དགེ་ལྡན་སུམ་རྩེན་གླིང་།

ཡོང་ཁུངས་Wikipedia

ཆོས་སྡེ་ཆེན་པོ་དགེ་ལྡན་སུམ་རྩེན་གླིང་ནི་བོད་གངས་ཅན་ལྗོངས་ཀྱི་མཐའ་མཚམས་སུ་གཞིས་ཆགས་པའི་རྒྱལ་ཐང་བསིལ་མོ་ལྗོངས་ཀྱི་དགོན་ཆེན་ཞིག་སྟེ། རྒྱལ་ཐང་གྲོང་ཁྱེར་གྱི་བྱང་ངོས་ཀྱི་སྤྱི་ལེ་༥་མཚམས་སུ་སེར་རི་ཞེས་པའི་རི་བོ་གླང་ཆེན་ཉལ་འདྲ་བ་དེའི་སྒང་ལ་ཆགས་ཡོད། འཕགས་མཆོག་སྤྱན་རས་གཟིགས་མི་ཡི་རྣམ་པར་རོལ་བ། བྱང་ཕྱོགས་ཁ་བ་ཅན་གྱི་ལྷ་སྐལ་རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལས་རྒྱལ་མཆོག་ལྔ་པ་ཆེན་པོའི་ཐུགས་དགོངས་ལྟར་གང་གི་ཐུགས་སྲས་འཕྱོང་རྒྱས་པ་དཔོན་སློབ་ངག་དབང་རྣམ་རྒྱལ་གྱིས་ཕྱི་ལོ་༡༦༧༩་ལ་ཕྱག་བཏབ་ཅིང་། ཕྱི་ལོ་༡༦༨༡ལོར་ལེགས་གྲུབ་བྱུང་བས་དགོན་འདིའི་ཕྱག་འདེབས་པ་པོ་དེ་ཉིད་དགོན་པའི་མཁན་ཁྲི་དང་པོར་ཕེབས་ནས་དཔོན་སློབ་ཟུང་འབྲེལ་གྱིས་མདོ་སྔགས་ཀྱི་ཆོས་ཚུལ་དྲི་མ་མེད་པ་རྨང་ནས་གསོས་ཤིང་དར་རྒྱས་མཛད་པ་དང་། ༧གོང་ས་ལྔ་པ་ཆེན་པོ་རང་ཉིད་ཀྱིས་དངོས་སུ་རྒྱལ་ཐང་དགེ་ལྡན་སུམ་རྩེན་གླིང་ཞེས་མཚན་གསོལ་གནང་མཛད་ཅིང་། དེ་ཡང་རི་བོ་དགེ་ལྡན་པའི་ཆོས་རྒྱུད་འཛིན་པ་དང་གནས་ཁྱད་པར་ལྷ་ཡུལ་ལྟ་བུའི་གནས་དེང་སྐབས༼་ཤམ་བྷ་ལ་༽དེར་ཆགས་པས་སུམ་རྩེན་དང་ཐོས་བསམ་སྒོམ་གསུམ་སོགས་ཆོས་སྤྱོད་ཀྱི་བྱ་བ་སྒྲུབ་པའི་གནས་ཡིན་པས་གླིང་ཞེས་རྗེས་གྲུབ་ཀྱི་མཚན་འདི་གསོལ་བར་ངེས་སོ། ཡུལ་འདིར་མཐོ་མར་བོད་ཡུལ་གྱི་ས་ཁུལ་བྱིན་ལྟར་དོད་མའི་ཆོས་ལུགས་སམ་ཕ་མེས་ཀྱི་ཆོས་རྒྱུད་གཡུང་དྲུང་བོན་གྱི་ཆོས་རྒྱུད་དར་བ་དེ་ནས་རིམ་བཞིན་དུས་རབས་བདུན་པ་རྗེས་ནས་ནང་བསྟན་དར་བར་མངོན། དེ་ཡང་བོད་རྒྱུད་ནང་བསྟན་གྱི་ཆོས་ལུགས་ཁག་ལས་དཔལ་ལྡན་ས་སྐྱ་བ་དར་ཡོད་མེད་མི་གསལ་ཡང་སྔགས་འགྱུར་རྙིང་མ་དང་ཀརྨ་བཀའ་རྒྱུད་སོགས་དར་རྒྱས་ཆེན་པོར་བྱུང་འདུག་ཅིང་། དེ་དག་གི་སྐབས་ན་ཆོས་ལུགས་ཀྱི་འཐབ་རྩོད་དབང་གིས་ནང་འཁྲུགས་ཀྱང་མང་ཙམ་བྱུང་ཡོད་པར་ངག་རྒྱུན་དུ་གྲགས་སོ། དེ་ནས་སོག་པོ་གུ་ཤྲིར་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཁམས་ཡོངས་ལ་དབང་སྒྱུར་བྱས་ནས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་སྲིད་དབང་ཡོངས་སུ་རྫོགས་པ་རྒྱལ་མཆོག་ལྔ་པ་ཆེན་པོའམ་དགའ་ལྡན་ཕོ་བྲང་ལ་ཕུལ་བས།དེ་ནས་བཟུང་སྟེ་བོད་ཁམས་ཀྱི་མཐའ་དབུས་ཀྱི་ཡུལ་གྲུ་མང་པོར་དགེ་ལྡན་པའི་ཆོས་སྲིད་ལུགས་གཉིས་ཀྱི་འཕྲིན་ལས་དར། གཞུང་ས་དགེ་ལྡན་ཕོ་བྲང་པའི་ཆབ་སྲིད་ཀྱི་མངའ་ཐང་གོང་དུ་བཏེགས་པར་མཐའ་མཚམས་ཀྱི་ཡུལ་འདི་ནས་ཀྱང་སྲི་ཞུ་རྒྱ་ཆེར་བསྒྲུབས་ཡོད་ཅིང་། ལྷག་པར་དུས་སྐབས་དེར་བཀའ་རྒྱུད་པའི་དགོན་སྡེ་ཧ་ཅང་མང་བ་སྒང་ལ་ད་རུང་རྙིང་མ་སོགས་དགོན་སྡེ་མི་ཉུང་བ་ཞིག་ཡོད་པས་ཡོངས་གྲགས་སུ་དགོན་ཁག་བརྒྱ་དང་བརྒྱད་ཞེས་གྲགས་པ་དེ་དག་གིས་གྱེན་ལོགས་ཀྱི་ཉེན་ཁ་ཡང་ཆེ་བས། དབུས་ནས་བཀའ་ཡིག་ལན་དུ་མར་འབྱོར་བ་ལྟར་ཀརྨ་བཀའ་རྒྱུད་ཀྱི་དགོན་སྡེ་ཆེ་བ་གསུམ་དང་དེ་བཞིན་འདབ་འབྲེལ་གྱི་འཕྱ་ཕྲེང་དང་འཇང་། ཆབ་མདོ་དང་བྲག་གཡབ་སོགས་ནས་ཀྱང་ཡོང་ཆོག་པའི་དགོན་སྡེ་ཧ་ཅང་ཆེན་པོ་ཞིག་༧གོང་ས་ལྔ་ཆེན་པོའི་ཐུགས་བཞེད་ལྟར་གྲུབ་ཡོད་ཅིང་། མདོར་ན་དགོན་ཁག་བརྒྱ་དང་བརྒྱད་ལས་གྲུབ་པའི་ཁམས་གསུམ་འགྲོ་བའི་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་རིང་ལུགས་དྲི་མ་མེད་པར་འཛིན་པ། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཆོས་སྡེ་ཆེན་ཆེན་པོ་ཞིག་༧གོང་ས་ལྔ་པ་ཆེན་པོས་ཐུགས་སྐྱེད་སྨོན་ལམ་གྱི་སྟོབས་ལས་ལེགས་པར་གྲུབ་ནས་ད་བར་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་བོད་རྒྱུད་ནང་བསྟན་གྱི་དགོན་སྡེ་ཆེ་བ་གྲས་ཤིག་ཏུ་གྱུར་ཡོད། ལོ་རབས་སྔོན་མར་དགོན་སྡེ་འདིར་དགེ་འདུན་པ་སྟོང་ཚོ་གཉིས་ལྷག་ཚོགས་མྱོངས་ཤིང་། དེང་སྐབས་ཀྱང་དགེ་འདུན་སྡེ་སྣོད་འཛིན་པ་བརྒྱད་བརྒྱ་ཡས་མན་ཞིག་རྒྱུན་བཞུགས་གནང་བཞིན་ཡོད། འདི་གའི་ཆོས་སྤྱོད་ཀྱི་བྱ་བ་གཙོ་བོ་ནི་དབུས་ཀྱི་གསང་ཆེན་དཔལྡན་སྟོད་རྒྱུད་གྲྭ་ཚང་གི་ཕྱག་སྲོལ་འཁྲུལ་མེད་གསང་སྔགས་ཀྱི་ཆོ་གའི་བསྐོར་ཡིན། གདན་ས་ཁག་ནས་སློབ་མཐོན་གྱིས་དགེ་བའི་བཤེས་གཉེན་དང་རབས་འབྱམས་པ་སོགས་མཁས་པ་གནམ་གྱིས་ས་གབ་པ་ལྟ་བུ་བྱོན་ཡོད། མཁན་རབས་རིམ་བྱོན་ཡོངས་རྫོགས་ནི་དགེ་བཤེས་དང་རབ་འབྱམས་པ་རྣམས་ཡིན་ཞིང་། དགོན་པའི་མགོན་བླ་གཙོ་བོ་ནི་འཕྱོང་རྒྱས་པ་ངག་དབང་རྣམ་རྒྱལ་གྱི་སྐུ་སྐྱེས་སྐྱབས་རྗེ་ཟངས་འབུམ་རྫོ་རྗེ་འཆང་སྐུ་ཕྲེང་རིང་བྱོན་དང་ཁྱབ་བདག་རྒྱལ་ཐང་བཀའ་འགྱུར་བ་རྣམ་གཉིས་ཡིན་ཞིང་། དགོན་པའི་མ་ལག་དང་བཅས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡུལ་གཙོ་བོ་མ་ལྟ་བུ་གྲྭ་ཆང་རིན་པོ་ཆེ་གཅིག་ལ་བུ་ལྟ་བུའི་ཁམས་ཚན་བརྒྱད་ཡོད་ཅིང་། དེ་བརྒྱད་ལ་ཁམས་ཚན་པདྨ་འདབ་བརྒྱད་ཞེས་ངག་རྒྱུན་དུ་གྲགས། དགོན་པའི་དགེ་འདུན་མངས་ཀྱི་འཚོ་བའི་ཆ་རྐྱེན་མཁོ་སྒྲུབ་གནང་མཁན་སྔོན་མ་ཡིན་ན་སྤྱི་སོ་དང་རྒྱབ་ཤག་ཞེས་པ་གཉིས་དེ་ཡིན། དེང་སྐབས་དེ་གཉིས་ལོགས་སུ་བཙུགས་ཐུབ་མེད་ལ། གནས་རིམ་ལ་གྲྭ་ས་ནས་གཞུང་ཆེན་པོ་ཏི་ལྔ་སློབ་པ་མཐར་སོན་ནས་ཕེབས་པ་རྣམས་ལ་དགེ་བཤེས་དང་། དེ་རྒན་རིམ་མམ་འོས་ཆོས་ལྟར་གྲྭ་ཚང་གི་ཆོས་སྲིད་ཡོངས་སུ་རྫོགས་པའི་བདག་པོར་བླ་བྲང་མཁན་པོ་དང་། དེའི་འོག་ཏུ་ཁམས་ཚན་སོ་སོ་ནས་མི་སྣ་གཉིས་རེ་བཀོད་བྱས་པའི་མི་སྣ་བཅུ་དྲུག་ཡོད་ཅིང་། དེ་རྣམས་ནི་གྲྭ་ཚང་གི་ཕྱག་མཛོད་དེ་བླ་བྲང་མཁན་གྲྭ་བ་ཟེར། གཙོ་བོ་བླ་བྲང་མཁན་པོར་དཔུང་པ་མཉམ་རོགས་ཀྱིས་གྲྭ་ཚང་རིན་པོ་ཆེའི་འཛིན་སྐྱོང་གི་འགན་ཁུར་བཞིན་ཡོད། དེ་བཞིན་གྲྭ་ཚང་ཁམས་ཚན་བཅས་ཀྱི་ཞི་དྲག་གིས་སྦྱིན་སྲེག་དང་ལྕགས་མཁར་བཅས་རྐང་འཛིན་གྱིས་འགན་ཁུར་བ་ལ་བླ་མ་ཞེས་འབོད་པ་དང་། ཆོས་ཁྲིམས་མངའ་བདག་དགེ་སྐོས་གཉིས་རེ་ལོ་ལྟར་ཁམས་ཚན་གཉིས་གཉིས་ནས་རེས་མོས་ཀྱིས་གཏོང་དགོས་ཤིང་། དེ་ཡང་གཙོ་བོ་རྒན་རིམ་ལྟར་འགྲོ་དགོས། དེ་ནས་འདོན་སྐུལ་བ་ཆེན་མོ་དབུ་མཛད་ནི་གྲྭ་ཚང་གི་སྒྲིག་སྲོལ་ལྟར་འགོ་ཕྱོགས་བཅུ་དུས་གསུམ་མམ་སྐྱབས་འགྲོ་སེམས་སྐྱེད་ནས་མཐར་སྨན་བླ་ཤིག་བརྗོད་བར་བླ་བྲང་མཁན་པོའི་མདུན་དུ་རྒྱུགས་ལེགས་པར་གྲུབ་དགོས་ལ། མ་ཟད་འདོན་རྟ་དབྱངས་དང་སྦུག་ཆོས་སོགས་རོལ་མོ་དཀྲོལ་ལུགས་གར་ཐིག་བཅས་གང་མཚམས་ཤེས་པ་རྣམས་དབུ་མཛད་ལ་ལོ་རེར་ཟླ་བ་དྲུག་རེ་སྟེ་སྨོན་ལམ་དབུ་མཛད་དང་ལྔ་མཆོད་དབུ་མཛད་ཞེས་འབོད། ཁམས་ཚན་སོས་སོའི་གཉེར་བའང་ཁམས་ཚན་རྒན་གཉིས་རེ་ཡོད་ཅིང་། དགོན་པའི་ཁོ་རྭ་ཁོར་ཡུག་ནི་ཤར་ན་ཁ་རི་གླང་ཆེན་འདྲའི་སྟེང་གཞི་བདག་དང་གནས་རིའི་རང་བཞིན་ཏེ་ཁ་རི་བཙན་སྤུངས་བཅོ་བརྒྱད་ཞེས་པ་དེ་དང་། མདུན་ན་ལྷ་མོ་བླ་མཚོ་གཡུ་ཡི་མེ་ལོང་འདྲ་བའི་ནང་དགོན་པའི་སྣང་རྙན་གསལ་ལྷང་ལྷང་བཀྲ་ཞིང་གསེར་བྱ་ངང་མོ་སོགས་མཚོ་ལ་དགའ་བའི་འདབ་ཆགས་དང་ཉ་མོ་སོགས་དད་ལྡན་པའི་སྦྱིན་པའི་གནས་སུ་གྱུར་བ་དང་། ནུབ་བྱང་མཚམས་སུ་མཁའ་སྣ་རྒྱུད་ཀྱི་རི་ཞོང་དེ་ནི་ཉི་མ་ལྷ་ས་ལ་ཕེབས་ཡུལ་གྱི་གྲྭ་སར་འགྲིམ་པའི་ཆོས་ལམ་ཡིན་པར་གྲགས། རྒྱབ་རི་གནམ་སྔོན་པོ་ས་ལ་ལྷུང་འདྲ་བ་ནི་ཡུལ་ཁམས་བདེ་བའི་རྟེན་འབྲེལ་ཞེས་ཀྱང་གྲགས།