དགེ་ལུགས་པའི་གྲུབ་མཐའི་མཚན་བྱུང་ཚུལ་

ཡོང་ཁུངས་Wikipedia

སྤྱིར་གྲུབ་མཐའ་ཞེས་པ་ནི་ལང་ཀར་གཤེགས་པ་ལས། ང་ཡི་ཆོས་ཚུལ་རྣམ་གཉིས་ཏེ། ། བསྟན་པ་དང་ནི་གྲུབ་མཐའ་འོ། ། བྱིས་པ་རྣམས་ལ་བསྟན་པ་དང་། ། རྣལ་འབྱོར་བ་ལ་གྲུབ་མཐའ་འོ། ། ཞེས་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པས། བསྟན་དང་སྟོན་པ་ལྟ་བའི་ཕྱི་ནང་གཉིས། ། ཞེས་གསུངས་པ་ལྟར་བསྟན་པ་དང་། སྟོན་པ། ལྟ་བ་གསུམ་མི་འདྲ་བའི་སྒོ་ནས་ཕྱི་ནང་གི་གྲུབ་མཐའ་སྣ་ཚོགས་པ་ཞིག་མཆིས་ནའང་། དེ་དག་ལས་སྟོན་པ་སྐྱོན་ཀུན་ཟད་ཅིང་ཡོན་ཏན་ཀུན་རྫོགས་པ་དང་། བསྟན་པ་སེམས་ཅན་ལ་འཚེ་བ་མེད་པ་དང་ལྟ་བ་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་བར་འདོད་པའི་ཁྱད་པར་གསུམ་དང་ལྡན་པ་ནི་ནང་བའི་གྲུབ་མཐའ་སྨྲ་བ་ཡིན་ལ། དེ་ལ་དབྱེ་ན་རྒྱ་གར་འཕགས་པའི་ཡུལ་དུ་གྲུབ་མཐའ་སྨྲ་བ་བཞི་དང་། བོད་གངས་ཅན་གྱི་ལྗོངས་སུ་གྲུབ་མཐའ་ཆེན་པོ་བཞི་སོགས་རིམ་གྱིས་གྱེས། དེ་དག་ཐམས་ཅད་ལ་རང་རང་གི་མིང་ཐོགས་ཚུལ་ཐུན་མོང་མ་ཡིན་པ་རེ་ཡོད་ཅིང་། འདིར་དེ་རྣམས་ལས་རབ་དང་། ཕུལ་དང་། གཙོ་བོ་དང་། གྱ་ནོམ་པ་ཉིད་དུ་གྱུར་པ་དཔལ་མཉམ་མེད་རི་བོ་དགེ་ལུགས་པ་ཞེས་གསེར་སྦྱངས་བཙོ་མ་ལྟ་བུའི་ལམ་སྲོལ་ཆེན་པོ་འདི་ཉིད་ནི་གདན་སའི་སྒོ་ནས་མིང་བཏགས་པ་ཞིག་སྟེ། ཇི་སྐད་དུ། མདོ་སྡེ་གདམས་ངག་འབོག་པའི་རྒྱལ་བོ་ལས། མ་འོངས་དུས་ཀྱི་སྙིགས་མ་ལ། ། འབྲི་དང་ལྡན་གྱི་ས་མཚམས་སུ། ། དགའ་ཞེས་བྱ་བའི་དགོན་པ་འདེབས། ། བློ་བཟང་རྒྱལ་བའི་མཚན་ཡང་འབྱུང་། ། ཞེས་པའི་རྐང་བ་དང་བོ་གསུམ་གྱིས་མ་འོངས་སྙིགས་མའི་དུས་སུ་འབྲི་གུང་དང་སྐྱིད་ཤོད་ལྡན་གྱི་ས་མཚམས་སུ་དགེ་ལྡན་པའི་དགོན་པ་འབྱུང་བར་ལུང་བསྟན་པ་དང་། རྐང་བ་བཞི་བས་བློ་བཟང་རྒྱལ་བ་ཞེས་དགོན་པ་འདེབས་པ་བོ་རྗེའི་མཚན་ཟུར་བྱུང་བས་དགེ་ལྡན་པ་ཞེས་གནས་མིང་གིས་གྲུབ་མཐའི་མིང་ལ་ཁྱབ་པར་བསྟན་པ་དང་།

འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་པའི་ཚེ། ། ས་ཡི་སྟེང་འདི་སྟོང་བ་ན། ། ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། ། སངས་རྒྱས་མཛད་པ་བྱེད་པར་འགྱུར། ། དེ་ཚེ་དགོན་ཆེན་རབ་དགའ་བ། ། ཁ་བ་ཅན་ན་ཡོད་པ་ཡིན། ། ཞེས་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ལས་ལུང་བསྟན་པ་ལྟར། རྗེ་བདག་ཉིད་ཆེན་པོས་འབྲི་གུང་དང་སྐྱིད་ཤོད་ལྡན་གཉིས་ཀྱི་ས་མཚམས་སུ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་རྒྱལ་གླིང་ཕྱག་བཏབ་པ་ལ་བརྟེན་ནས་ཡབ་རྗེ་རྒྱལ་བ་གཉིས་རིང་ལུགས་འདི་ལ་དགེ་ལྡན་པ་ཞེས་འབོད་ཅིང་། ཚིག་རིས་བསྡུས་པའམ་བརྗོད་བདེའི་དབང་གིས་དགེ་ལུགས་པ་ཞེས་རྒྱུན་ཆགས་སུ་འབོད་པ་བྱུང་ངོ་། ། ཡང་ཞྭ་སེར་ཅོན་པཎ་འཆང་བའི་རིང་ལུགས་ཞེས་གྲགས་པ་ལ་ཡང་རྒྱུ་མཚན་ཡོད་དེ། བླ་ཆེན་དགོངས་པ་རབ་གསལ་གྱིས་ཀླུ་མེས་དབུས་སུ་འབྱོན་ཁར་དབུ་ཞྭ་བཞེས་འཕྲོ་ཞིག་གནང་ནས་འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་གསུངས་པར་བརྟེན་སྔོན་གྱི་འདུལ་འཛིན་ཆེན་པོ་རྣམས་ཀྱིས་དབུ་ཞྭ་སེར་བོ་མནབས་པ་ཡིན་པས། རྗེ་བླ་མས་ཀྱང་འདུལ་བའི་བསྟན་པ་ཉམས་པ་གཞི་ནས་གསོ་བའི་རྟེན་འབྲེལ་དུ་དབུ་ཞྭའི་ཁ་དོག་སྔོན་གྱི་འདུལ་འཛིན་རྣམས་དང་མཐུན་པའི་སེར་བོ་མཛད་པ་ལ་བརྟེན་ནས་དེ་ལྟར་གྲགས་སོ།