི་མེ་ལོང་གཉིས་ཀྱང་མཁས་མཆོག་འདི་ཉིད་ཀྱི་བརྩམ་ཆོས་ཡིན་ནོ། མཁས་མཆོག་འདི་གཙང་གཡས་་རུའི་བཀྲ་ཤིས་དགེ་འཕེལ་གླིང་གི་ཉེ་འདབས་སྔོན་དུས་འཇད་ཅེས་པ་དང་རྗེས་སུ་བཞད་ཅེས་པའི་ཡུལ་དུ་ཡབ་བཀྲ་ཤིས་( དྷརྨ་བྷ་དྲའི་གཅུང ) དང་ཡུམ་ཚེ་རིང་སྲི་ཆོད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ས་སྦྲུལ་( ༡༨༠༩ ) ལོར་སྐུ་འཁྲུངས། མཚན་འཇམ་དབྱངས་རྡོ་རྗེ་ཞེས་གསོལ།

མཛད་རྣམ།

[རྩོམ་སྒྲིག]

གཙང་གཡས་་རུའི་བཀྲ་ཤིས་དགེ་འཕེལ་གླིང་གི་ཉེ་འདབས་སྔོན་དུས་འཇད་ཅེས་པ་དང་རྗེས་སུ་བཞད་ཅེས་པའི་ཡུལ་དུ་ཡབ་བཀྲ་ཤིས་( དྷརྨ་བྷ་དྲའི་གཅུང ) དང་ཡུམ་ཚེ་རིང་སྲི་ཆོད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ས་སྦྲུལ་( ༡༨༠༩ ) ལོར་སྐུ་འཁྲུངས། མཚན་འཇམ་དབྱངས་རྡོ་རྗེ་ཞེས་གསོལ། དགུང་ལོ་ལྔ་པར་ཁུ་བོ་དྷརྨ་བྷ་དྲའི་དྲུང་དུ་ཀློག་བསླབས། དགུང་ལོ་དྲུག་ཙམ་ལ་སྦྱོར་ཀློག་བློ་འཛིན་སོགས་ལ་ཐོགས་པ་མེད་པར་གྱུར། དགུང་ལོ་བཅུ་གཅིག་པར་བཀྲ་ཤིས་དགེ་འཕེལ་གླིང་དུ་ཕེབས་ཏེ་དཀའ་ཆེན་དཀོན་མཆོག་ཆོས་འཕེལ་གྱི་མདུན་དུ་དབུ་སྐྲ་གཙུག་ཕུད་ཕུལ། མཚན་བློ་བཟང་ཆོས་འཕེལ་ཞེས་གསོལ། དགུང་ལོ་བཅུ་གཉིས་པར་དཀའ་ཆེན་དཀོན་མཆོག་ཆོས་འཕེལ་ལས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་མནོས། དེ་ནས་བཟུང་རྗེ་མི་ལའི་རྣམ་མགུར་སོགས་གཞུང་མང་མཐར་ཕྱིན་པ་སྦྱངས། དགུང་ལོ་བཅུ་དགུ་པར་བླ་མ་དྷརྨ་བྷ་དྲའི་ཞབས་ཞུ་མཛད། ཐ་སྙད་ཀྱི་རིག་གནས་དང་མདོ་སྔགས་ཀྱི་གཞུང་རྒྱ་ཆེན་པོ་སྦྱོང་བའི་དབུ་ཚུགས། དགུང་ལོ་སོ་བཞི་པར་བླ་མའི་མདུན་དུ་སྙན་ངག་དང་སྒྲ་ཀཱ་ལ་པའི་རྒྱུགས་ཕུལ་བས་བླ་མས་ཐུགས་དགྱེས་ཆེན་པོས་ལེགས་སོ་གནང་བ་དང་ཀུན་བཤད་ཀྱི་མིང་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞེས་གནང་། ལོ་དེའི་ཟླ་བཞི་པར་བླ་མ་ཆོས་བཟང ( དྷརྨ་བྷ་དྲ ) གི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས།དེ་ནས་བཟུང་དགེ་སློང་གི་བསླབ་བྱའི་འཁྲིད་སོགས་འདུལ་བའི་སྐོར་གྱི་ཟབ་ཁྲིད་རྒྱ་མཚོ་ལྟ་བུ་གསན། བླ་མའི་ཐུགས་ལ་ཟབ་ཆོས་བཞུགས་སོ་ཅོག་བུམ་པ་གང་བྱོའི་ཚུལ་གྱིས་ཞུས་ཤིང་རིག་གནས་ཆེ་ཕྲ་ཀུན་ལ་མཁས་པའི་ཡང་རྩེར་སོན། བླ་མའི་གསུང་རྩོམ་འགའི་ཡི་གེ་པའང་ཁོང་གིས་མཛད། དགུང་ལོ་ཞེ་གསུམ་པར་བླ་མ་དམ་པ་སྐུ་གཤེགས་པས་ཁོང་གིས་པུར་ཁང་ བརྩིགས་པ་དང་དངུལ་གྱི་གདུང་རྟེན་བཞེངས་པ་སོགས་དགོངས་རྫོགས་ཀྱི་བྱ་བ་ལེགས་པར་བསྒྲུབས། དེ་ནས་བླ་མའི་རྗེས་འཛིན་མཛད་ནས་གདན་ས་རྒྱ་བསྐྱེད་དང་སྐུ་གསུང་ཐུགས་རྟེན་གསར་བཞེངས་གནང་། བླ་མའི་གསུང་འབུམ་པར་དུ་བརྐོས།དགུང་ལོ་རེ་གཅིག་པར་རབ་བྱུང་བཅོ་ལྔ་པའི་ས་སྦྲུལ ( ༡༨༦༩ ) ལོར་དབུས་སུ་ཕེབས། དགོན་གནས་དང་རྟེན་ཁྱད་འཕགས་རྣམས་ལ་ཕྱག་མཆོད་དང་བླ་ཆེན་དཔོན་ཆེན་རྣམས་ལ་དམ་པའི་ཆོས་ཀྱི་བདུད་རྩི་ཕུལ། རེ་གཉིས་པར་ཕྱིར་གདན་སར་ཕེབས། བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དགེ་ལྡན་བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས། གངས་ཅན་མཁས་པ་ཡོངས་ཀྱིས་གཙུག་ཏོག་ལྟར་བཀུར།སློབ་མ་གྲགས་ཆེན་ངག་དབང་ཚུལ་ཁྲིམས་དང་།སྒོ་མང་ལྷ་རམས་པ་དགེ་འདུན་རྒྱ་མཚོ།བླ་མ་ཡེ་ཤེས་ཆོས་འཕེལ། སྨིན་གྲོལ་ནོ་མོན་ཧན།ཆབ་མདོ་འཕགས་པ་ལྷ། ཆུ་བཟང་ཧུ་ཐོག་ཐུ་བློ་བཟང་འཇིགས་མེད་སོགས་བླ་ཆེན་མཁས་པ་ཤིན་ཏུ་མང་། དགུང་ལོ་བདུན་ཅུ་དོན་དགུ་པར་རབ་བྱུང་བཅོ་ལྔ་པའི་མེ་ཕག ( ༡༨༨༧ ) ལོར་སྐུ་གཤེགས།

བརྩམ་ཆོས།

[རྩོམ་སྒྲིག]

<< གསང་སྔགས་སྒྲུབ་ཐབས་སྐོར >>དང་། << ལེགས་བཤད་ལྗོན་དབང >> << དཀའ་གནད་གསལ་བའི་མེ་ལོང >>སོགས་ཐུན་མོང་གི་རིག་གནས་སྙན་ངག་སུམ་རྟགས་སྐོར་སོགས་པོ་ཏི་གསུམ་ལྷག་མཛད།

པར་རིས་བར་འཁྱམས།

[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]



དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།