དགེ་ལྡན་ལེགས་བཤད་ཀྱི་དཔྱོད་བརྗོད་རགས་བསྡུས།

ཡོང་ཁུངས་Wikipedia

ལེགས་བཤད་རྩོམ་རིག


བེ་རི་འཇིགས་མེད།

1.རྩོམ་པ་པོའི་རྣམ་ཐར་མདོར་བསྡུས།


དགེ་ལྡན་ལེགས་བཤད་པདྨ་དཀར་པོའི་ཆུན་པོ་རྩོམ་པ་པོ་དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ་ཉིད་ནི། ལྷོ་ཁ་རྩེད་ཐང་དགོན་པའི་ཉེ་འདབས་ཀྱི་གྲོང་ཚོ་ནང་པ་ར་ལམ་པ་བྱ་བའི་ཁྱིམ་ཚང་ཞིག་ཏུ་རབ་བྱུང་བརྒྱད་པའི་ས་ཁྱི་(སྤྱི་ལོ་1478)ལོར་སྐུ་འཁྲུངས་ཤིང་། སྐུ་གཞོན་ནུའི་སྐབས་སུ་ལས་ཆེན་བསོད་ནམས་བཀྲ་ཤིས་ཀྱི་མདུན་ནས་རབ་ཏུ་བྱུང་པས། མཚན་ལ་བསོད་ནམས་གྲགས་པའི་དཔལ་ཞེས་གསོལ།

    ཆུང་ངུའི་དུས་རྩེད་ཐང་དགོན་པར་ཆོས་ཞུགས་ཀྱིས་ཡི་གེ་འབྲི་ཀློག་སོགས་ལ་སྦྱངས་པ་མཛད། ཚད་མའི་དོགས་གཅོད་ཞུ་བ་དང་སྦྲགས་གཡའ་བཟང་དུ་ཕེབས་ཏེ་ཆོས་རྗེ་དྭགས་པོ་རམ་འབྱམས་པ་སོགས་བསྟེན་ནས་ལོ་ཤས་རིང་གཞུང་དང་། རིག་གནས་སོགས་ལ་གསན་སྦྱོང་གནང་། དགུང་ལོ་བཅུ་དྲུག་གི་སྐབས་སུ་ལྷ་སར་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་དུ་ཆོས་ཞུགས་མཛད། ཀུན་མཁྱེན་དོན་ཡོད་དཔལ་ལྡན་དང་། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་བཅས་བླ་མར་བསྟེན་ནས་ཕར་ཕྱིན་དང་ཚད་མ། དབུ་མ། འདུལ་བ། མཛོད་བཅས་གཞུང་ཆེན་པོ་ལྔ་སློབ་གཉེར་མཐར་ཕྱིན་གནང་ཞིང་། ཞ་ཞོར་གསང་སྔགས་ཀྱི་ཆོས་ཀྱང་མང་དུ་གསན། དགུང་ལོ་ཉི་ཤུ་ལ་འོད་སྣའི་བླ་མ་སངས་རྒྱས་བཟང་པོ་དང་རིན་ཆེན་ཆོས་བཟང་གཉིས་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མདོ་ཕྱོགས་ཀྱི་མཚན་ཉིད་རིག་པའི་སློབ་གཉེར་ཐོན་ནས་དགེ་བཤེས་མཁས་པའི་ཡང་རྩེར་སོན། དགུང་ལོ་ཉེར་བདུན་ནས་ལོ་གསུམ་རིང་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་པའི་སློབ་དཔོན་ཆོས་ལྡན་བློ་གྲོས་བླ་མར་བརྟེན་ནས་གསང་སྔགས་ཀྱི་དབང་ལུང་ཁྲིད་གསུམ་སོགས་ཇི་སྙེད་གསན་ཏེ་གསང་བ་སྔགས་ཀྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་མཛད། དགུང་ལོ་སུམ་ཅུ་ཐམ་པར་རྩེད་ཐང་ཆོས་གྲྭར་རབ་འབྱམས་པའི་གྲྭ་སྐོར་གནང་། རྗེ་ཡབ་སྲས་ཀྱི་གསུང་དང་གཞུང་ཆེན་རྣམས་ཐུགས་རྒྱུད་ལ་བྱང་པའི་ཉམས་ཐོན། དགུང་ལོ་སོ་གཅིག་ལ་རྒྱུད་སྟོད་ལ་ཆོས་ཞུགས་མཛད་ནས་རྗེ་ཆོས་ལྡན་བློ་གྲོས་ཀྱི་དྲུང་དུ་གསང་སྔགས་ཀྱི་དབང་ལུང་ཁྲིད་སོགས་ཧ་ཅང་མང་པོ་གསན་པས་གསང་སྔགས་ཀྱི་གཞུང་ལ་སྦྱངས་པ་ཕུལ་དུ་ཕྱིན། རྒྱུད་སྡེ་སྤྱིའི་རྣམ་བཤད་བརྩམས། དགུང་ལོ་སོ་བཞི་པར་རྒྱུད་སྟོད་གྲྭ་ཚང་གི་སློབ་དཔོན་གྱི་ཁྲིར་ཕེབས་ནས་ལོ་བཅུ་བཞིའི་རིང་རྒྱུད་ཀྱི་འཆད་ཉན་གནང་། དགུང་ལོ་སོ་དྲུག་ནས་དབུ་བཙུགས་ཏེ་གསང་འདུས་བསྐྱེད་རྫོགས་དང་། ཕར་ཕྱིན། དབུ་མའི་སྤྱི་དོན། འདུལ་བའི་རྣམ་བཤད། མཛོད་ཊཱིཀྐ་ཆོས་འབྱུང་སོགས་སྔ་རྟིང་གིས་ལྗགས་རྩོམ་གནང་། དགུང་ལོ་ཞེ་བདུན་པར་རྒྱུད་ཀྱི་ཁྲི་ལས་བཤོལ། དགུང་ལོ་ཞེ་བརྒྱད་པར་༧རྒྱལ་དབང་དགེ་འདུན་རྒྱ་མཚོའི་བཀའ་ལྟར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་པོ་ལོ་ལྔ་མཛད། དགུང་ལོ་ང་གཉིས་པ་ས་གླང་(སྤྱི་ལོ་1529)ལོར་དགའ་ལྡན་གྱི་ཁྲི་ཐོག་བཅོ་ལྔ་པར་ཕེབས་ཏེ་ལོ་བདུན་གྱི་རིང་ལ་མདོ་སྔགས་ཀྱི་འཆད་ཉན་རྒྱུན་མི་ཆད་པར་མཛད། དགུང་ལོ་ང་བརྒྱད་པར་དགའ་ལྡན་ཁྲི་པའི་ལོ་དུས་གཙང་སྟེ་ལོ་བརྒྱད་རིང་དགའ་ལྡན་དགོན་དུ་ཟུར་བཞུགས་ཐོག །སྐྱོར་མོ་ལུང་དང་། ཕག་མོ་ཆོས་སྡེ། ཉི་སྡིངས། འོད་སྣ། ཆོས་སྡེ་རིན་ཆེན་གླིང་སོགས་ཞལ་འཛིན་མཛད་པས་རྣམ་དཀར་གྱི་འཕྲིན་ལས་ཆེ། དགུང་ལོ་རེ་དྲུག་པར་རེ་ཞུས་བཞིན་ལོ་ངོ་བཞིའི་རིང་འབྲས་སྤུངས་སྤྱི་མཁན་གནང་། དེ་ནས་༧རྒྱལ་དབང་སྐུ་ཕྲེང་གསུམ་པ་སྟོད་ལུང་ནས་ངོས་འཛིན་ཞུས་ཏེ་དགེ་བསྙེན་གྱི་སློབ་དཔོན་མཛད། དགུང་ལོ་རེ་དགུ་པ་ནས་དགུང་ལོ་དོན་བདུན་བར་སེ་རའི་མཁན་པོ་གནང་།
    རྗེ་འདི་ཉིད་ཀྱིས་རྒྱུད་སྡེ་སྤྱིའི་རྣམ་བཤད་དང་། གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག ཕར་ཕྱིན་གྱི་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ།ཕར་ཕྱིན་གྱི་མཐའ་དཔྱོད་ཡུམ་དོན་ཡང་གསལ་སྒྲོན་མེ། དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེ། བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། འདུལ་བའི་སྤྱི་དོན་ལུང་རིགས་ཉི་མ། མཛོད་ཀྱི་སྤྱི་དོན་ཤེས་བྱ་རབ་གསལ། ཚད་མ་རྣམ་འགྲེལ་གྱི་སྤྱི་དོན་དགོངས་པ་རབ་གསལ། འདུལ་བའི་ཆོས་འབྱུང་། བསྟན་རྩིས་རིན་ཆེན་ཕྲེང་བ། དེབ་ཐེར་དམར་པོ་གསར་མ། དགེ་ལྡན་ལེགས་བཤད་པད་མ་དཀར་པོའི་ཆུན་པོ་སོགས་ལོ་རྒྱུས་དང་། བསྟན་རྩིས། གཞུང་ཆེན་པོའི་འགྲེལ་བཤད་དོགས་གཅོད་སོགས་པོད་དྲུག་ཙམ་མཛད། དགུང་གྲངས་དོན་བདུན་ལ་ཕེབས་པ་རབ་བྱུང་དགུ་པའི་ཤིང་སྟག་(སྤྱི་ལོ་1554)ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།


2. དགེ་ལྡན་ལེགས་བཤད་རྩོམ་པའི་རྒྱུ་རྐྱེན།

མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པས་དགེ་ལྡན་ལེགས་བཤད་པདྨ་དཀར་པོའི་ཆུན་པོ་གསར་རྩོམ་གནང་བའི་རྒྱུ་རྐྱེན་ནི། ཁོང་འཇིག་རྟེན་འདིར་བྱོན་པའི་དུས་རབས་ནི་བོད་ཕག་གྲུའི་སྲིད་དབང་བཟུང་བའི་དུས་སྐབས་དེར་ཡིན། ཕག་གྲུའི་སྲིད་རབས་ལྔ་པ་མི་དབང་གྲགས་པ་རྒྱལ་མཚན་བར་དུ་གསར་འཛུགས་ནས་ཡར་རྒྱས་ཀྱི་ལོ་རྒྱུས་འཕགས་ཡུལ་གྱི་གུཔྟཱི་རྒྱལ་རབས་སྐབས་དང་འདྲ་བ་གསེར་གྱི་དུས་རབས་ཟེར་ན་ཆོག་པའི་སྐབས་ཡིན་ཡང་། ཕག་གྲུ་སྲིད་རབས་དྲུག་པ་ནས་དཔོན་ཚང་ནང་འཁྲུགས་ཀྱིས་དབུས་གཙང་ཁུལ་དུ་དུས་བདེ་གནས་འཇགས་ལ་གད་ཆག་རིམ་བཞིན་ཐེབས། ཕག་གྲུ་དང་རི་སྤུངས་བར་དུ་སྲིད་རྩོད་ཀྱི་སྲི་ལངས། ས་དགེ་བར་དུ་དགག་བཞག་གི་རྩོད་ལངས། བཀའ་དགེ་བར་དུ་ཞྭ་མདོག་གི་རིས་རྩོད་པའི་དུས་རབས་འཁྲུག་ཆ་དོད་པའི་སྐབས་ཡིན། དུས་སྐབས་དེར། བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་དར་ན་ཡང་སྲིད་འབྱོར་རིག་གསུམ་གྱི་བླ་ཤོར། རི་ཆུ་ཀླུང་གསུམ་གྱི་བཅུད་ཉམས། ཡུལ་དགོན་སྡེ་གསུམ་གྱི་གཉའ་འཆག དབང་ཡོད་ཀྱིས་དབང་མེད་རྡུང་། འབྱོར་ལྡན་གྱིས་འབྱོར་མེད་བསྐྲད། མཁས་པའི་རྐང་ཐང་འགྲིལ། བླུན་པོ་རྟ་ལ་བསྐྱོན། ངན་པ་དཔུང་སྒྲིག བཟང་པོ་མཐའ་ལ་བསྐྱལ་བའི་དུས་རབས་དེར། ཁོང་ཉིད་དགའ་ལྡན་གསེར་ཁྲི་ལ་ཕེབས་ནས་ཞྭ་སེར་པོའི་བསྟན་པ་མཐའ་ནས་བསྐྱངས་པའི་མདོ་སྔགས་གསུང་རབ་ཀྱི་ལེགས་བཤད་པོ་ཏི་བཅུ་ཕྲག་བརྒལ་བར་མཛད་ཀྱང་། གངས་ཅན་པ་སྤྱི་དང་ཡང་སྒོས་དབུས་གཙང་ཁུལ་གྱི་འཇིག་རྟེན་མི་ཆོས་དང་ལྷག་དོན་མཁས་བླུན་བར་གྱི་བྱ་སྤྱོད་ལ་དབྱེ་མཚམས་དོད་པའི་ཁྱད་པར་གསལ་པོ་མི་ལྡན་པར་གཟིགས་ནས་དེ་སྔོན་འཇམ་མགོན་ས་པཎ་གྱིས་མཛད་པའི་ལུགས་ཀྱི་བསྟན་བཅོས་རིན་པོ་ཆེའི་གཏེར་གྱི་རྒྱ་མཚོ་ལྟར་བརྗོད་དོན་གཏིང་ཟབ་པ་དང་ནམ་མཁའ་ལྟར་གཞི་ཁ་གཡེལ་བའི་ཁྲོད་ནས། སྐབས་སུ་བབ་པ་དང་། ཡུལ་ལ་འཚམ་པ། དུས་ལ་རན་པ། གནད་ལ་འཁེལ་བ། ལེགས་ཉེས་རྣམ་འབྱེད་ཀྱི་ལམ་སྟོན་ཞིག་དགོས་ན། དེ་ནི་འཇམ་མགོན་ས་པཎ་གྱི་ལེགས་བཤད་རྒྱ་མཚོ་ལྟ་བུ་ལས་མཁས་པ་དང་བླུན་པོའི་བྱ་སྤྱོད་ཐེར་འདོན་གྱིས་དབྱེ་མཚམས་གསལ་པོ་ཞིག་དགོས་པ་དང་། དེ་ཡང་འཇིག་རྟེན་སྤྱིའི་མཁས་བླུན་གྱི་ཁྱད་པར་དང་། གངས་ཅན་པའི་མཁས་བླུན་གྱི་ས་མཚམས། དམ་པའི་ལྷ་ཆོས་ལ་ལྟོས་པའི་མཁས་བླུན་ཁྱད་པར། འཇིག་རྟེན་མི་ཆོས་ལ་ལྟོས་པའི་མཁས་བླུན་གྱི་འཇོག་མཚམས། ཡུལ་དུས་གནས་བབ་ལ་ལྟོས་པའི་མཁས་བླུན་གྱི་བྱ་སྤྱོད་མི་འདྲ་བའི་ཁྱད་པར་རྣམས་ཞིབ་ཚའི་རང་བཞིན་ལྡན་པའི་སྒོ་ནས་འཇམ་མགོན་ས་པཎ་དང་བཀའ་མདོ་རྒྱུད་བསྟན་བཅོས་ལས་གསུང་པའི་མཁས་བླུན་གྱི་ཁྱད་པར་གཞི་ལ་བཞག དེའི་ཐོག་དུ་ཡུལ་དུས་གནས་བབ་དང་བསྟུན་པའི་སྟོང་ཆ་ལུས་པའི་རིགས་གང་ཡོད་པ་རྣམས་ཁ་སྐོང་སྟེ་གསར་རྩོམ་དགོས་པ་དུས་ལ་བབ་པ་གཟིགས་ནས་བརྩམས་པ་ཞིག་ཡིན།


3. དགེ་ལྡན་ལེགས་བཤད་དཔེ་གང་ལ་ལྟོས་པ།


ཁོང་གིས་དགེ་ལྡན་ལེགས་བཤད་གསར་རྩོམ་གནང་བའི་སྐབས་བརྗོད་གཞིའི་དཔེ་དང་ཁུངས་འཚོལ་ས་ནི། འཕགས་ཡུལ་གྱི་ལེགས་བཤད་ལུགས་ཀྱི་བསྟན་བཅོས་རང་རེའི་བོད་སྐད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་པ་ཕབ་ནས་ད་ལྟའི་བསྟན་འགྱུར་དུ་བཞུགས་ཡོད་པ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་《ཤེས་རབ་བརྒྱ་པ》ཞེས་བྱ་བའི་རབ་ཏུ་བྱེད་པ་རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་དང་། ཞུ་ཆེན་གྱི་ལོ་ཙཱ་དཔལ་བརྩེགས་ཀྱི་འགྱུར། 《ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ》ཞེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ལས་ལེའུ་གཉིས་པ་ལོགས་ཤིག་ཏུ་བསྒྱུར་བ་ལོ་ཙཱ་བ་ཤཱི་ལེནྡྲ་བོ་དྷི་དང་། ཡེ་ཤེས་སྡེའི་འགྱུར། 《ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་བའི་ཐིགས་པ》ཞེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། 《ལུགས་ཀྱི་བསྟན་བཅོས་ཚིགས་སུ་བཅད་པའི་མཛོད》ཅེས་བྱ་བ་སློབ་དཔོན་ཉི་མ་སྦས་པས་མཛད་པ། ཟ་ཧོར་གྱི་མཁན་པོ་ཛྙཱ་ན་ཤཱནྟི་དང་། བོད་ཀྱི་ལོ་ཙཱ་བ་དཔལ་གྱི་ལྷུན་པོ་སྡེའི་འགྱུར། 《ཚིགས་སུ་བཅད་པ་བརྒྱ་བ》ཞེས་བྱ་བ་སློབ་དཔོན་ཆེན་པོ་མཆོག་སྲེད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ན་ཡ་ཙནྡྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། 《དྲི་མ་མེད་པའི་དྲིས་ལན་རིན་པོ་ཆེའི་ཕྲེང་བ》ཞེས་བྱ་བ་རྒྱལ་པོ་ཆེན་པོ་སྙན་དངགས་མཁན་གྱི་དམ་པ་སློབ་དཔོན་དོན་ཡོད་འཆར་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། 《ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས》རྒྱ་གར་གྱི་མཁན་པོ་པྲ་བྷཱ་ཀ་ར་ཤྲཱི་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། 《མ་སུ་རཀྵས་བྱས་པའི་ལུགས་ཀྱི་བསྟན་བཅོས》རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་དྷརྨ་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱི་འགྱུར། ཁྱད་པར་དུ་འཕགས་པའི་བསྟོད་པ་སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པ། ། ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ། ། ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ་སློབ་དཔོན་བདེ་བྱེད་བདག་པོས་མཛད་པ། ། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པའི་རྒྱ་ཆེར་བཤད་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ། ། སྐྱེས་པའི་རབས་སུམ་ཅུ་རྩ་བཞི་པ་སློབ་དཔོན་དཔའ་བོས་སྦྱར་བ། ཤློ་ཀ་སུམ་སྟོང་ཕྱེད་དང་བཞི། བམ་པོ་བཅུ་གཉིས་པ། སློབ་དཔོན་རྒྱལ་པོའི་སྲས་སེང་གེ་ཞབས་འབྲིང་བས་མཛད་པའི་སྐྱེས་པའི་རབས་ཀྱི་ཕྲེང་བ་སུམ་ཅུ་རྩ་ལྔ་པ། གཞོན་ནུ་གཙུག་ན་ནོར་བུའི་སྐྱེས་པའི་རབས་ཟློས་གར་གྱི་བསྟན་བཅོས་འཇིག་རྟེན་ཀུན་དུ་དགའ་བ་ཞེས་བྱ་བ། རིག་པ་འཛིན་པ་སྤྲིན་གྱི་བཞོན་པའི་སྐྱེས་རབས་གླུ་ཀུན་དུ་དགའ་བའི་ཟློས་གར་དཔལ་དགའ་བའི་ལྷས་མཛད་པ། བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་སྙན་དངགས་མཁན་ཆེན་པོ་དགེ་བའི་དབང་པོས་མཛད་པ། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ཡུལ་ཤ་སེ་ཏ་ཀའི་གསེར་མིག་མའི་བུ་དགེ་སློང་སྙན་དངགས་མཁན་ཆེན་པོ་སྨྲ་བ་དང་ལྡན་པ་ཕྱོགས་སུ་རྣམ་པར་གྲགས་པ་བཙུན་པ་རྟ་དབྱངས་ཀྱིས་མཛད་པ། བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་པ་སྙན་དངགས་མཁན་ཆེན་པོ་སློབ་དཔོན་དཔའ་བོས་མཛད་པ། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རིན་པོ་ཆེའི་ཕྲེང་བའི་རྒྱ་ཆེར་བཤད་པ་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ། སྦྱིན་པའི་གཏམ། སྲིད་པ་ལས་འདས་པའི་གཏམ་རྣམས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ཚུལ་ཁྲིམས་ཀྱི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ཚུལ་ཁྲིམས་ཀྱི་གཏམ་གྱི་འགྲེལ་པ་སློབ་དཔོན་གསལ་གྲགས་ཀྱིས་མཛད་པ། ཚོགས་ཀྱི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། མི་ཁོམ་པ་བརྒྱད་ཀྱི་གཏམ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ་སྙན་དངགས་མཁན་ཆེན་པོ་སློབ་དཔོན་དཔའ་བོས་མཛད་པ། ཕྱིན་ཅི་ལོག་བཞི་སྤང་བའི་གཏམ་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ། བོད་ཀྱི་སྐོར། <<བཏམས་ཤིང་བསྟན་པའི་མདོ་>> ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་《བསླབ་བྱ་མི་ཆོས་གནད་ཀྱི་ཕྲེང་བ》 ཞེས་པ་དེ་ཡིན། ཇོ་བོའི་བསླབ་བྱ་ཁག་དང་། བཀའ་གདམས་ཕ་ཆོས་བུ་ཆོས། དཔེ་ཆོས་རན་ཆེན་སྤུངས་པ། འཇམ་མགོན་ས་པཎ་གྱི《ལེགས་བཤད་འཕྲུལ་གྱི་དྲ་བ》 བཅས་ཡིན། ལྷག་པར་ས་སྐྱ་ལེགས་བཤད་ནི་བརྗོད་གཞི་ཙམ་དུ་མ་ཟད་ཚིག་སྦྱོར་གྱི་དཔེ་ལྟ་གནང་ས་གཙོ་བོ་དེ་ཡིན། དེའི་རྒྱུ་མཚན་ནི་བཤད་སྲོལ་བྱས་ན་པཎ་ཆེན་བསོད་ནམས་གྲགས་པ་འཇམ་མགོན་ས་པཎ་གྱི་རྣམ་འཕྲུལ་ཡིན་པ་རང་ཉིད་ཀྱིས་ཞལ་བཞེས་གནང་བ་དང་། (ཁོང་གཉིས་ཀ་ཞི་བར་གཤེགས་ཚེས་ཀྱང་གཅིག་པ་ཡིན་པས་འཇམ་མགོན་ས་པཎ་དགོངས་རྫོགས་ཉིན་པཎ་ཆེན་བསོད་ནམས་གྲགས་པའི་དགོངས་རྫོགས་ཡིན་པས་དེ་ཉིན་འབྲས་སྤུངས་བློ་གསལ་གླིང་དགའ་ལྡན་ཤར་རྩེ་གྲྭ་ཚང་གཉིས་ཀའི་འདས་མཆོད་དུས་བཟང་གི་མཆོད་འབུལ་ཧ་ཅང་གྲ་རྒྱས་བྱེད་སྲོལ་ཡོད།) ས་པཎ་ཤེས་བྱ་རིག་གནས་ལྔ་ལ་མཁས་ཤིང་ལྷག་དོན་སྙན་ངག་དང་སྡེབ་སྦྱོར་ལ་འགྲན་པའི་ཟླ་མེད་པ། སྡེབ་ལེགས་ལ་སྙན་ཆ་དོད་པ། ཀློག་སླ་ལ་གོ་བདེ་བ། ཉན་སྤྲོ་ལ་འཛིན་བདེ་བ། གངས་ཅན་པའི་མཁས་པ་གཞན་ལ་མེད་པའི་ཁྱད་ཆོས་དེ་དག་འབུར་དུ་འཐོན་པ་དང་། ཁོང་གི་ས་སྐྱ་ལེགས་བཤད་ཀྱང་ཁྱད་ཆོས་ཀྱི་ར་བ་དེ་ལས་མི་འགོང་པས་ཚིག་སྦྱོར་གྱི་ཆ་ནས་དཔེ་ལྟ་གནང་བའི་རྒྱུ་མཚན་གཙོ་བོ་ཡང་དེ་ཡིན།


4. དགེ་ལྡན་ལེགས་བཤད་ཇི་ལྟར་རྩོམ་པའི་ཚུལ།


དགེ་ལྡན་ལེགས་བཤད་ཇི་ལྟར་རྩོམ་པའི་ཚུལ་ནི་ས་སྐྱ་ལེགས་བཤད་ལས་བློན་པོ་བརྟག་པ་དང་མཁས་པ་བརྟག་པའི་ལེའུ་གཉིས་ཐེར་འདོན་གྱིས་ཟུར་དུ་བཀར་ནས་ཡུལ་དུས་གནས་བབ་དང་མཚམས་པའི་སྟོང་ཆ་ཁ་སྐོང་དགོས་རིགས་གང་དང་གང་ཡོད་པ་རྣམས་དུས་ཡུན་མི་ཐུང་བ་ཞིག་གི་ནང་ཐུགས་བསམ་ནན་པོ་བཞེས་ནས་སྐབས་ལ་གང་བབ་པ་དང་། དུས་ལ་གང་རན་པ། ཡུལ་ལ་གང་འཚམ་པའི་གནས་བབ་རེ་རེ་བཞིན་རྩལ་དུ་བཏོན་ཏེ། མཁས་པའི་ཕན་ཐོགས་དང་བླུན་པོའི་གནོད་པ། མཁས་པའི་ལས་བཟང་དང་བླུན་པོའི་བྱ་ངན། མཁས་པའི་ཡོན་ཏན་དང་བླུན་པོའི་ཉེས་དམིགས། མཁས་པའི་སྤྱི་དོན་དང་བླུན་པོའི་སྒོར་དོན། མཁས་པའི་ལྷག་བསམ་དང་བླུན་པོའི་རང་འདོད། མཁས་པའི་མཛད་རྗེས་དང་བླུན་པོའི་བྱས་ཉེས། མཁས་པའི་གཏོང་སེམས་དང་བླུན་པོའི་སེར་སྣ། མཁས་པའི་ཚུལ་ཁྲིམས་དང་བླུན་པོའི་འཆལ་སྤྱོད། མཁས་པའི་བཟོད་སྒོམ་དང་བླུན་པོའི་སྡུག་ཡུས། མཁས་པའི་བརྩོན་འགྲུས་དང་བླུན་པོའི་ལེ་ལོ། མཁས་པའི་བློ་རྩ་དང་བླུན་པོའི་གྱ་གྱུ། མཁས་པའི་ཤེས་རབ་དང་བླུན་པོའི་གཏི་མུག མཁས་པའི་མིག་རྒྱངས་དང་བླུན་པོའི་མིག་སྔ། མཁས་པའི་རྒྱབ་ལྗོངས་དང་བླུན་པོའི་མདུན་ལྗོངས། མཁས་པའི་རྒྱལ་ཞེན་དང་བླུན་པོའི་ལུང་ཞེན། མཁས་པའི་ཁོག་རྒྱ་དང་བླུན་པོའི་གཏི་ཐུག མཁས་པའི་བློ་ཁོག་དང་བླུན་པོའི་ཨུ་ཚུགས། མཁས་པའི་དཔའ་མཛངས་དང་བླུན་པོའི་ལྐུགས་རྟགས། མཁས་པའི་དོ་སྣང་དང་བླུན་པོའི་རང་སྣང་སོགས། དུས་རབས་དེར་འཚམས་པ་དང་། མི་རབས་དེར་རན་པའི་སྒོ་ནས་མཁས་བླུན་བར་གྱི་གནས་བབ་རེ་རེ་བཞིན་ཞིབ་ཞིབ་ཕྲ་ཕྲ་བྱས་ནས་རྩལ་དུ་བཏོན་རྗེས་ལེགས་བཤད་འདི་ཉིད་གསར་དུ་བསྒྲིགས་པ་ཞིག་ཡིན། དེར་བརྟེན་ལེགས་བཤད་འདི་ནི་སྲིད་འབྱོར་རིགས་གསུམ་དང་སྡེ་བཞི་ཆ་ལག་གཞན་གྱི་སྤྲོས་པ་དེ་ཙམ་མེད་པར་མཁས་པ་དང་བླུན་པོའི་ས་མཚམས་འབྱེད་པའི་ཚོད་ཐིག་ལ་འཇིག་རྟེན་ཧྲིལ་པོ་འདིའི་སྒང་ལེགས་བཤད་འདི་ལས་ཞིབ་ཚ་ཞིག་གཞན་ནས་རྙེད་དུ་མེད་པ་ཡིན། ད་དུང་རྩོམ་པ་པོ་མདོ་སྔགས་གསུང་རབ་དགོངས་འགྲེལ་དང་བཅས་པར་འགྲན་ཟླ་མེད་པའི་མཐོང་རྒྱ་དང་ཐོས་རྒྱ་ལྡན་པའི་ཐོག །བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ཆོས་འབྱུང་དང་དེབ་ཐེར་བཅས་ལའང་ཁོང་གི་གསུང་ལས། ཚལ་པ་སི་ཏུ་དགེ་བའི་བློ་གྲོས་དེ།། ཚལ་བ་སི་ཏུ་དགེ་བའི་བློ་གྲོས་དེ།། འཇིག་རྟེན་གཞན་དུ་གཤེགས་ཞེས་སུ་ཞིག་གདུང་།། རྒྱལ་རབས་དེབ་ཐེར་སྒྲིག་ལ་མཁས་པ་ཡི།། བྱེད་པོ་གཉིས་པ་ཡོད་དོ་ཤེས་པར་གྱིས།། ཞེས་བྱུང་བ་ལྟར་འགྲན་དུ་མེད་པ་དང་། བརྡ་སྤྲོད་ཚིག་སྦྱོར་གྱི་རྩོམ་གཤིས་ཀྱང་ཁྱད་དུ་འཕགས་པའི་ཆ་རྐྱེན་ལྡན་པས་བརྗོད་དོན་རེ་རེ་བཞིན་མདོ་བསྟན་བཅོས་ལོ་རྒྱུས་སོགས་དཔེ་མཚོན་ནམ་མཁའ་མཛོད་ལ་དབང་འགྱུར་བའི་རྣམ་པ་ཡང་རང་བཞིན་གོ་ནུས། དེ་ནི་འཇམ་མགོན་ས་པཎ་གྱི་མཁས་བླུན་བརྟག་པའི་ལེའུ་གཉིས་ལ་གཟིགས། དེ་ནས་འདི་ཉིད་ལ་ཞིབ་འཇུག་རང་བཞིན་གྱིས་ཞིབ་ཚ་བོའི་ངང་ནས་གཟིགས་ན་ད་གཟོད་འདིའི་བརྗོད་གཞིའི་ཆ་ལག་གི་ཁྱད་ཆོས་རེ་རེ་བཞིན་མ་བུ་ངོ་འཕྲོད་པ་ལྟར་ཤེས་ངེས་ཡིན། དེ་ལྟ་ནའང་རང་རེའི་མི་རིགས་འདི་སྤྱིར་ལེགས་བཤད་ལ་དེ་ཙམ་རྩིས་ཆེན་མི་འཛིན་པ་མ་ཟད་མཁས་པའི་མིང་གནས་ངེས་ཅན་རེ་ཡོད་མཁན་ཚོས་ཀྱང་། རང་ཉིད་དང་ཆོས་བརྒྱུད་གྲུབ་མཐའ་མི་གཅིག་པ་ཞིག་གིས་ཇི་ཙམ་རིན་ཐང་ལྡན་པའི་ལེགས་བཤད་ཅིག་མིག་སྔར་གཤམ་ནའང་དེ་ཙམ་དོ་སྣང་མི་གནང་བར་མ་ཟད། ད་དུང་སྐྱོན་འཚང་དང་ཟུར་ཟའི་གོ་སྐབས་གང་རག་བྱེད་པ་ནི་ངོ་ཚ་པའི་གནས་ལས་མ་འདས་པ་ཡིན། ཁ་ཅིག་ལེགས་བཤད་འདི་ཉིད་འཇམ་མགོན་ས་པཎ་གྱི་ས་སྐྱ་ལེགས་བཤད་ལས་བརྐུ་བཤུས་བྱས་པ་རེད་ཅེས་སྒྲོགས་ཤིང་། དེའི་རྒྱུ་མཚན་དུ་ས་པཎ་ལེགས་བཤད་དུ་ཚིག་འདི་དང་འདི་འདྲ་ཕྱོགས་འདྲ་བ་ཡོད་པ་དང་། དོན་འདི་དང་འདི་འདྲ་ཕྱོགས་འདྲ་བ་ཡོད་པས་སོ༎ ཞེས་བགྲངས་པར་བྱེད། ཁུངས་དང་དཔེ་དེ་དག་ལ་བལྟས་པའི་རྒྱུ་མཚན་དུ་བགྲངས་ཏེ། ས་མཚམས་པ་ལས་དཔེ་བཤུས་དང་རྩོམ་བཤུས་ཀྱི་ཚོད་བརྒལ་རང་བཞིན་འཆལ་གཏམ་སྤེལ་ན། དེ་ནི་རང་ཉིད་ཐོས་ཉུང་བླུན་པོའི་རང་འཚང་དང་། ཕྱོགས་འཛིན་ཐ་ཤལ་གྱི་དཔང་རྟགས་སུ་སོང་བ་ཙམ་ལས་གནས་ལུགས་ལ་སུན་འབྱིན་པའི་ལུང་རིགས་གང་ཡང་མ་ཡིན་ཏེ། གལ་ཏེ་དེ་ལྟར་ཡིན་ན་འཇམ་མགོན་ས་པཎ་གྱི་ལེགས་བཤད་ནི། རྩོམ་ལ་མཐོང་རྒྱ་དང་ཐོས་རྒྱ་ཧ་ཅང་ཆེ་བས་གངས་ཅན་པའི་སྐད་ཡིག་ལས་བརྒལ་ནས་ལེགས་སྦྱར་སྨྲ་བར་ཐོགས་པ་མེད་པས། ལེགས་སྦྱར་སྐད་ཐོག་ཏུ་ཡོད་པའི་ལུགས་ཀྱི་བསྟན་བཅོས་མང་པོར་དཔེར་བལྟས་ནས་དེ་དག་གི་ལེགས་ཆ་བླངས་ཤིང་། བླང་སྟངས་ཀྱང་བརྗོད་གཞི་ཕལ་ཆེ་བ་ཁུངས་ནང་ཁུངས་རྒྱབ་ཏུ་ཡོད་པ་དང་། ཚིག་སྦྱོར་ཡང་ཕྱོགས་འདྲ་བ་ཡིན་པས། དེར་ཐལ། དེའི་ཕྱིར་ཟེར་ན་ལན་ཅི་འདེབས། རྟགས་མ་གྲུབ་ན། ས་སྐྱ་ལེགས་བཤད་ལས། བློ་ལྡན་བྱ་བ་ཅུང་ཟད་ཀྱང་༎ ཞེས་སོགས་དང་། ནོར་ལྡན་བླུན་པོའི་ནང་ན་མང་༎ ཞེས་སོགས་དང་། རྒྱ་མཚོ་ཆུ་ཡིས་མི་ངོམས་ཤིང་སོགས༎ འབྱུང་བ་དང་། ཤེས་རབ་སྡོང་བུ་ལས། བྱེ་བྲག་ཕྱེད་པའི་བློ་ལྡན་ཡང་༎ བྱ་བ་གྲོས་ཀྱིས་བསྒྲུབ་པར་བྱ༎ འགྲུབ་འགྱུར་ཁོ་ནར་མ་ཟད་ཀྱི༎ མ་གྲུབ་ན་ཡང་མཛེས་པ་ཡིན༎ ཞེས་དང་། ཕྱུག་པོ་ཀླ་ཀློ་ལ་ཡང་ཡོད༎ གཞན་ལ་འཚོལ་ཞིང་ཟས་ཞིམ་འདོད༎ རྒྱལ་པོ་ནོར་སོགས་ངོམས་པ་མེད༎ སོགས་ལ་རེ་རེ་ནས་གཟིགས་ཤིག །དོན་དངོས་ཐོག་བརྗོད་གཞི་གཅིག་ལ་ཚིག་སྦྱོར་གྱི་ཆ་ནས་སྡེབ་སྦྱོར་སྒྲིག་སྟངས་ལེགས་པ། གངས་ཅན་པའི་བློ་རྣར་གོ་བདེ་ལ་འཆར་སླ་བའི་ཁྱད་ཆོས་ལྡན་པ་དང་། འགའ་ཞིག་ཚིག་སྦྱོར་རང་འཇགས་བཞག་ནའང་བརྗོད་དོན་གོ་བདེ་ཉན་སླའི་ཁྱད་ཆོས་ལྡན་ན་བཅོས་པའི་ངལ་བར་མ་བརྟེན་པར་བཞག་པ་ཡིན་པས་འཇམ་མགོན་ས་པཎ་ལ་དཔེ་བཤུས་དང་རྩོམ་བརྐུའི་ཉེས་པ་ནམ་ཡང་གཞལ་དུ་མེད་མོད། དགེ་ལྡན་ལེགས་བཤད་དཔེ་བཤུས་དང་རྩོམ་བརྐུས་ཡིན་པའི་རྒྱུ་མཚན་དེ་ལྟར་ན། འཕགས་ཡུལ་གྱི་བཀའ་ཡི་དགོངས་འགྲེལ་རྩོམ་པ་པོ་ཡོངས་རྫོགས་བཀའ་བརྐུ་བཤུ་བྱེད་མཁན་དུ་ཐལ་བ་དང་། གངས་ཅན་མཁས་པའི་གསུང་འབུམ་ཕལ་པོ་ཆེ་འཕགས་ཡུལ་གྱི་བཀའ་བསྟན་དཔེ་བཤུས་དང་རྩོམ་རྐུ་བྱེད་མཁན་དུ་ཐལ་བ་དང་། ཐ་ན་བུ་ཕ་ཡི་བྱ་སྤྱོད་རྐུ་མཁན་དང་བུ་མོ་མ་ཡི་བྱ་སྤྱོད་རྐུ་མཁན་དུ་ཐལ་བས། དེ་ལྟ་ན་འགྲོ་བ་མི་ཡོངས་རྫོགས་རྐུ་མ་ཡིན་པ་ཐལ་བར་འགྱུར་རོ། །བསྡུས་གྲྭའི་རིགས་ལམ་ཤེས་མཁན་ཚོས་གཟིགས་ཤིག །དེས་ན་ཤེས་ལྡན་མི་སྣའི་གདན་གྲལ་སྡོད་མཁན་ཚོས། ཕྱོགས་དང་གནས་ལུགས་གཉིས་ལས་ཕྱི་མ་རྩ་འཛིན་གནང་རྒྱུ་ཧ་ཅང་གལ་ཆེ་བ་སྣང་ཞེས་བཞེད་སྐུལ་ཞུ། དགེ་ལྡན་ལེགས་བཤད་རྩོམ་པའི་རྒྱུ་མཚན་གཉིས་པ་ནི་ལེགས་བཤད་དེའི་མཇུག་རྩོམ་དུ། མཁས་པའི་དབང་པོ་ས་པཎ་གྱིས། །མཁས་བླུན་༥༠རྣམ་པར་དབྱེ་བ་ཡི།། ལེགས་བཤད་རིན་ཆེན་གཏེར་ཞེས་པ། །འཇིག་རྟེན་མིག་ཏུ་བྱིན་ན་ཡང་།།[ ༡ ༢ ༡ ] དེང་སང་མཁས་པའི་ཉིན་བྱེད་རྣམས། །ཞིང་གཞན་ནུབ་རིའི་རྩེར་སོན་ཅིང་།། བླུན་རྨོངས་ཟླ་བའི་གཟུགས་ཤར་བས། །ལེགས་བཤད་པདྨ་ཕལ་ཆེར་ཟུམ།།[༡༢༢] སླར་ཡང་བདག་བློའི་སྐྱེད་ཚལ་འདིར། །རྣམ་དཔྱོད་ཉི་མའི་ཟེར་འཁྱིལ་ཞིང་།། བརྩོན་འགྲུས་ཆར་གྱིས་བྲན་པ་ལས། །ལེགས་བཤད་པདྨ དཀར་པོ་འཁྲུངས།།[༡༢༣] ཁྲེལ་ཡོད་མཛེས་པའི་ལུས་འཆང་ཞིང་། །བློ་གྲོས་མིག་དཀྱུས་རིང་པོ་ཡིས།། སྐལ་བཟང་རྐང་དྲུག་ལྡན་པ་རྣམས། །དེང་ནས་རྩེ་ཞིང་རོལ་བར་མཛོད།།[༡༢༤]ཞེས་དང་། དེའི་འགྲེལ་པར། ཚིགས་བཅད་དང་པོའི་འགྲེལ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་གངས་རིའི་ཁྲོད་ཀྱི་མཁས་པའི་དབང་པོ་དཔལ་ལྡན་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཀྱིས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་བརྒྱ་པ་དང་། ཤེས་རབ་སྡོང་བུ་དང་། སྐྱེ་བོ་གསོ་ཐིགས་གསུམ། སློབ་དཔོན་ཉི་མ་སྦས་པས་མཛད་པའི་ཚིགས་སུ་བཅད་པའི་མཛོད། སློབ་དཔོན་མཆོག་སྲེད་ཀྱིས་མཛད་པའི་ཚིགས་སུ་བཅད་པ་བརྒྱ་པ། ཙ་ན་ཀ་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས། མ་སུ་རཀྵས་བྱས་པའི་ལུགས་ཀྱི་བསྟན་བཅོས་ཏེ་རྒྱ་གཞུང་རྣམས་ཀྱི་ལེགས་ཆ་བཏུས་ནས། མཁས་པ་དང་བླུན་པོའིཁྱད་པར་རྣམ་པར་དབྱེ་བའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་དང་། སྐྱེས་བུ་རྣམ་དབྱེ་གཞོན་ནུའི་མགུལ་རྒྱན་ཞེས་བྱ་བ། སྐལ་བ་དང་ལྡན་པ་དག་ལ་འཇིག་རྟེན་གྱི་བླང་དོར་ལྟ་བའི་མིག་ཏུ་བྱིན་ན་ཡང་། ཞེས་པའོ།། ཚིགས་བཅད་གཉིས་པའི་འགྲེལ། དེ་རིང་སང་གི་དུས་ལ་ཐུགས་གཟུ་བོར་གནས་པའི་མཁས་པའི་ཉིན་བྱེད་གོང་མ་རྣམས་གདུལ་བྱའི་དབང་གིས་ཞིང་ཁམས་གཞན་ནུབ་རིའི་རྩེ་མི་མངོན་པའི་ཡུལ་དུ་སོན་ཅིང་གཤེགས་པར་གྱུར་ལ། ཕྱོགས་རེས་བློ་མིག་ཅན་གྱི་བླུན་ཞིང་རྨོངས་པའི་མཁས་ོམ་ཟླ་བའི་གཟུགས་ཤར་བའི་དབང་གིས་ལེགས་བཤད་པདྨོ་དེ་དག་ཕལ་ཆེར་ཁ ་ཟུམ་སྟེ་དོན་གཉེར་རྐང་དྲུག་རྣམས་ཀྱིས་དགོས་དོན་སྦྲང་རྩི་མྱོང་བའི་གོ་སྐབས་ཕྲ་བར་གྱུར་ཏོ།། གསུམ་པ་ནི། དེ་ལྟར་མཁས་པ་སྔ་མའི་ལེགས་བཤད་པདྨ ཕལ་ཆེར་ཁ་ཟུམ་པ་ན་སླར་ཡང་རྩོམ་པ་པོ་བདག་གི་བློ་གྲོས་ཀྱི་སྐྱེད་མོས་ཚལ་ལེགས་བཤད་ཀྱི་མེ་ཏོག་ཅིར་ཡང་འཆར་བ་འདིར། ཆོས་རབ་ཏུ་རྣམ་པར་འབྱེད་ཅིང་ཟབ་གནད་དཔྱོད་པའི་ཉི་མའི་འོད་ཟེར་རབ་ཏུ་འཁྱིལ་ཞིང་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་ཀྱི་གྲུ་ཆར་བཟང་པོས་ཡང་ཡང་བྲན་པའི་རྒྱུ་རྐྱེན་ཚོགས་པ་ལས། ལེགས་པར་བཤད་པ་པདྨ དཀར་པོ་དོན་བཟང་སྦྲང་རྩིའི་བཅུད་འཛིན་པ་འདི་འཁྲུངས་སོ། །ཞེས་པའོ།། ཞེས་གསུངས་པ་ལྟར་ཡིན།


5. དགེ་ལྡན་ལེགས་བཤད་ཀྱི་དཔེ་མཚོན་འགའ་ཞིག་བགྲངས་པ།


དགེ་ལྡན་ལེགས་བཤད་ལ་ཁྱོན་བསྡོམས་ཤློོཀ་བརྒྱ་དང་ཉེར་ལྔ(125) ཙམ་ཡོད་དེ། དེ་དག་གི་བརྗོད་དོན་ཧྲིལ་གྱིས་བསྡུས་ན་མཁས་པའི་ཡོན་ཏན་དང་བླུན་པོའི་རྗེས་ངན་གཉིས་སུ་བསྡུས་ནས་བཤད་ཡོད། དེ་དག་ལས་འདིར་ཚིགས་བཅད་ཁ་ཤས་དཔེ་མཚོན་དུ་བགྲངས་ནས་བཤད་དོ།། བླུན་པོ་རང་སྣང་དག་པའི་དཔེ་མཚོན་དུ། བླུན་པོས་མཁས་པ་དབུལ་མཐོང་ན། ། ང་རྒྱལ་སེམས་ཀྱིས་ཁྱད་གསོད་བྱེད།། སྤྲེ་རྒན་རྣམས་ཀྱིས་མི་བཟུང་ནས། ། མཇུག་མ་མེད་ཅེས་བགད་ལ་ལྟོས།།[༡༢] ཤེས་བྱ་ཡོན་ཏན་ལ་སྐྱེས་སྟོབས་ཀྱི་ཤེས་རབ་དང་བྲལ་ཞིང་། སྦྱང་སྟོབས་ཀྱི་ཡོན་ཏན་མེད་པ། གུས་སྟོབས་སྦྱོར་བའི་བརྩོན་འགྲུས་མེད་པ། ནོར་དང་ལོངས་སྤྱོད་ཁབ་ཙམ་གྱི་དོན་དུ་ཚེ་སྲོག་གཏའ་མ་ལ་བཞག་ཐུབ་པའི་བླུན་པོ་རྒྱུ་རྔམས་ཅན། ཐོབ་དང་གོ་སའི་དོན་དུ་ཕ་མ་ཡང་གཙོང་ཐུབ་པའི་སྙིང་ཁམས་ཅན། ལྟོ་གོས་གྱི་དོན་དུ་སྐུ་འཚོང་རྒྱག་མཁན། སྙན་གྲགས་ཀྱི་ཆེད་དུ་ལས་འབྲས་རྙོག་མཁན། སྒེར་གྱི་ཁེ་ཕན་ཆེད་དུ་རྒྱལ་ཁབ་འཚོང་མཁན་བ། དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཀའི་གནས་ལུགས་མི་ཤེས་པའི་རྨོངས་རྒན་བླུན་པོ་མང་པོ་ཁ་མཐུན་ནས་ལྟོ་གོས་གཏམ་གསུམ་དང་ཚེ་བླ་སྲོག་གསུམ་བློས་བཏང་གནང་ནས་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱིས་བསྡུས་པའི་སྲིད་འབྱོར་རིག་གསུམ་དང་། ལྟ་སྒོམ་སྤྱོད་གསུམ་ལ་འཆད་རྩོད་རྩོམ་གསུམ་ཀྱི་བློ་གྲོས་དབྱར་ཀའི་རྒྱ་མཚོ་དང་། སྟོན་ཀའི་ཟླ་འོད་ལྟར་འབུར་དུ་ཐོན་པའི་ཉམ་ཆུང་ཐོས་པ་ཅན་གྱི་མཁས་པ་མཚན་ཉིད་ཚང་བ་དག་གི་མི་ཚེའི་རྒྱུད་རིམ་ནང་ཟས་གོས་གནས་མལ་དང་། ཁང་ཁྱིམ་ཞིང་པའི་གནས་བབ་ཞན་པོ་ཡིན་པའི་སྣང་ཚུལ་དེར། རང་ཉིད་སྟོབས་འབྱོར་ཁ་དྲག་དབང་ཆ་བཙན་པོ་ཡིན་པའི་རང་སྣང་དག་སྟེ་ཁྱད་བསད་དང་མཐོང་ཆུང་བྱེད་པའི་སྐྱུགས་བྲོ་བའི་བྱ་སྤྱོད་མ་རབས་ཐ་ཆད་དེ་རིགས་ལ་སུན་འབྱིན་དང་ཟུར་ཟའི་སྒོ་ནས་བྱ་སྤྱོད་དེ་རིགས་མི་རུང་བ་བསྟན་པའི་ཆེད་དུ་ནགས་ཀྱི་དུད་འགྲོ་སྤྲེལ་རྒན་མང་པོ་ཚོགས་ནས་མི་བཟུང་སྟེ་འདི་ལ་མཇུག་མི་འདུག་ཅེས་འཕྱ་སྨོད་བྱེད་པ་དང་མཚུངས་ཚུལ་འཇིག་རྟེན་ཁ་རྒྱུན་དུ་གྲགས་པའི་གོ་བདེའི་དཔེའི་ལམ་ནས་བསྟན་པའི་ལེགས་བཤད་ཀྱང་ཡིན་ལ་སུན་འབྱིན་ཡང་ཡིན་པ། ཟུར་ཟ་ཡང་ཡིན་ལ་སྙན་ངག་ཀྱང་ཡིན་པའི་སྡོམ་ཚིག་གལ་ཆེ་ཞིག་བཀོད་པ་ཡིན། དེ་ཡང་སྤྲེལ་ཚོགས་ནི་དུད་འགྲོ་ཡིན་ལ་རང་ཉིད་དུད་འགྲོ་ཡིན་པའི་དཔང་རྟགས་རྐུབ་ལ་སྐྱེས་པའི་རྔ་མ་རིང་པོ་དེ་ཉིད་རྩ་ཆེན་གྱི་ནོར་བུ་ནང་བཞིན་རྩིས་ཏེ། འགྲོ་བ་མི་ལ་ཆ་རྐྱེན་དེ་མི་ལྡན་པ་རྒྱུ་མཚན་དུ་བྱས་ནས་འཕྱ་སྨད་བྱེད་པ་ནི་དོན་དངོས་ཐོག་རང་ཉིད་ལ་ལྡན་ཞིང་འགྲོ་བ་མི་ལ་མི་ལྡན་པའི་རྔ་མ་ནི་རང་ཉིད་དུད་འགྲོ་ཡིན་པའི་དཔང་རྟགས་དང་འགྲོ་བ་མི་ནི་དེ་ལས་བརྒལ་བའི་སྨྲ་ཤེས་པ་དང་དོན་གོ་བའི་ཁྱད་ཆོས་གཉིས་ལྡན་གྱི་སྲོག་ཆགས་ཤིག་ཡིན་པ་རང་ངོ་མ་འཕྲོད་པའི་རང་འཚང་བསྟན་པ་དང་འདྲ་བ། བླུན་པོ་ཚོས་བྱ་སྤྱོད་མ་རུང་བ་འདྲ་མིན་ལ་བརྟེན་ནས་སྟོབས་འབྱོར་དབང་ཤུགས་ངེས་ཅན་ལྡན་པའི་ཆ་རྐྱེན་དེ་ཉིད་ཕུལ་དུ་བྱུང་བའི་ཁྱད་ནོར་ལྟ་བུའི་འཁྲུལ་སྣང་གི་ངོས་འཛིན་ལ་བརྟེན་ནས་རང་ཉིད་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པའི་ཡོན་ཏན་ཅན་ལ་གོང་ཚད་ལོག་པ་བརྒྱབས་ནས་མཐོང་ཆུང་བཏང་བའི་གནས་ལུགས་དེ་གསལ་བར་བྱས་པ་ཞིག་ཡིན། ཚིག་སྦྱོར་ནི་ཁྱད་པར་ཀྱི་དོན་གཞན་བཀོད་པའི་རྒྱན་ཡིན། (བསྒྲུབ་བྱ་ཁྱད་པར་བ་ཞིག་སྔོན་དུ་བཀོད་ནས་དེའི་སྒྲུབ་བྱེད་ཁྱད་པར་བའི་དངོས་པོ་ནུས་པ་ཅན་གཞན་ཞིག་བཀོད་པའི་དོན་གཞན་བཀོད་པའི་རྒྱན་ཡིན་ཟེར་དགོས།) ནགས་ཀྱི་སྤྲེའུས་མི་བཟུང་བའི་གཏམ་རྒྱུད་ནི་འགྲེལ་པར། དེ་ཡང་ལྷོ་ཁམས་ཕྱོགས་སུ་ནགས་ཚལ་ཆེན་པོའི་ནང་ན་སྤྲེའུ་མང་དུ་ཡོད་པ་ལ། མི་ཞིག་ཞིང་བལྟ་བར་སོང་བས་སྤྲེའུ་མང་པོ་དང་འཕྲད་དེ་བཟུང་ནས་སྤྲེའུ་རྣམས་བསྐོར་ཏེ། འདི་ནི་བདག་ཅག་གི་རིགས་དང་འདྲ་བ་ལ་མཇུག་མ་མེད་པ་མཚར་རོ་ཞེས་ཐམས་ཅད་ཀྱིས་བགད་དེ་འཕྱ་སྨོད་བྱས་སོ། །ཞེས་གྲག་གོ༢༧ ། ཞེས་གསུང་པ་ལྟར་ཡིན། ལེགས་བཤད་འདིའི་ཚིག་དོན་སྙིང་བསྡུས་ནི་འགྲེལ་པར། ཟང་ཟིང་ལ་ཤི་སྤར་འཐམས་པའི་བླུན་པོས་མཁས་པ་ནོར་གྱིས་དབུལ་བ་མཐོང་ན། ནོར་གྱིས་རྒྱགས་པའི་ང་རྒྱལ་བའི་སེམས་ཀྱིས་ཁྱད་གསོད་དང་བརྙས་སྨོད་སོགས་བྱེད་དེ། དཔེར་ན། དུད་འགྲོ་སྤྲེལ་རྒན་རྣམས་ཀྱིས་མི་ཞིག་བཟུང་ནས་འདི་བདག་ཅག་གི་རིགས་ཡིན་པ་ལ་མཇུག་མ་མེད་དོ་ཞེས་འཕྱ་སྨོད་དང་བཞད་གད་བྱས་པར་གྲགས་པ་ལ་ལྟོས། ཞེས་དཔེ་དེ་དང་མཚུངས་སོ། །ཞེས་གསུངས། མཁས་པས་དོགས་ཟོན་ཤེས་པའི་དཔེ་མཚོན་དུ། མཁས་པ་རྟག་ཏུ་ཟོན་གནས་པས། ། ནམ་ཡང་གཞན་གྱིས་བརླག་མི་ནུས།། རབ་སྣང་གཏུམ་པོས་ས་འཛིན་ལ། ། གླགས་མ་རྙེད་པའི་བྱུང་བ་ལྟོས།།[༩༣] བློ་རིག་བཀྲ་བའི་མཁས་པ་ནི་ཡུལ་དུས་གནས་བབ་གང་འདྲ་ཞིག་ཡིན་ན་ཡང་། སྤྱོད་ལམ་གཟབ་ཅིང་བག་ཟོན་ལ་གནས་པས་དེ་ཡི་དགྲ་ཟླ་སུ་ཞིག་གིས་ཀྱང་གོ་སྐབས་འཚོལ་ནས་གླགས་བལྟ་ནའང་བརླག་མི་རྙེད་པའི་བླང་བྱ་དེ་ཉིད། སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་པའི་ནང་བྱུང་བའི་རྒྱ་གར་གྱི་རྒྱལ་པོ་གཏུམ་པོ་རབ་སྣང་ཞེས་པ་དེ་ཇི་ཙམ་གཏུམ་ཞིང་ཁྲོ་ན་ཡང་། སྤྱང་གྲུང་ལྡན་པའི་མི་‘ས་འཛིན’ཟེར་བ་དེའི་སྲོག་གི་ཉེན་ཁ་ལས་ཐར་བའི་སྔོན་གྱི་གཏམ་རྒྱུད་ལ་ལྟོས་ཤིག །ཅེས་དཔེ་མཚོན་དུ་བཀོད་ནས་གལ་གནད་ཆེ་བའི་བླང་བྱའི་གནད་དོན་ཞིག་ཇེ་གསལ་དུ་བཏང་བ་ཞིག་ཡིན། འགག་དོག་སར་ལྷ་ཨོ་རྒྱན་པདྨ༎ ཐང་བདེ་སར་གླུ་ཨ་ལ་ཐ་ལའི་སྤྱོད་ལམ་ལྷན་སྐྱེས་སུ་འཇགས་པའི་མི་རིགས་འདིས་གོང་གསལ་ལེགས་བཤད་འདི་དག་མཆོད་གཤོམ་དང་དཔེ་སྒྲོམ་ནང་བསོད་ནམས་ཀྱི་ཞིང་དུ་བརྩིས་ནས་བཞག་པ་དང་། སློབ་དེབ་དང་རྣམ་ཐར་རྣམས་སུ་ཁ་སྐམ་པོའི་ནས་ནང་ཚིག་སྐམ་པོའི་སློབ་བཤད་རེ་གནང་། གཏམ་བཤད་དང་གྲོས་རྭའི་ནང་གཏམ་གྱི་མཛེས་ཆ་ལྟ་བུ་རེར་བགྲངས་པ་ལས་དོན་དངོས་ལག་པའི་འཐིལ་དུ་ལེན་ནས། ‘དོག་ཟོན་’ཞེས་པའི་གོ་དོན་ལ་ཉམས་ལེན་དངོས་ཀྱི་བྱ་སྤྱོད་ལ་བརྩོན་པ་མ་དྲན་པའི་མཇུག་འབྲས་འདི་བྱུང་བ་ཡང་ཤེས་དགོས་པ་ཞིག་ཡིན་ལ། ཤེས་ནས་སླར་ཡང་གཉིད་སྨན་མི་ཟ་བར་རྒྱུན་གཏན་སད་ནས་བསྡད་རྒྱུར་འབད་དགོས་པའི་དྲན་སྐུལ་ཞིག་ཀྱང་སྐབས་འདིར་ཞུས་ན་འཚམ་པར་སེམས། ལོ་རྒྱུས་ཐོག་ཕམ་ཉེས་བྱུང་བའི་རྒྱལ་ཁབ་དང་མི་སྣ། མཐའ་ན་སྲོག་ཆགས་ཆེས་མང་པོ་ཞིག་གི་ཚེ་སྲོག་གི་གད་ཆག་དང་ཕམ་ཁའི་ཉེས་པ་ཕལ་ཆེ་བ་ནི། དོག་ཟོན་མ་བྱས་པ་ལས་བྱུང་བའི་ལོ་རྒྱུས་ཉུང་ཉུང་མིན་ལ། དོག་ཟོན་གྱི་བྱ་སྤྱོད་ལ་འགོག་རྐྱེན་ཆེ་ཤོས་ནི་ནག་ཆང་ཤོ་གསུམ་དང་། བག་མེད་རྒྱལ་སྤྲོས། འདོད་ཡོན་ལོངས་སྤྱོད་བཅས་ཡིན་ལ། དེ་དག་གི་འགོག་རྐྱེན་འོག་ནས་དོག་ཟོན་ལ་ལྷོད་གཡེང་ཤོར་བའི་སྐྱུགས་བྲོ་བའི་དངོས་སྒྲུང་མི་ཉུང་བ་ཞིག་མི་རིགས་འདིའི་ཉེ་རབས་ཀྱི་ལོ་རྒྱུས་ན་གསལ་བ་ཡིན། དེ་དག་ཀྱང་ཕྱིས་འབྱུང་སླར་ཡང་ཉེས་པའི་དྲ་བར་མི་ཚུད་པའི་ཆེད། ལེགས་བཤད་འདི་དང་འདི་འདྲ་བ་དག་སློབ་བཤད་དང་ཆོས་བཤད་ལྟ་བུའི་སྲོལ་རྒྱུན་གཙོ་བོ་མི་འཛིན་པར། དོན་དངོས་ལ་བསྡུར་ནས་དཔེ་མཚོན་ཀྱང་ལོ་རབས་སྟོང་ཕྲག་ཡར་སྔོན་གྱི་བྱུང་བ་ལས། ཉེ་རབས་དངོས་བྱུང་གི་ལོ་རྒྱུས་འདྲ་མིན་བགྲངས་ནས་འཆད་ན་ཕན་ཐོགས་ངེས་ཅན་རེ་ཡོད་སྲིད་སྙམ། བླུན་པོས་གཞན་ལ་ཁྱད་བསད་བྱས་པའི་ཉེས་དམིགས་བརྗོད་པའི་དཔེ་མཚོན་དུ། བླུན་པོས་གོང་མ་ཁྱད་དུ་གསོད༎ དེ་ཡིས་བདག་ཉིད་འོག་ཏུ་ལྷུང་༎ གཙུག་ཕུད་ཅན་གྱི་རང་གི་ཕ༎ དགྲ་བཅོམ་བསད་པའི་ཉེས་དམིགས་ལྟོས༎ ༼༡༤༽ ཞེས་སྐྱེ་བོ་བླུན་པོ་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་པའི་ཡོན་ཏན་གང་ཡང་མེད་པ། ཕུག་བསམ་དང་འདུན་ལམ་ལ་མི་རྒྱངས་བསྲེངས་པའི་ཤེས་རྒྱ་མེད་པ། ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱི་རྩལ་མེད་པ། རང་ཤེད་ཚ་ལ་རོ་གྱོང་བ་དེ་རིགས་ཀྱིས་མི་རིགས་རང་གི་རྗེ་བོ་དང་ཆོས་ལུགས་རང་གི་བླ་མར་གུས་ཞབས་དང་ཡིད་ཆེས་བརྩི་འཇོག་དང་། དད་པ་བྱེད་རྒྱུའི་ཚབ་ཏུ། ཁྱད་གསོད་དང་མཐོང་ཆུང་གིས་བཀའ་བཅག ཐུགས་དཀྲུགས། བྱ་སྤྱོད་མ་རུང་བ་དང་སྐུལ་སློང་མ་རུང་བ་དེས་རིགས་མཐུན་གཞན་དང་གཞན་ལ་རྒྱུད་བསྐུལ་བྱས་ནས་བསམ་བཞིན་དུ་ཟིངས་སློང་མཁན་དེ་དག །རྒྱུ་རྐྱེན་དེ་ལ་བརྟེན་ནས་རང་གཞན་གཉིས་ཕུང་གི་གཡང་སར་རང་དབང་མེད་པར་ལྷུང་ཞིང་། སྤྱི་ཚོགས་དང་མི་རིགས་ལ་གནོད་པ་མ་ཟད་རང་ཉིད་མི་སུ་ཞིག་གིས་ཀྱང་ཡིད་ཆེས་དང་ཆ་འཇོག་མི་བྱེད་པར། མཛེ་ནད་ཅན་བཞིན་གཟུར་ནས་འགྲོ་བ་དང་། ཕ་གསོད་ཀྱི་ལག་དམར་བཞིན་ཀུན་གྱིས་ཁོང་ཁྲོ་དང་སྡང་ཟུག་བྱེད་སར་འགྱུར་བ་དེ་ཉིད་མཚོན་པའི་དཔེར་སངས་རྒྱས་ཆོས་གཞུང་ནང་གི་འདུལ་བའི་གཞུང་ལས་འབྱུང་བ་ལྟར་གྱི་གཙུག་ཕུད་ཅན་གྱིས་རྒྱལ་སྲིད་ལ་རྔམས་ཤིང་རང་ཉིད་ཀྱི་ཡབ་ལ་ཕྲག་དོག་བྱས་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་ཟིན་པའི་རང་གི་ཡབ་ཨེ་ཊ་ཡ་ན་བསད་པའི་ཉེས་དམིགས་མནར་མེད་ཀྱི་དམྱལ་བ་ལ་ལྷུང་བའི་ལོ་རྒྱུས་དེ་ཉིད་བཀོད་དེ། ཕུག་རྒྱངས་མི་མཐོང་བའི་བླུན་པོའི་བྱ་སྤྱོད་ཐེར་འདོན་བྱས་པ་ལྟ་བུ་ཡིན། སྒྲུབ་བྱེད་དཔེ་མཚོན་གྱི་ལོ་རྒྱུས་དེ་ནི་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་འགྲེལ་པར། དེ་ཡང་གྲོང་ཁྱེར་སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཏྲ་ཡ་ན་དང་། རྒྱལ་པོའི་ཁབ་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོ་གཉིས་གྲོགས་བཤེས་སུ་གྱུར་ཏེ་ཕན་ཚུན་སྐྱེས་བསྐུར་རེ་བྱེད་དོ། །ལན་ཅིག་ཨུ་ཏྲ་ཡ་ནས་ནོར་བུའི་ཁྲབ་རིན་ཐང་གཞལ་དུ་མེད་པ་ཞིག་བསྐུར་བ་ན། སྐྱེས་ལན་དུ་གཟུགས་ཅན་སྙིང་པོས་སངས་རྒྱས་ཀྱི་སྐུ་གཟུགས་བྲིས་ཏེ་བསྐུར་བས། འོག་ཏུ་རྟེན་འབྲེལ་བཅུ་གཉིས་བྲིས་པ་མཐོང་སྟེ་རྟེན་འབྲེལ་ལུགས་འབྱུང་ལྡོག་ལ་བརྟགས་པས་ཨུ་ཏྲ་ཡ་ན་བདེན་པ་མཐོང་ངོ་། །དེ་ནས་རང་གི་བུ་གཙུག་ཕུད་ཅན་ལ་རྒྱལ་སྲིད་གཏད་དེ་སྟོན་པའི་སྤྱན་སྔར་ཕྱིན་ནས་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་པར་མཛད་ལ། རེ་ཤིག་ན་གཙུག་ཕུད་ཅན་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་པར་ཐོས་ནས་དེ་བཟློག་པའི་ཕྱིར་སྒྲ་སྒྲོག་ཏུ་འབྱོན་པས། བློན་པོ་སྡིག་ཅན་གཉིས་ཀྱིས་གཙུག་ཕུད་ཅན་ལ་ཡབ་རྒྱལ་པོ་རྒྱལ་སྲིད་འཕྲོག་ཕྱིར་འབྱོན་གྱིས་དེ་བསད་པར་བྱའོ་ཞེས་ནན་གྱིས་བསྐུལ་བས་མཁས་བླངས་ཏེ་གཤེད་མ་བཏང་བ་ན། ཨུ་ཏྲ་ཡ་ནས་བར་དེར་བརྩོན་འགྲུས་བརྩམས་པས་དགྲ་བཅོམ་ཐོབ་སྟེ་གཤེད་མ་ལ་བསྒོ་བ། གཙུག་ཕུད་ཅན་ལ་ཁྱོད་ཀྱིས་ཕ་བསད་པ་དང་། དགྲ་བཅོམ་པ་བསད་པའི་མཚམས་མེད་གཉིས་བྱས་པས་དམྱལ་བ་མནར་མེད་དུ་སྐྱེ་དགོས་ཀྱི་བཤགས་པ་གྱིས་ཤིག ཅེས་སྨྲོས་ཟེར་ནས་གཤེད་མ་གཉིས་ཀྱིས་དཀྲོངས་སོ། །དེ་ནས་བློན་པོ་སྡིག་ཅན་གཉིས་ཀྱིས་གཡོ་ཐབས་སྣ་ཚོགས་ཀྱི་སྒོ་ནས་གཙུག་ཕུད་ཅན་ལོག་པར་ལྟ་བ་ལ་སྦྱར་ཏེ། འཕགས་པ་ཀ་ཏྱ་ཡ་ནའི་སྟེང་དུ་ས་གཏོར་དུ་བཅུག །ལས་ཚབས་ཆེན་དེ་དག་གིས་ཉི་མ་བདུན་ནས་གྲོང་ཁྱེར་སྒྲ་སྒྲོག་སའི་ཆར་གྱིས་མནན་ཏེ་རྒྱལ་བློན་སྡིག་ཅན་འཁོར་བཅས་དམྱལ་བ་མནར་མེད་དུ་སོང་ངོ་། ། ཞེས་གསུང་བ་ལྟར་ཡིན། འདི་ནི་རང་རེས་རིང་པོ་གནམ་གྱི་མཐར་ལྟ་མི་དགོས་པར། ཐུང་ཐུང་རང་གི་མིག་མདུན་དུ་ཤར་བཞིན་པའི་རང་རེའི་སྤྱི་ཚོགས་ནང་༧བླ་མ་དགེ་བའི་བཤེས་གཉེན་གྱི་བཀའ་སློབ་ལམ་སྟོན་ལ་བསྒོ་བ་རྣར་གཟོན་དང་མཐོང་ཆུང་ཁྱད་གསོད་བྱེད་མཁན་ཚོས་སྤྱི་གནོད་སྒེར་ཕུང་གི་ལས་ངན་ཇི་ཙམ་བསགས་པ་དང་། དེའི་མཇུག་འབྲས་རང་ཉིད་མི་གྲལ་ནས་ཇི་ལྟར་བུད་པའི་ཚུལ་རྣམས་རེ་རེ་བཞིན་ལྟ་ན་མཐོང་ས་དང་ཉན་ན་གོ་སར་ཡོད་པ་འདི་ལྟ་བུར་བླང་དོར་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཞིག་ཡིན། འདི་ནི་བརྗོད་གཞི་དོན་སྙིང་ལྡན་ལ་རྗོད་བྱེད་ཚིག་སྦྱོར་སྙན་པའི་ལེགས་བཤད་དང་སྙན་ངག་གཉིས་ཀའི་མཚན་གཞིར་རུང་བ་ཞིག་ཡིན། བླུན་པོ་གང་དུ་ཕྱིན་ཀྱང་མི་བྲིན་པའི་དཔེ། བླུན་པོ་ཉེས་པ་ཀུན་ལྡན་པས༎ གང་དུ་ཕྱིན་པ་དེ་ནས་ལྡོག ། བོང་ཤ་ཡིན་པ་ངོ་ཤེས་ནས༎ སུས་ཀྱང་ཉོ་བ་མེད་ལ་ལྟོས༎ ལྟ་བུ་སྐྱེས་སྦྱངས་གོམ་པའི་ཤེས་རབ་མེད་པ་དང་། གཞན་གནོད་གཞི་དང་བཅས་པ་ཀུན་སྒོ་གསུམ་ལ་ལྷན་སྐྱེས་སུ་ལྡན་པའི་སྐྱེས་བོ་ཐ་ཤལ་དེ་རིགས་ས་གནས་གང་དུ་ཕྱིན་ནའང་། ཕྱོགས་དེར་དང་པོ་མགོ་བདེ་དྲན་འཕྲུལ་དང་མ་རུངས་ཁོག་བཅངས་ཀྱིས་བྱ་བ་སྡུག་རིགས་ངན་ཚད་བརྩམས་པས་རེ་ཞིག་ཟ་འཐུང་གནས་མལ་སོགས་ཀྱི་འདོད་པ་གང་ཡོད་སྤྱད་རྒྱུ་བྱུང་བ་ཆ་བཞག་ནའང་། ནམ་ཞིག་གཡོ་སྒྱུའི་རང་འཚང་བརྡོལ་བ་དང་། ས་ཕྱོགས་དེ་ལས་ལྡོག་ནས་གཞན་དུ་བསྐྱོད་ན་མ་གཏོགས་ཁུངས་མི་འཁྱོལ་བའི་གནས་སྟངས་དེ་ཉིད་མཚོན་བྱར་བཀོད་ནས། དེའི་སྒྲུབ་བྱེད་དུ་རི་དྭགས་རྔ་མ་བསྟན་ནས་བོང་ཤ་འཚོང་མཁན་གྱི་ཁེ་བཟང་བཞིན་དུས་ཚོད་རིང་པོ་མི་འགོར་བར་གཡོ་སྒྱུའི་རང་རྐུབ་བརྡོལ་ནས་ངོ་ཚ་ཁ་སྐྱེངས་དགོས་པའི་གནའ་སྒྲུང་ཞིག་དཔེ་མཚོན་དུ་བཀོད་པ་ལྟ་བུ་གོ་བདེ་ལ་ཉན་སླ་བ། རྒྱུ་མཚན་གསལ་ལ་གནས་ལུགས་ཟབ་པ། བསླབ་བྱ་ཡིན་ལ་ཟུར་ཟ་རྣོ་བ། ལམ་བསྟན་ཡིན་ལ་སྐྱོན་བརྗོད་ཡིན་པའི་ཚིག་སྦྱོར་འདི་འདྲ་བ་ནི་ཉན་ན་སྙན་ངག་ཡིན་ལ་བསམ་ན་གདམས་ངག་ཡིན་པ། དྲན་ན་ཕན་ཐོགས་ཡོད་པ། བཤད་ན་གོ་རྒྱུ་ཡོད་པ་འདི་རིགས་ནི་ལེགས་བཤད་སྙན་ངག་ཟེར་བ་དེ་ཡིན། རང་རེའི་སྔོན་བྱོན་མཁས་པ་ཚོའི་གསུང་རབ་ནང་འདི་དང་འདི་འདྲ་བ་མང་དྲགས་པ་ལས་ཉུང་མི་དྲགས། མང་དྲགས་ནས་ཉན་ཚད་མེད་པའམ། ཉན་མཁན་ཀློག་མཁན་གྱི་ཤེས་ཚད་དམན་དྲགས་པའམ། གང་ལྟར་ཡང་འདི་དག་སྤྱི་ཚོགས་འདིའི་ནང་སློབ་ཚན་དང་ངག་རྒྱུན་ཚུན་ཆད་ལ་ཡོངས་སུ་གྲགས་ནའང་། སྙན་ངག་ཡིན་པའི་ཚོར་སྣང་སླེབས་མཁན་དེ་ཙམ་མེད་པ་ནི། རང་རེའི་སྤྱི་ཚོགས་ནང་སྙན་ངག་ཟེར་དུས་ཚིག་མཐོན་པོ་རྐྱང་རྐྱང་བཙན་སྒྲིག་དགོས་སྣང་འཆར་བའི་ལྷན་སྐྱེས་ཀྱི་བག་ཆགས་འཐུག་པོ་འདིས་བཟོས་པ་ཡིན། འདི་ནི་ད་ལྟའི་དུས་རབས་འདིའི་ནང་། ཆུང་དུས་སློབ་དགེ་མགོ་བསྐོར་བཏང་ནས་དྲི་ཤོག་རྐུ་མ་བརྒྱབ། ཡིག་རྒྱུགས་བཀྲ་ལག་བྱས། ཁྱིམ་ནས་ཕ་མ་གོ་མསྐོར་ནས་གང་སར་འཁྱམས། གྲོགས་པོ་མགོ་བསྐོར་བཏང་ནས་ཁ་བསླུས་བརྒྱབས། གྲོགས་མོ་མགོ་བསྐོར་བཏང་ནས་དྭ་ཕྲུག་བཟོས། ལོ་རྒྱུས་རྫུན་མ་བཤད་ནས་རང་གཞུང་མགོ་བསྐོར་བཏང་། ཡིག་ཆ་རྫུན་མ་བཟོས་ནས་ནུབ་ཕྱོགས་འགྲིམས། མགོ་བདེ་དྲན་འཕྲུལ་དང་གཡོ་སྒྱུ་ཁྲམ་པ་རྐྱང་རྐྱང་བྱས་ཀྱང་མཐར་རེ་རེ་བཞིན་རྐུབ་བརྡོལ་ནས་མི་ཚེ་མཐའ་མཇུག ཕ་མ་སྤུན་མཆེད་དང་། ཕ་ཡུལ་གཅིག་པ། སློབ་གྲོགས་ཆོས་གྲོགས། ཚེ་གྲོགས་དགའ་རོགས་སོགས་སུས་ཀྱང་ཡིད་ཆེས་མི་བྱེད་པར་རང་ཉིད་གཅིག་པོ་གྲོགས་མེད་ཁེར་རྐྱང་མི་ཚེ་ཀྱག་ཀྱོག་ཉུལ་དགོས་བྱུང་བའི་དཔེ་མཚོན་མང་མ་དྲགས་ནའང་ཉུང་མི་དྲག་པ་དེ་དག་གི་བྱ་སྤྱོད་ཤར་པའི་མེ་ལོང་གསར་པ་ཞིག་འབྱུང་འགྱུར་སྔུན་བསུས་ཀྱིས་གསར་བསྐྲུན་བྱས་པ་ཞིག་ཡིན། བོང་ཤ་བཙོང་པའི་དཔེ་འདི་ནི། འགྲེལ་བ། སྔོན་མི་ཁྲེལ་མེད་གཡོ་སྒྱུས་འཚོ་བ་ཞིག་གིས་རི་དྭགས་ཤ་བའི་རྔ་མ་ཞིག་བརྙེས་ནས་དེ་མི་རྣམས་ལ་བསྟན་ཏེ་རི་དྭགས་འདིའི་ཤ་ཡིན་ཟེར་ནས་མི་མགོ་བསྐོར་ཏེ་བོང་བུའི་ཤ་འཚོང་བ་ན། རེ་ཞིག་ན་མི་རྣམས་ཀྱིས་བརྟགས་པས་བོང་བུའི་ཤ་ཡིན་པར་ངོ་ཤེས་ནས་ཉོ་མཁན་སུ་གཅིག་ཀྱང་མ་བྱུང་བའི་ཁར་ཕྱིས་སུ་ཁོས་ཤ་ཅི་འཚོང་ཡང་སྐྱེ་བོའི་ཚོགས་ཡིད་མི་ཆེས་པར་གྱུར་ཏོ། །ཞེས་གྲགས་སོ།། ཞེས་པ་དེ་ཡིན་ལ་འདི་ནི་རྒྱའི་གཏམ་དཔེ་ལ(穿羊皮卖狗肉) ཟེར་བ་དེ་དང་ཕྱོགས་འདྲ་བ་ཡིན། མཁས་པ་བློ་མི་ཞུམ་པའི་དཔེར། མཁས་པ་ཕམ་པ་ཙམ་ཀྱིས་ནི༎ དགྲ་ལན་ལྡོག་པའི་བློ་སྟོབས་འབྱུང་༎ མདའ་ཡིས་ཕོག་པའི་བྱང་གཡག་གིས༎ རྔོན་པ་སྲོག་དང་འཕྲལ་ལ་ལྟོས༎ ༼༢༩༽ དཔའ་དང་བློ་ཁོག་ལྡན། བློ་དང་རིག་པ་གསལ། ཐབས་དང་ཇུས་ལ་མཁས་པའི་སྐྱེ་བོ་ཞིག སྤྱིར་དགྲ་བོ་ལས་ཕམ་པ་དཀོན་མོད། གལ་ཏེ་སྟེས་དབང་གིས་ཕམ་པར་ཆ་བཞག་ནའང་། ཐེངས་གཅིག་ཕམ་པ་ཙམ་གྱིས་ཕམ་སར་མི་བསྡད་པར་དགྲ་ལ་འཁོན་ལན་སློག་པའི་བློ་སྟོབས་སྔར་བས་ཆེ་བར་འབྱུང་ཞིང་། བྱུང་བ་ཙམ་དུ་མ་ཟད་དགྲ་བོ་ལ་འཁོན་ལན་སློག་པའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་། ཚེ་བླ་སྲོག་གསུམ་གང་ལའང་ཞེན་ཆགས་མེད་པར་ཞི་རྒྱས་དབང་དྲག་གི་བྱ་སྤྱོད་ཅི་ཞིག་སྤེལ་དགོས་ནའང་རྒྱལ་ཕམ་དབྱེ་ཐག་ཆོད་པའི་འཐབ་རྩོད་ལ་ཞུགས་རྒྱུ་ལས། ཕྱི་ནུད་གོམ་པ་གང་ཡང་མི་བྱེད་པའི་བྱ་སྤྱོད་སྤེལ་བ་དེ། བྱང་གཡག་རྔོན་པས་རྨས་ན་ནགས་ཀྱི་རྒྱ་སྟག་རྨས་པ་བཞིན་བྲོས་མི་འགྲོ་བར་མཐའ་ལ་བཀར་ཏེ་རང་ཉིད་ཀྱི་ཚེ་སྲོག་ལ་ཉེན་ཁ་བྱེད་མཁན་དེའི་མདུན་སར་བཅར་ཞིང་། རྔོན་པའི་ཚེ་སྲོག་ལ་བཞི་ཤད་འཐེན་རྒྱུར་མཐའ་གཅིག་ཏུ་འབད་ཚུལ་གྱི་གཏམ་རྒྱུད་དེ་བཀོལ་ནས། བློ་སྟོབས་ཅན་གྱི་མཁས་པ་ལ་དཔའ་བའི་ཡོན་ཏན་ཇི་ལྟར་ལྡན་ཚུལ་ལ་བསྟོད་པའི་སྒོ་ནས། སུ་ཞིག་བློ་སྟོབས་ཆེ་བའི་མཁས་པ་ཞིག་བྱ་འདོད་ན་བྱ་སྤྱོད་འདི་འདྲ་ཞིག་ལྷུར་ལེན་དགོས་པའི་ལམ་སྟོན་གྱི་བསླབ་བྱ། འཇིག་རྟེན་མི་ཆོས་དང་འབྲེལ་བའི་ལེགས་བཤད་གསེར་སྲང་ཁྲི་ཕྲག་གིས་ཉོ་ན་ཡང་མི་ཁུག་པའི་རིན་ཐང་ཅན་ཞིག་ཡིན། སྔོན་བྱུང་ལོ་རྒྱུས་དང་ད་ལྟའི་དུས་རབས་འདིའི་ནང་མཁས་པའི་སྐྱེ་བོ་མི་ཉུང་བ་ཞིག་ལ་བློ་སྟོབས་ཀྱི་ཆེ་བ་འདི་ཉིད་མི་ལྡན་པའི་རྐྱེན་གྱིས་དགྲ་བོ་ལས་རྣམ་པར་རྒྱལ་རྒྱུའི་ཚབ་ཏུ་གཏད་སོ་གང་ཡང་མེད་པའི་གནས་སུ་གྱར་བའི་ཚུལ་འདི་དག་ཀྱང་། ལེགས་བཤད་འདིའི་རྒྱུད་ནས་གོ་རྟོགས་སྤེལ་དགོས་པ་ཞིག་ཡིན་ངེས་ཀྱང་། ད་ནི་ཕྱིས་དྲགས་པའི་ཚོད་དུ་སླེབས་ཟིན་འདུག །ཅེས་པའང་མཚམས་འདིར་མི་ཞུ་ཀ་མེད་བྱུང་། བྱང་གཡག་དང་རྔོན་པའི་གཏམ་རྒྱུད་ནི་འགྲེལ་པ་ལས། རྔོན་པས་མདའ་ཕོག་པའི་བྱང་གཡག་འབྲོང་གིས་རང་ཉིད་སྲོག་དང་བྲལ་བའི་སྔོན་དུ་རྔོན་པའི་སྲོག་ཕྲལ་བར་བྱེད་པ་ལ་ལྟོས་ཤིག ཅེས་པའོ། །བྱང་གཡག་ནི་འདིར་འབྲོང་གི་མིང་སྟེ། ཙ་མ་ར་ཞེས་པ་གཡག་དང་འབྲོང་གཉིས་ཀ་ལ་འཇུག་པར་བཤད་དོ། །དེ་ཡང་འབྲོང་བདའ་བའི་རྔོན་པ་དེས་རང་ཉིད་ཤིན་ཏུ་གབ་ནས་འབྲོང་ལ་མདའ་བརྒྱབ་པ་མ་གཏོགས་འབྲོང་གིས་མཐོང་ཞིང་ཕྲིགས་ན་ཚུ ར་འོངས་ནས་རྔོན་པ་གསོད་པ་ཡིན་ཟེར་རོ།།ཞེས་འབྱུང་བ་ལྟར་ལགས་སོ༎ འདིའི་ཚིག་སྦྱོར་གྱི་ཁྱད་ཆོས་ནི། ས་སྐྱ་ལེགས་བཤད་དང་ཁོག་མཐུན་པ་ལ་དཔེ་མཚོན་རྒྱལ་ཁབ་དང་ལུང་པ་གཞན་གྱི་སྲོག་ཆགས་ལྟ་བུར་མ་བཀོད་པར། བོད་རང་གི་གདོད་མའི་སྲོག་ཆགས་བྱང་གཡག་ལྟ་བུ་ཐེར་འདོན་བྱས་ནས་བཀོད་པ་ནི་དམིགས་བསལ་གྱི་རིན་ཐང་དུ་བརྩི་རུང་བ་ཞིག་ཡིན། དེ་བཞིན་དུ་ཁོང་གིས་དཔེ་མཚོན་མང་པོ་ཞིག་ལ་བོད་ཀྱི་ལོ་རྒྱུས་ལས་བྱུང་བའི་མི་སྣ་དང་། ཁོར་ཡུག་འདྲ་མིན་བཀོད་པ་དེ་དག་ནི་ས་སྐྱ་ལེགས་བཤད་ལས་འགོང་པའི་ཁྱད་ཆོས་དམིགས་བསལ་བ་ཞིག་ཏུ་བགྲངས་འོས་སྙམ། ལེགས་བཤད་འདིའི་ལྡོག་ཕྱོགས་ཀྱི་གོ་དོན་ནི། ང་ཚོའི་མི་རིགས་འདིའི་ད་ལྟའི་གནས་བབ་ལ་མ་འོངས་ལུང་བསྟན་དང་འདྲ་བ་ཤུགས་མ་ཐུབ་ཀྱིས་སེམས་ངོགས་སུ་འཆར་འོང་བ་ཞིག་ཡིན་ལ། བློ་སྟོབས་དཔའ་མཛངས་ལྡན་པའི་མཁས་པ་ཞིག་ཡིན་ན་དགྲ་གཉེན་བར་དུ་འཇིག་རྟེན་མི་ཆོས་རིང་ལུགས་དང་འབྲེལ་བའི་བྱ་སྤྱོད་གང་ཞིག་སྤེལ་དགོས་ཐད་ལེགས་བཤད་འདི་ལ་དམིགས་བསལ་གྱི་རིན་ཐང་ལྡན། 6.དགེ་ལྡན་ལེགས་བཤད་ཀྱི་ཁྱད་ཆོས། དགེ་ལྡན་ལེགས་བཤད་ཀྱི་ཁྱད་ཆོས་རགས་ཙམ་བགྲང་ན། དང་པོ་བརྗོད་གཞིའི་ཆ་ནས་བཤད་ན། རྩོམ་པ་པོས་ཡུལ་དུས་གནས་བབ་དང་བསྟུན་ནས་ཐུགས་ཞིབ་ཧ་ཅང་ནན་པོའི་ལུགས་སུ་བྱས་ནས་བསྒྲིགས་པས། མཁས་པ་དང་བླུན་པོའི་སྐྱོན་ཡོན་གྱི་གནད་དོན་ཕྲ་མོ་ཚུན་ཆད་ཧ་ཅང་ཞིབ་ཚའི་རང་བཞིན་གྱི་གསལ་བ་འཁོད་པས། སྐབས་དེའི་རྒྱ་ཆེའི་མང་ཚོགས་ཀྱི་བསམ་བློའི་ནང་བརྣག་ཐོག་བཙག་དང་དུས་ཐོག་ཆར་པ་ལྟར་ཕན་ཐོགས་རྒྱ་ཆེ་ཐུབ་པ་མ་ཟད། རྩོམ་པ་པོ་མཐོང་རྒྱ་དང་ཐོས་རྒྱ་ཤིན་ཏུ་ཆེ་བས། མདོ་རྒྱུད་བསྟན་བཅོས་མང་པོའི་ལེགས་ཆ་ཕྱོགས་བསྡོམས་བྱས་ཏེ་སྐབས་སུ་བབ་པའི་བརྗོད་གཞི་དང་འཚམ་པ་གང་ཡིན་པ་རྣམས། དངོས་ཤུགས་གང་ས་ནས་བེད་སྤྱོད་བཏང་ཡོད་པ་འགྲེལ་པའི་ཚིག་ལས་གསལ་བར་འཐོན་པ་ལྟར་ཡིན་པས། བརྗོད་དོན་མཁས་བླུན་གྱི་བཤད་པ་གཉིས་སུ་ངེས་ཀྱང་། དེའི་དཔེ་དོན་གྱི་ཆ་ལག་གཞུང་ལུགས་མང་པོའི་ལེགས་ཆ་ལྡན་པས། བརྗོད་གཞིའི་ཁྱད་ཆོས་ཧ་ཅང་ཟབ་ཅིང་རྒྱ་ཆེ་བའི་རང་བཞིན་དང་ལྡན། ཚིག་སྦྱོར་གྱི་ཆ་ནས་བཤད་ན། རྩོམ་ལུས་མེ་ལོང་མའི་གཞུང་ལས་བྱུང་བའི་ཚིགས་བཅད་དང་། དེ་ལ་རིགས་བཞིར་ཕྱེས་པའི་དང་པོ་གྲོལ་བ་སྟེ་ཚིགས་བཅད་གཅིག་གི་ནང་དུ་བརྗོད་དོན་གང་ཡང་རུང་བ་རེ་རྫོགས་པར་བརྗོད་པའི་ཚིག་སྦྱོར་དང་། བོད་ཀྱི་ལུགས་སུ་བྱས་ན་ཚེག་བར་བདུན་པ་མཐའ་མ་ལ་ངལ་གསོ་ཐོབ་པའི་རྩོམ་ལུས་ཅན་ཁོ་ན་ཡིན། ཚིག་རྒྱན་གྱི་དབང་དུ་བྱས་ན། ཕལ་ཆེ་བ་མེ་ལོང་མའི་གཞུང་ལུགས་ནས་བྱུང་བའི་ཟླ་བོ་དངོས་པོའི་དཔེ་དང་། དོན་གཞན་བཀོད་པའི་རྒྱན་ཤས་ཆེ་བ་སྟེ། དེ་ཡང་དཔེར་ན་དམག་དཔུང་དང་སློབ་གྲྭ་དགོན་སྡེ་ལྟ་བུའི་ར་བ་ན་སྒྲིག་ཆས་གཅིག་པ་གྱོན་པའི་མི་སྟོང་ཕྲག་དུ་མ་སྡེབ་གཅིག་ཏུ་བཤར་ན། དམིགས་བསལ་གྱི་ལྟད་མོ་ཞིག་ལྡན་པ་ནང་བཞིན་འདིར་ཡང་སྡེབ་སྦྱོར་ལུས་ཀྱི་ཚིགས་བཅད་གང་ཞིག བཅད་མཚམས་གཅིག་པ་ལ་ཚིག་རྒྱན་དོན་གཞན་དང་ཟླ་བོ་དངོས་དཔེས་སྤྲོས་པའི་ཚིགས་བཅད་བརྒྱ་ཕྲག་ལྷག་སྡེབ་གཅིག་ཏུ་སྒྲིག་པ་ན། དམིགས་བསལ་གྱི་ཉམས་ཤིག་སླེབས་པ་ཡང་འདིའི་ཚིག་སྦྱོར་དང་འབྲེལ་བའི་ཁྱད་ཆོས་ཤིག་ཏུ་བགྲངས་ཆོག །དཔེ་མཚོན་གྱི་ཁྱད་ཆོས་ནི་མདོ་བསྟན་བཅོས་སྤྱི་དང་ཡང་སྒོས་བོད་དང་འབྲེལ་བའི་གཏམ་བརྒྱུད་དང་ལོ་རྒྱུས་ཁོར་ཡུག་སོགས་དུ་མར་བཀོད་པ་དེ་དག་ཡིན། མདོར་ན། མཁས་པའི་དབང་པོ་ཐུབ་བསྟན་སྦྱིན་པས། ཕྱི་ལོ་དུས་རབས་བཅུ་དྲུག་པའི་ནང་པཎ་ཆེན་བསོད་ནམས་གྲགས་པས་(༡༤༧༨-༡༥༥༤)ས་སྐྱ་ལེགས་བཤད་དུ་མཁས་པ་བརྟག་པ་དང།་བླུན་པོ་བརྟག་པའི་ལེའུ་རེ་ལོགས་སུ་བཞུགས་པའི་ཁ་སྐོང་གི་ཚུལ་དུ་མཁས་བླུན་བརྟག་པའི་བསྟན་བཅོས་«དགེ་ལྡན་ལེགས་བཤད་»དུ་གྲགས་པ་མཛད་ཅིང་།༢༧ གཞུང་འདིའི་ནང་དུའང་ས་སྐྱ་ལེགས་བཤད་ཀྱི་ཚིག་ཇི་བཞིན་པ་ཀ་འགའ་ཤས་བཞུགས་ལ་ཚིགས་བཅད་མང་དག་ཅིག་ས་སྐྱ་ལེགས་བཤད་དུ་བྱུང་བའི་ཚིག་ཕྲན་བུ་འབྲི་སྟངས་མི་འདྲ་བ་ལྟ་བུར་སྣང་མོད། གཞུང་མ་གཙང་པཎ་ཆེན་རང་ཉིད་ཀྱི་གསར་རྩོམ་དུ་འདུག་པ་མ་ཟད་ས་སྐྱ་ལེགས་བཤད་དང་མི་འདྲ་བ་གཞུང་ཡོངས་རྫོགས་འཇིག་རྟེན་ལུགས་ཀྱི་བསླབ་བྱ་འབའ་ཞིག་ལ་སྦྱོར་བ་དང་། ཁྱད་ཆོས་དམིགས་བསལ་ཞིག་ལ་པཎ་ཆེན་རང་ཉིད་ལོ་རྒྱུ ས་སྨྲ་བ་ལ་མཁས་པར་གྲགས་པ་ལྟར་«དགེ་ལྡན་ལེགས་བཤད་»དུ་དཔེ་དང་སྒྲུང་བཀོད་པའི་སྐབས་མང་ཙམ་ཞིག་ལ་བོད་ཀྱི་གནའ་བོའི་ལོ་རྒྱུས་དང་བཤད་སྲོལ་ལ་སྦྱར་བས་བསྟན་བཅོས་འདིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་ཁྱད་པར་མཚོན་པའི་ཁྱད་ཆོས་ཡོད། དེ་ལྟ་ནའང་ལོ་རྒྱུས་རྣམས་དཔེ་སྟོན་པའི་ཚིག་རྐང་གཉིས་ཀྱི་ནང་བསྡུས་པར་བརྟེན་ལོ་རྒྱུས་ལ་རྒྱུས་ཞིབ་པོ་མེད་པ་རྣམས་གཞུང་གི་གོ་བ་དཔྱིས་ཕྱིན་པར་ཆགས་དཀའ་བར་བརྟེན་ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་(དུས་རབས་བཅུ་དགུ་པའི་སྟོད་)ཀྱི་གསུང་དགེ་ལྡན་ལེགས་བཤད་ཀྱི་འགྲེལ་པ་«ཉི་མའི་འོད་ཟེར་»ཞེས་པ་དེ་དཔར་དུ་བསྐྲུན་ཡོད། «དགེ་ལྡན་ལེགས་བཤད་»ཀྱི་རྩོམ་གྱི་གཤིས་ཀྱང་ས་པཎ་གྱི་«ལེགས་བཤད་རིན་པོ་ཆེའི་གཏེར་»དང་འདྲ་བར་ཟླ་བོ་དངོས་པོའི་དཔེ་གཙོ་འདོན་དུ་མཛད་ལ་རྩོམ་ཡང་ཚིག་བདུན་པ་ཅན་དུ་ཡོད་དོ།། ་ཞེས་གསུངས་པ་ལྟར་ཡིན། འདི་ནི་ལུགས་ཀྱི་བསླབ་བྱ་ཙམ་མིན་པར་བོད་ཀྱི་རྩོམ་རིག་དང་འབྲེལ་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ལའང་ཚད་གཞིར་རུང་བ་ཞིག་ཡིན་ཏེ། དུས་རབས་བཅོ་ལྔ་པའི་ནང་བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་དང་། སྐབས་དེའི་སྤྱི་ཚོགས་ཚོར་བ་དང་། མིའི་སེམས་ཁམས་ལ་ཆོས་དང་ཆབ་སྲིད་དང་དཔལ་འབྱོར་དང་རིག་གཞུང་སོགས་ལས་གཙོ་བོ་གང་ཞིག་རྩ་ཆེར་འཛིན་པའི་དུས་རིམ་ཡིན་པ་དང་། དེ་དང་འབྲེལ་བའི་འགྲོ་བ་མིའི་བྱ་སྤྱོད་ཇི་ལྟར་སྤེལ་དགོས་པའི་དུས་རབས་ཤིག་ཡིན་པའང་ངོ་སྤྲོད་ཐུབ་པ་ཞིག་ཡིན། 7. དགེ་ལྡན་ལེགས་བཤད་ཀྱི་ཁྱབ་ཚོད། དགེ་ལྡན་ལེགས་བཤད་པདྨ་དཀར་པོའི་ཆུན་པོ་འདིའི་འཕྲིན་ལས་ཀྱི་ཁྱབ་ཚོད་ནི། ལེགས་བཤད་འདི་ནི་དུས་རབས་བཅུ་དྲུག་པའི་དུས་མགོར་བརྩོན་ཤིང་། རྩོམ་པ་པོ་སྐབས་དེར་འཕྲིན་ལས་ཀྱི་ཆེས་ཡངས་པའི་སྐབས་ཡིན་པ་དང་། བརྩམ་བྱའི་ལེགས་བཤད་འདི་ཉིད་དུས་རབས་དེའི་ནང་སྐབས་ལ་འཚམས་ཤིང་དུས་ལ་རན་པའི་ཁྱད་ཆོས་ལྡན་པ་བཅས་པ་ལ་བརྟེན་ནས་དུས་རབས་དེ་ག་རང་ལ་པར་ཤིང་བརྐོས་པ་དང་པར་བསྐྲུན་བྱས་ཐོག་འགྲེམས་སྤེལ་འགྲིམས་སྒོ་ཧ་ཅང་ཆེན་པོ་བྱུང་མ་ཟད། དེ་ནས་བཟུང་དགེ་ལྡན་པའི་བླ་སྤྲུལ་དགེ་བཤེས་མཁས་གྲུབ་སྐྱེས་ཆེན་སུ་ཞིག་གི་རྣམ་ཐར་འབྲི་བ་དང་ཆོས་འབྱུང་གདན་རབས། གདུང་རབས་སོགས་གང་ཞིག་གསར་རྩོམ་བྱས་པ་དེ་དག་གི་ནང་དུ་མ་མཐར་ཡང་ལེགས་བཤད་འདིའི་ཚིགས་བཅད་རེ་གཉིས་མ་བགྲངས་པ་དཔེར་མི་སྲིད་པའི་ཚོད་དུ་བགྲངས་ཆོག་པ་ཡིན། དེ་བཞིན་བྱིས་པ་ཚོའི་བྲིས་དཔེ་དང་གཞོན་རབས་ཚོའི་བསླབ་བྱ། རྒན་རབས་ཚོའི་ཉམས་ལེན། མཁན་བླ་ཚོའི་གསུང་ཆོས། དགེ་བསྐོས་ཚོས་ཚོགས་གཏམ་བཅས་སུ་ཡང་ཡང་བགྲངས་བ་དང་འབྲི་བའི་སྲོལ་བར་མ་ཆད་དུ་བྱུང་། དུས་འགྱུར་བྱུང་བའི་རྗེས་ནས་རྒྱལ་ཁབ་ཕྱི་ནང་གང་སར་ཡོད་པའི་བོད་ཀྱི་སློབ་མའི་སློབ་དེབ་དང་། དེ་བཞིན་འབྲུག་པ་དང་འབྲས་ལྗོངས་ལ་དྭགས་སོགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྐད་ཡིག་དང་སློབ་དེབ་རྣམས་སུའང་ལེགས་བཤད་འདིའི་ཚིགས་བཅད་དུ་མ་ཡུལ་དུས་ལ་དཔག་པའི་འགྲེལ་བརྗོད་ཀྱི་ཆེད་དུ་བཞག་པ་ཉུང་ཉུང་མིན། ད་དུང་སྐད་ཡིག་གཞན་དང་གཞན་གྱི་ཐོག་ཏུའང་རྣམ་ཐར་དང་ཆོས་འབྱུང་ཁག་ཏུ་ཡོད་པའི་ཚིགས་དུམ་མང་པོ་དཔེ་བསྒྱུར་བྱས་ཡོད་པ་དེ་དག་ལ་ཕྱི་གླིང་ཀློག་པ་པོ་མི་ཉུང་བ་ཞིག་གིས་དམིགས་བསལ་དོ་སྣང་ཆེན་པོ་གནང་གི་ཡོད་སྟབས། ད་ལྟ་ནི་ཝཱརཱཎསཱི་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་མ་ཞིག་གིས་དབྱིན་ཡིག་ཐོག་བསྒྱུར་རྒྱུའི་མགོ་འཛུགས་ཟིན་པས་རིང་མིན་ནུབ་ཕྱོགས་ཀྱི་འཇིག་རྟེན་དུ་ལེགས་བཤད་ཀྱི་ཉི་གཞོན་གསར་པ་ཞིག་འཆར་ལ་ཉེ་བ་ཡིན།