Jump to content

དགྲ་བཅོམ་

ཡོང་ཁུངས་Wikipedia

དགྲ་བཅོམ་པ་ནི་ཉན་ཐོས་ཀྱི་ལམ་གྱི་འབྲས་བུ་མཐར་ཐུག་པ་སྟེ། ཉོན་མོངས་པའི་དགྲ་བཅོམ་ཞིང་མྱ་ངན་ལས་འདས་པ་ཐོབ་པའི་འཕགས་པ་ཞིག་ལ་ཟེར། གཞུང་ཕལ་མོ་ཆེ་ནས་དགྲ་བཅོམ་པ་དང་ཉན་ཐོས་དགྲ་བཅོམ་པ་གཉིས་དོན་གཅིག་ཏུ་བཤད་ཅིང་། དེ་ནི་ཐེག་པ་དམན་པའི་མཐར་ཐུག་གི་འབྲས་བུར་བསྟན་ཏོ། །

མཚན་ཉིད།

[རྩོམ་སྒྲིག]

"ཐམས་ཅད་ཀྱིས་མཆོད་པར་འོས་པས་ན་དགྲ་བཅོམ་པ་སྟེ།"[] ཞེས་དང་། དེ་ཉིད་ལས། "མཐོང་བའི་ལམ་ལ་སོགས་པ་དེ་ཉིད་ཀྱིས་བཟུང་བའི་རྣམ་པར་རྟོག་པ་སྤངས་པས་རིམ་པ་ཇི་ལྟ་བ་བཞིན་དུ་དྲི་མ་བསལ་བ་དང་། དེ་ཉིད་ཀྱི་ཆོས་ཉིད་མངོན་སུམ་དུ་བྱས་པས་ཐེ་ཚོམ་མེད་པའི་ཕྱིར་སོམ་ཉི་སྤངས་པ་"[]ཞེས་གསུངས།

སྒྲ་བཤད།

[རྩོམ་སྒྲིག]

"སྒྲིབ་པ་གཉིས་ཀྱི་དགྲ་བཅོམ་པའི་རྣམ་པར་ཐར་པའི་ཏིང་ངེ་འཛིན་ཕུལ་དུ་བྱུང་བ་ལ་གནས་པ་"[]ཞེས་གསུངས།

དབྱེ་བ།

[རྩོམ་སྒྲིག]

ས་དང་སྦྱར་བའི་དབྱེ་བ། "ཉན་ཐོས་དགྲ་བཅོམ་པའི་ས་དང་རྐྱེན་གྱི་སངས་རྒྱས་ཞེས་རང་རྒྱལ་གྱི་ཡེ་ཤེས་ཏེ་དེ་ལྟར་ཞི་མཐའ་དང་།"[] ཞེས་སོ། ། འབྲས་བུ་དང་སྦྱར་བའི་དབྱེ་བ། "རྒྱུན་དུ་ཞུགས་པ་ཐོབ་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་པ་དང་། དགྲ་བཅོམ་པའི་འབྲས་བུ་ཐོབ་པ་"[]ཞེས་གསུངས་པ་ལྟར་ཉན་ཐོས་ཀྱི་འབྲས་བུ་བཞི་པ་མཐར་ཐུག་པ་ནི་དགྲ་བཅོམ་པའི་འབྲས་བུ་ཡིན་ནོ། །

ཁྱད་པར།

[རྩོམ་སྒྲིག]

ཐེག་ཆེན་གྱི་ལམ་དང་སྦྱར་བའི་ཁྱད་པར། "གལ་ཏེ་བྱང་སེམས་ཀྱིས་ཉན་རང་དགྲ་བཅོམ་པའི་བྱང་ཆུབ་རེག་པ་སྟེ་ཐོབ་བར་འདོད་ན་ནི། བྱང་ཆུབ་སེམས་དཔའི་དབང་དུ་བྱས་པའི་ཚུལ་ཁྲིམས་འཆལ་ཅིང་མི་མཁས་པར་གྱུར་ཏེ་དེ་བཞིན་དུ་སྤྱོད་པ་ཡང་ཉམས་སོ། །"[]ཞེས་གསུངས་པ་ལྟར་བྱང་སེམས་ཀྱིས་དགྲ་བཅོམ་པའི་བྱང་ཆུབ་དོན་དུ་གཉེར་བ་ནི་ཚུལ་ཁྲིམས་འཆལ་བར་གསུངས། གནས་པའི་ཁྱད་པར། "བྱང་ཆུབ་སེམས་དཔའི་གནས་པ་འདི་ནི་འཕགས་པ་ཉན་ཐོས་དང་རང་རྒྱལ་བ་དང་བཅས་པའི་གནས་པ་ཉོན་མོངས་པ་ཞི་བའི་བསམ་གཏན་གྱི་ཏིང་ངེ་འཛིན་ཟག་མེད་ཀྱི་བདེ་བས་ཡིད་རབ་ཏུ་དགའ་ཞིང་ལུས་བདེ་བ་དང་ལྡན་པ། དེ་ཇི་སྙེད་ཡོད་པ་ཀུན་གྱི་མཆོག་དང་གོང་ན་མེད་པ་ཡིན་ནོ། །"[]ཞེས་གསུངས། དེ་བཞིན་ཉིད་ཀྱི་ཁྱད་པར། "དགྲ་བཅོམ་པའི་ཡང་དེ་བཞིན་ཉིད་ཉོན་མོངས་པ་འཁོར་བའི་ཆོས་དང་རྣམ་པར་བྱང་བ་མྱ་ངན་འདས་པའི་ཆོས་ཀུན་གྱི་ཡང་དེ་བཞིན་ཉིད་ཡིན་ལ།"[] ཞེས་གསུངས།

ལུང་ཁུངས།

[རྩོམ་སྒྲིག]
  1. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༤༣
  2. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༤༣
  3. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ ༩༢b
  4. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ ༧༥b
  5. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས་ ༡༣
  6. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་ ༥༣a
  7. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས་ ༡༡༨
  8. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས་ ༧༧