དགེ་བཤེས་ཁྲི་གཡུང་དྲུང་།

ཡོང་ཁུངས་Wikipedia

མར་ནང་དགེ་བཤེས་ཁྲི་གཡུང་དྲུང་།

མདོ་སྨད་ཁྲི་གཤོག་རྒྱལ་མོའི་ལྷོ་ཕྱོགས་འབྲོག་རུ་མར་ནང་སྡེ་བ་རུ་སྐྱེས། རང་ལོ་དགུའི་སྟེང་ས་གནས་སློབ་ཆུང་དུ་བསྐྱོད་ཅིང་ཕྱིས་སུ་ཁྱུང་མོ་དགོན་པའི་ཚོགས་གྲལ་དུ་ཞུགས། ༢༠༠༣ལོ་ནས་གཡུང་དྲུང་བོན་གྱི་གདན་ས་རྒྱ་གར་སྨན་རི་དགོན་དུ་འབྱོར་ནས་གཞུང་བཀའ་པོད་དྲུག་ལ་སློབ་གཉེར་བྱས། ༢༠༡༨ལོར་སྨན་རི་དགོན་དུ་བཀའ་རབ་འབྱམས་པ་དགེ་བཤེས་ཀྱི་མཚན་བཏགས་ཐོབ། ད་ལྟ་(༢༠༡༨ནས)སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་འགན་འཛིན་བྱེད་མུས་ཡིན། ༢༠༢༣ལོ་ནས་སྦེང་ལོར་གཙུག་ལག་སློབ་གྲྭ་ཆེན་མོའི་ཁྱབ་ཁོངས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ཏུན་ཧོང་ཡིག་རྙིང་སྐོར་ལ་འབུམ་རམས་པ་གནང་བཞིན་ཡོད།

ལས་ཀའི་སྐོར།

༢༠༠༥།༢༠༡༨བར་<<བོན་སྒོ་>>རྩོམ་སྒྲིག་ཁང་དུ་ལས་ཀ་བྱས། ༢༠༠༦།༢༠༡༥བར་སྨན་རིའི་གླིང་གི་རིག་གནས་འགན་འཛིན་དང་དགེ་རྒན་བྱས། ༢༠༠༧།༢༠༠༨ལ་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བརྒྱད་པ་དང་དགུ་པའི་དྲུང་ཡིག་བྱས། ༢༠༠༩།༢༠༡༣བར་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་པ་དང་བཅུ་གཅིག་པ། བཅུ་གཉིས་པ་གསུམ་གྱི་གོ་སྒྲིག་ཚོགས་གཙོ་བྱས། ༢༠༡༡།༢༠༡༨བར་གཡུང་དྲུང་བོན་གྱི་དྲྭ་རྒྱ་གསར་སྐྲུན་དང་གཙོ་སྒྲུབ་པ་བྱས། ༢༠༡༤།༢༠༡༨བར་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བྱས།

རྒྱལ་སྤྱིའི་ཚོགས་འདུ་སྐོར།

སྔ་ཕྱིར་ཉི་ཧོང་དང་། སོག་པོ། འཇར་མན་ནེ། ནོར་ཝེ། ཧྥ་རིན་སི། དབྱིན་ཇི། ཨ་རི་བཅས་སུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ཐེངས་བཅུ་གསུམ་དང་བཅུ་བཞི་པ། རྒྱལ་སྤྱིའི་གཞོན་ནུ་བོད་རིག་པའི་གྲོས་ཚོགས་ཐེངས་གསུམ་དང་བཞི་པ། རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་སོགས་རིག་གཞུང་གི་བགྲོ་གླེང་སྣ་ཚོགས་ལ་ཞུགས་ཏེ་དཔྱད་རྩོམ་སྒྲོག་སྤེལ་ཞུས་མྱོང་ཡོད།

བརྩམས་ཆོས་སྐོར། (དཔེ་དེབ་དགུ)

སྙན་ངག་ཕྱོགས་བསྒྲིགས་<<གདུང་ཚོར་ནག་པོ་>>དང་ <<ས་མཐའི་སེམས་པ་དམར་པོ།>> <<རེག་ཟིག་སྐྱ་བོ་>>གསུམ་སྔ་ཕྱིར་ལྡི་ལི་གསར་པ་ནས་དཔར་དུ་བསྐྲུན། <<ཁྱུང་མོ་དགོན་པའི་སྔར་བྱུང་གི་ལོ་རྒྱུས་དང་ད་ལྟའི་གནས་བབ།>> ༢༠༡༤ལོར་ཨ་རིའི་རོ་ཝེལ་ཐེབས་རྩ་ཚོགས་པས་དཔར་དུ་བསྐྲུན། <<བརྡ་སྤྲོད་གཟི་མིག་དགུ་པ།>>༢༠༡༥ལོར་ཨ་རིའི་རྒྱལ་གཤེན་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། <<སྲིད་པ་སྨྲང་རྒྱུད་ཀྱི་མཛོད།>> ༢༠༡༨ལོར་སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གིས་དཔར་དུ་བསྐྲུན། སྲིད་པའི་གཏམ་ཚོགས། བོན་དང་ཞང་ཞུང་ཞིབ་འཇུག སྨན་རིའི་ཁྲི་འཛིན་རིམ་བྱོན་གྱི་རྣམ་ཐར་བཅས་དཔར་དུ་བསྐྲུན་ཡོད།

བྱ་དགའ་སྐོར།

༢༠༡༡ལོར་ས་རཱ་མཐོ་སློབ་ཏུ་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་ལྔ་པའི་སྐབས་དཔྱད་རྩོམ་འགྲན་བསྡུར་ཨང་དང་པོ་ཐོབ། ༢༠༡༢ལོར་སྦེང་ལོ་རུ་བོད་རིགས་མཐོ་རིམ་སློབ་མའི་དཔྱད་རྩོམ་འགྲན་སྡུར་ཨང་དང་པོ་ཐོབ། ༢༠༡༢ལོར་བོད་ནང་དུ་མུ་ཁྲི་བཙན་པོའི་དཔྱད་རྩོམ་འགྲན་སྡུར་ཨང་གཉིས་པ་ཐོབ། ༢༠༡༥ལོར་ཨ་རི་ནས་བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པའི་ཁོར་ཡུག་རྩོམ་རིག་འགྲན་སྡུར་གྱི་ཕུལ་བྱུང་གཟེངས་རྟགས་ཐོབ་ཡོད་པ་བཅས་སོ། །