Jump to content

དགེ་ལ་སྤྲོ་བ་

ཡོང་ཁུངས་Wikipedia

དགེ་ལ་སྤྲོ་བ་ཞེས་པ་ནི་བརྩོན་འགྲུས་ཀྱི་ངོ་བོའམ་མཚན་ཉིད་དེ། སྦྱིན་པ་དང་ཚུལ་ཁྲིམས་སོགས་དགེ་བའི་ལས་ལ་སེམས་མངོན་པར་དགའ་ཞིང་སྤྲོ་བའི་བློ་ཞིག་ལ་གོ

ངོ་བོ་དང་ངེས་ཚིག

[རྩོམ་སྒྲིག]

"བརྩོན་འགྲུས་གང་ཞེ་ན་དགེ་བའི་དམིགས་པ་ལ་སྤྲོ་བའོ། །"[]ཞེས་གསུངས་ཏེ། དགེ་བའི་ཆོས་ལ་སེམས་དགའ་ཞིང་མངོན་པར་འདུན་པའི་བློ་ཡིན། དེ་ཡང་། "བརྩོན་འགྲུས་དེ་གང་ཡིན་ཞེ་ན། དགེ་བ་ལ་སྤྲོ་བའི་རྣམ་པ་ཅན་གྱི་ལས་ལས་བྱུང་བའོ། །"[]ཞེས་གསུངས་པ་ལྟར། དགེ་བའི་ལས་ལ་སྤྲོ་བ་ནི་བརྩོན་འགྲུས་ཀྱི་ངོ་བོ་ཡིན།

ངེས་ཚིག "བརྩོན་འགྲུས་ཀྱི་ངོ་བོའམ་མཚན་ཉིད་གང་ཞེ་ན། དགེ་བ་ལ་སེམས་སྤྲོ་བའོ་ཞེས་འདི་ཡིན་ནོ། དེ་ཡང་དགེ་བ་ལ་ཞེས་པས་མི་དགེ་བ་དང་ལུང་མ་བསྟན་ཐམས་ཅད་བཅད་པ་དང་། སྤྲོ་བའོ་ཞེས་པས་ལུས་ངག་གི་དགེ་བའང་བཅད་དེ་རང་གི་ངོ་བོ་བསྟན་ནོ། །"[]ཞེས་གསུངས།

དབྱེ་བ

[རྩོམ་སྒྲིག]

"དེ་ལ་དབྱེ་ན་གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། མ་ཞུམ་ཞིང་མི་འཁྲུགས་པའི་བརྩོན་འགྲུས་དང་། ཆོག་མི་ཤེས་པའི་བརྩོན་འགྲུས་ཏེ་བཞིའོ། །"[]ཞེས་བརྩོན་འགྲུས་ལ་བཞིར་དབྱེ་བར་གསུངས།

མི་མཐུན་ཕྱོགས

[རྩོམ་སྒྲིག]

ལེ་ལོ་གསུམ། "བརྩོན་འགྲུས་དེའི་མི་མཐུན་ཕྱོགས་བཤད་པར་བྱའོ། གང་ཞེ་ན། ལུས་དང་ཡིད་ལས་སུ་མི་རུང་བ་སྙོམ་ལས་ཀྱི་བདེ་བ་ལ་ཞེན་པའི་ལེ་ལོ་དང་། བྱ་བ་ངན་པ་ལ་ཞེན་པ་དང་། དགེ་བ་བསྒྲུབ་པ་ལ་སྒྱིད་ལུག་ནས་ངས་མི་ནུས་སྙམ་དུ་བདག་ཉིད་ལ་བརྙས་པའོ། །"[]ཞེས་གསུངས།

ལེ་ལོའི་རྒྱུ། "འགྲོ་བའི་སྡུག་བསྔལ་མི་སྐྱོ་ལས་མི་རྩོལ་བ་ཡིན་ཏེ། དགེ་བའི་ལས་གང་ལ་ཡང་མི་འཇུག་པའོ། །དེ་ལས་བདེ་ཉམས་ལེན་པ་ཡིན་ལ། དེ་ལས་ནི་གཉིད་ཡིན་ཏེ་དེ་ལས་ཀྱང་བསྟེན་སྲེད་པའོ། །"[]ཞེས་གསུངས།

བསྒྲུབ་ཐབས

[རྩོམ་སྒྲིག]

བརྩོན་འགྲུས་སྤེལ་བའི་སྟོབས་བཞི། "མོས་པའི་སྟོབས་དང་། མ་བརྟགས་པར་ཅི་རུང་རུང་དུ་མི་འཇུག་ལ་བརྟགས་ནས་ཞུགས་པ་མཐར་འབྱིན་པ་བརྟན་པའི་སྟོབས་དང་། བྱིས་པ་རྩེད་མོ་ལ་འཇུག་པ་ལྟར་འཕྲོ་མི་གཅོད་ཅིང་ངོམས་པ་མེད་པར་བརྩོན་འགྲུས་རྩོམ་པ་དགའ་བའི་སྟོབས་དང་། བརྩོན་འགྲུས་བརྩམས་པས་ལུས་སེམས་དུབ་ན་ངལ་གསོས་ཏེ་གསོས་མ་ཐག་རྩོམ་པ་དོར་བའི་སྟོབས་དང་བཞི་ནི་བརྩོན་འགྲུས་ཀྱི་མཐུན་རྐྱེན་ཡིན་ནོ། །"[]ཞེས་གསུངས།

མོས་པ་བསྐྱེད་ཚུལ། "མོས་པའི་སྟོབས་ལ་མཚོན་ཏེ་བཤད་ན་མོས་པའི་སྟོབས་ནི་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་དང༌། མོས་པ་དེའི་ཕན་ཡོན་བསམ་པས་བསྐྱེད་པར་བྱའོ། །"[]ཞེས་གསུངས།

ཕན་ཡོན

[རྩོམ་སྒྲིག]

དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འབྱུང་བར་གསུངས་ཏེ། "བསོད་ནམས་བརྩོན་འགྲུས་མེད་མི་འབྱུང་། ཞེས་ཏེ་བསོད་ནམས་ཀྱི་ཚོགས་ཡོད་པ་མ་ཡིན་ནོ། །འདི་ནི་མཚོན་པ་ཙམ་སྟེ་བརྩོན་འགྲུས་གཉི་གའི་རྒྱུ་ཡིན་པའི་ཕྱིར་ཡེ་ཤེས་ཀྱང་བལྟ་བར་བྱའོ། །"[]ཞེས་གསུངས།
བྱེད་ལས་ཀྱི་ཁྱད་པར། "བརྩོན་འགྲུས་ལ་གནས་ནས་དགེ་བ་སྒྲུབ་ཅིང་ཟག་པ་རྣམས་ལས་སེམས་སྲུང་བའི་བློ་ཞིག་ལ་བྱའོ། །"[༡༠]ཞེས་གསུངས་པ་ལྟར། དགེ་ལ་སྤྲོ་བ་སྟེ་བརྩོན་འགྲུས་ཀྱི་བྱེད་ལས་གཙོ་བོ་ནི་དགེ་བའི་ཆོས་རྣམས་སྒྲུབ་པ་དང་། ཉོན་མོངས་པ་དང་ཟག་བཅས་ཀྱི་ཆོས་རྣམས་ལས་སེམས་སྲུང་བ་གཉིས་ཡིན་ནོ། །

བསྡུས་དོན

[རྩོམ་སྒྲིག]

དགེ་ལ་སྤྲོ་བ་ཞེས་པ་ནི་བརྩོན་འགྲུས་ཀྱི་ངོ་བོ་སྟེ། དགེ་བའི་ཆོས་ལ་སེམས་དགའ་ཞིང་མངོན་པར་འདུན་པའི་བློ་ཞིག་ཡིན། འདི་ལ་ལེ་ལོ་གསུམ་གྱི་མི་མཐུན་ཕྱོགས་ཡོད་ཅིང་། མོས་པ་དང་བརྟན་པ་སོགས་སྟོབས་བཞིས་བརྩོན་འགྲུས་སྤེལ་དགོས། དགེ་ལ་སྤྲོ་བའི་བརྩོན་འགྲུས་འདི་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་འབྱུང་བའི་རྒྱུ་ཡིན་པས་བྱང་ཆུབ་ཆེན་པོ་ཐོབ་པའི་གཞི་རྩ་ཡིན་ནོ། །

ལུང་ཁུངས

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༡༥༨
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་༡༡༨
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༣༧༡
  4. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༡༥༨
  5. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༡༥༨-༡༥༩
  6. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༡༩༡
  7. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༡༦༨
  8. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༡༦༨
  9. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༡༩༠
  10. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤོག་ངོས་༢༨༣