Jump to content

དགྲ་

ཡོང་ཁུངས་Wikipedia

དགྲ་ཞེས་པ་ནི་རང་ལ་གནོད་པ་བྱེད་པའི་མི་མཐུན་ཕྱོགས་ཏེ། ཕྱི་རོལ་གནོད་བྱེད་ཀྱི་སེམས་ཅན་དང་། ནང་གི་ཉོན་མོངས་པ་གཉིས་ཀ་ལ་ཟེར།

ནང་དོན།

[རྩོམ་སྒྲིག]

དགྲ་ནི་ཐ་སྙད་གཙོ་བོ་གཉིས་སུ་དབྱེ་སྟེ། གཅིག་ནི་ཕྱི་རོལ་གྱི་དགྲ་སྟེ་མི་དང་མི་མ་ཡིན་སེམས་ཅན་ལ་སོགས་པ་ཡིན། གཉིས་པ་ནི་ནང་གི་དགྲ། སྟེ་ཉོན་མོངས་པ་ཆགས་སྡང་སོགས་ཡིན།

ཕྱི་རོལ་གྱི་དགྲ། "གནོད་བྱེད་ཆུང་ངུ་སྟེ་ཐ་མལ་པའི་དགྲ་ལ་ཡང་ཁྲོས་པར་གྱུར་པའི་སེམས་ཅན་ང་རྒྱལ་བདོ་བ་རྣམས་"[]ཞེས་ཕྱི་རོལ་གྱི་དགྲ་ནི་མཐོ་ན་ལུས་སྲོག་གཅོད་པ་ཙམ་བྱེད་ནུས་པའི་ཐ་མལ་པའི་དགྲ་འམ་ང་རྒྱལ་ཅན་གྱི་སེམས་ཅན་འགའ་ཞིག་ཡིན།

ཉོན་མོངས་པའི་དགྲ། "ཉོན་མོངས་སྟོབས་ཅན་དགྲ་འདི་ཡིས་མནར་མེད་ཀྱི་མེ་གང་དང་ཕྲད་ན་རི་རབ་ཀྱང་ཐལ་བ་ཡང་ནི་མི་ལུས་པར་བྱེད་"[]ཞེས་ནང་གི་ཉོན་མོངས་པའི་དགྲ་ཡིས་ང་ཚོ་ཐལ་བར་བརླག་ངེས་ཡིན།

དབྱེ་བ།

[རྩོམ་སྒྲིག]

རྒྱུན་ལྡན་གྱི་དགྲ། "ཐ་མལ་པའི་དགྲ་བོ་གཞན་དག་ནི་ཡུལ་ནས་ཕྱུང་ཡང་གནས་གང་ཞིག་ནས་ནུས་པ་བརྟས་ཤིང་སྟོབས་རྙེད་ནས་དགྲ་ཚར་ཕྱིན་པར་བྱ་བའི་ཕྱིར།"[] ཞེས་འཇིག་རྟེན་པའི་དགྲ་བོ་རྣམས་ནི་ཡུལ་ནས་བཏོན་ཡང་སླར་ཡང་འོང་བ་ཡིན།

ཉོན་མོངས་པའི་དགྲ། "ཉོན་མོངས་པའི་དགྲ་འདི་གང་དུ་སོང་ནས་གནས་པར་བྱེད་གང་དུ་གནས་པར་བྱས་ནས་བདག་ལ་གནོད་པ་བྱ་བའི་ཕྱིར་འབད་རྩོལ་བྱེད་དེ། འདིའི་གནས་ནི་མ་མཐོང་ངོ་། །"[]ཞེས་ཉོན་མོངས་པའི་དགྲ་ནི་རང་ཉིད་དང་འགྲོགས་ནས་རང་ལ་གནོད་པར་བྱེད་པ་ཡིན།

དགྲ་གཉིས་ཀྱི་གནོད་པའི་ཁྱད་པར།

[རྩོམ་སྒྲིག]

"དགྲ་བོ་དེ༷་ད༷ག་གི༷ས་ཀྱང༷་བདག་དམྱལ་བ་མན༷ར་མེ༷ད་པའི༷་མེ་རབ་ཏུ་འབར་བའི་ནང༷་དུ་འཁྲིད༷་ཅི༷ང་འཇུ༷ག་པར་བྱེད་མི་ནུས༷་ལ། འདོད་ཆགས་ཞེ་སྡང་ལ་སོགས་པའི་ཉོ༷ན་མོ༷ངས་པ་སྟོབ༷ས་ཤིན་ཏུ་ཆེ༷ན་པོ་དང་ལྡན་པའི་དགྲ༷་བོ་འདིས༷་ནི༷། དམྱལ་བའི་མེ་གང༷་དང༷་འཕྲད༷་ན༷་དངོས་པོ་གཞན་ལྟ་ཞོག་དཔག་ཚད་བརྒྱད་ཁྲི་ཡོད་པའི་རི་ཡི་རྒྱལ་པོ་རྒྱ་ཆེ་ ཞིང་བརྗིད་པ་བརྟན་པའི་རི༷་ར༷བ་ཀྱང༷་སྐད་ཅིག་གིས་ཐ༷ལ་བ༷་ཙ༷མ་ཡ༷ང་ནི༷་མི༷་ལུས༷་པར་བསྲེག་པར་ནུས་"[]ཞེས་ཕྱིའི་དགྲ་དང་ཉོན་མོངས་པའི་དགྲ་གཉིས་ཀྱི་གནོད་པའི་ཁྱད་པར་ཡིན་ནོ། །

ཉོན་དགྲ་ལ་སྟོབས་ཆེ་ཚུལ།

[རྩོམ་སྒྲིག]

"ཉོན་མོངས་སྟོབས་ཆེན་དགྲ་འདིས་ནི། །གང་དང་ཕྲད་ན་རི་རབ་ཀྱང་། ཐལ་བར་ཡང་ནི་མི་ལུས་པ། །དེར་བདག་སྐད་ཅིག་ཉིད་ལ་འདོར། །ཞེས་སོགས་ཀྱིས་ཉོན་མོངས་ཀྱི་ཉེས་པ་བསམ་དགྲའི་དམ་པར་ལྟ།"[]ཞེས་གསུངས་པ་ལྟར། ཉོན་མོངས་པའི་དགྲ་ནི་སྟོབས་ཆེན་པོ་ཞིག་ཡིན་ལ། དེ་དང་ཕྲད་ན་རི་རབ་ཀྱང་ཐལ་བར་བརླག་ངེས་ཡིན།

དགྲ་སྤང་བའི་ཐབས།

[རྩོམ་སྒྲིག]

"ཁྲོ་བའི་སེམས་ནི་གཅིག་པུ་བཅོམ་ན་ཕྱི་རོལ་གྱི་དགྲ་དེ་ཐམས་ཅད་ཆོམས་པ་དང་འདྲ་བར་བཟོད་པ་རྫོགས་པ་ཡིན་"[]ཞེས་གསུངས་པ་ལྟར་རང་གི་ཁྲོ་བའི་སེམས་དེ་བཅོམ་ཐུབ་ན་དགྲ་ཐམས་ཅན་འཇོམས་པར་ངེས།

བསྡུས་དོན།

[རྩོམ་སྒྲིག]

དགྲ་ཞེས་པའི་ཐ་སྙད་འདི་ནི་ཕྱི་རོལ་གྱི་དགྲ་དང་ནང་གི་དགྲ་ཞེས་པ་གཉིས་སུ་དབྱེ་ཆོག་སྟེ། ཕྱི་རོལ་གྱི་དགྲ་ནི་སེམས་ཅན་གཞན་རྣམས་ཡིན་ལ། ནང་གི་དགྲ་ནི་ཉོན་མོངས་པ་རྣམས་ཡིན། ཉོན་མོངས་པའི་དགྲ་ནི་ཕྱི་རོལ་གྱི་དགྲ་ལས་ཇེ་ཆེ་བ་ཞིག་ཡིན་ཏེ། དེ་ནི་རྟག་ཏུ་འབྲང་ཞིང་། བསྟེན་དུ་མི་རུང་བ། ཆེས་གནོད་པ་ཆེ་བ་ཞིག་ཡིན། དེ་དག་སྤང་བའི་ཐབས་ནི་ཤེས་རབ་ཀྱི་མིག་གིས་རང་བཞིན་མེད་པར་ཤེས་པ་དང་། བཟོད་པ་སྒོམ་པ། ངེས་འབྱུང་སྒོམ་པ་སོགས་ཡིན། ལུས་སེམས་ཀྱི་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད་ནས་ཉོན་མོངས་པའི་དགྲ་འཇོམས་པ་ལ་དཔའ་བོ་ཞེས་བྱ་བའི་ཕྱིར།

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། 58
  2. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། 72
  3. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 90
  4. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 90
  5. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། 221
  6. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། 342
  7. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། 87
"https://bo.wikipedia.org/w/index.php?title=དགྲ་&oldid=149906"ལས་སླར་རྙེད་སོང།