Jump to content

དགེ་བ་

ཡོང་ཁུངས་Wikipedia

དགེ་བ་ནི་བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་གཞི་རྩའི་རྣམ་གཞག་ཅིག་ཡིན་ཏེ། རང་གཞན་གཉིས་ཀར་ཕན་པ་དང་བདེ་བ་སྐྱེད་པའི་བསམ་པ་དང་སྦྱོར་བ་ལ་གོ "རང་ཅག་དགེ་བ་ཉམས་ཆུང་ཞིང་སྡིག་པ་སྟོབས་ཆེ་བའི་དུས་འདིར་སྡིག་པའི་གཉེན་པོར་བསྒོམ་པ་ལ་འབད་པར་རིགས་ཏེ་"[]ཞེས་གསུངས་པ་ལྟར། དགེ་བ་ནི་སྡིག་པའི་གཉེན་པོར་གྱུར་པའི་ལས་དགེ་བ་ཞིག་ལ་གོ་དགོས།

དགེ་བའི་ངོ་བོ་དང་རང་བཞིན།

[རྩོམ་སྒྲིག]

བསོད་ནམས་ཀྱི་རྒྱུར་གྱུར་པའི་བསམ་པ་དང་སྦྱོར་བ་དཀར་པོའི་ལས་ལ་གོ་དགོས། "དགེ་བ་ནི་དགེ་ལེགས་ཏེ། དེ་ཡིད་ལ་བྱེད་པའོ། །"[]ཅེས་གསུངས་པ་ལྟར་དགེ་བ་ནི་དགེ་ལེགས་ཀྱི་དོན་ཏེ། རང་གཞན་ལ་ཕན་པ་དང་བདེ་བའི་རྒྱུར་གྱུར་པའི་བསམ་པ་དང་སྦྱོར་བའོ། །"བསོད་ནམས་དགེ་བའི་ལས་ཀྱི་དམ་པ་སྐྱབས་འགྲོ་དང་ཚུལ་ཁྲིམས་དག་པ་ལྟ་བུའི་དམ་པའི་ཆོས་གཅིག་པུ་ནི་སྐྱབས་ཀྱི་མཆོག་དང་མགོན་གྱི་དམ་པར་གྱུར་པ་ཡིན"[]ཞེས་གསུངས་པ་ལྟར། དགེ་བ་ནི་བསོད་ནམས་ཀྱི་ལས་དམ་པ་སྟེ། འབྲས་བུ་བདེ་བ་དང་བསོད་ནམས་འབྱུང་བའི་རྒྱུར་གྱུར་པའི་ལས་ལ་བརྗོད།

དགེ་བ་འབྱུང་བའི་རྐྱེན།

[རྩོམ་སྒྲིག]

"སངས་རྒྱས་ཀྱི་མཐུ་ཡིས་བརྒྱ་ལམ་ན་འཇིག་རྟེན་པ་རྣམས་ལ་བསོད་ནམས་བྱ་སྙམ་པའི་དགེ་བ་སྒྲུབ་པའི་བློ་གྲོས་ཐང་འགའ་ཙམ་འབྱུང་གི །"[]ཞེས་གསུངས་པ་ལྟར། དགེ་བའི་བློ་ནི་སངས་རྒྱས་ཀྱི་བྱིན་རླབས་དང་རང་གི་སྐལ་བ་སོགས་རྒྱུ་རྐྱེན་མང་པོ་འདུས་པ་ལས་འབྱུང་།

དགེ་བ་སྐྱེ་བའི་རྒྱུ།

[རྩོམ་སྒྲིག]

"སངས་རྒྱས་བཅོམ་ལྡན་འདས་ཉིད་ཕན་པ་དང་བདེ་བ་ལ་སྦྱོར་བའི་ཕྱིར་སྐལ་བ་ཅན་དང་སྐལ་བ་ཅན་མ་ཡིན་པའི་སེམས་ཅན་གྱི་རྒྱུད་ལ་གཟིགས་ཅིང་རྟག་ཏུ་བཞུགས་ཏེ་"[]ཅེས་གསུངས་པ་ལྟར་དགེ་བའི་བློ་སྐྱེ་བ་ལ་སངས་རྒྱས་ཀྱི་བྱིན་རླབས་དང་རང་གི་ཁམས་ཀྱི་ནུས་པ། དགེ་བའི་རྒྱུ་རྐྱེན་མང་པོ་འདུས་པ་ལས་སྐྱེ་བར་གསུངས།

དགེ་བའི་དབྱེ་བ།

[རྩོམ་སྒྲིག]

བྱང་ཆུབ་སེམས་ཀྱིས་ཟིན་མ་ཟིན་གྱི་དབྱེ་བ། "བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དགེ༷་བ༷་གཞན༷་གང་ཇི་སྙེད་པ་ཀུན༷་ནི་ཆུ༷་ཤིང༷་གི་སྡོང་པོ་རྣམས་ནི་འབྲས་བུ་ལན་གཅིག་སྨིན་ནས་རྩ་བ་ཟད་དེ་སླར་མི་སྐྱེ་བ་བཞིན༷་དུ༷་ནི༷་བསོད་ནམས་ཆ་མཐུན་གྱི་དགེ་བས་མངོན་མཐོའི་འབྲ༷ས་བུ་༷བསྐྱེད༷་ནས༷་འཛད་ཅིང༌། ཉན་རང་གི་ཕུང་པོ་ལྷག་མེད་དུ་ཟད༷་པ༷ར་འགྱུར༷་བ༷་ཉིད༷་ཡིན་ལ། བྱང༷་ཆུབ༷་སེམ༷ས་ཀྱི༷་ཟིན་པའི་དགེ་བ་ནི་དཔག་བསམ་གྱི་ཤིང་སོགས་ལྗོན༷་ཤིང༷་བཟང་པོ་རྣམས་ནི་འབྲས་བུ་མི་ཟད་ཅིང་སླར་འཕེལ་བ་བཞིན་དུ་རྟག༷་པར༷་ཡ༷ང་རྣམ་ སྨིན་གྱི་འབྲས་བུ་གནས་སྐབས་ལྷ་མིའི་བདེ་འབྲས་ཕུན་སུམ་ཚོགས་པ་རྒྱ་ཆེན་པོ་ཐོབ་ཅིང་མི་མཛད་"[]ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དགེ་བ་ནི་འབྲས་བུ་སྨིན་རྗེས་ཟད་པར་འགྱུར་ལ། ཟིན་པའི་དགེ་བ་ནི་མི་ཟད་ཅིང་འཕེལ་བར་འགྱུར།

དགེ་བའི་རིགས།

[རྩོམ་སྒྲིག]

བསོད་ནམས་དགེ་བའི་བློ་ལ་སྐྱེས་བུ་གསུམ་གྱི་བློ་དང་མཐུན་པར་དབྱེ་ན། "བསོད་ནམས་ཆ་མཐུན་གྱི་དགེ་བ་ཙམ་སྒྲུབ་འདོད་ཀྱི་སྐྱེས་བུ་ཆུང་ངུའི་བློ་དང༌། ཐར་བ་ཆ་མཐུན་གྱི་དགེ་བ་ཙམ་སྒྲུབ་འདོད་ཀྱི་སྐྱེས་བུ་འབྲིང་གི་བློ་དང༌། གཞན་དོན་དུ་རྫོགས་བྱང་སྒྲུབ་འདོད་ཀྱི་སྐྱེས་བུ་ཆེན་པོའི་བློ་སྟེ་གསུམ་ཡོད་ལ།"[]ཅེས་གསུངས་པ་ལྟར་དགེ་བ་ལ་སྐྱེས་བུ་གསུམ་གྱི་བློ་དང་མཐུན་པའི་རིགས་གསུམ་ཡོད་དོ། །

དགེ་བ་དང་སྡིག་པའི་ཁྱད་པར།

[རྩོམ་སྒྲིག]

"དགེ་བ་སྟེ། བསོད་ནམས་ཉམ་ཆུང་བ་དང་སྟོབས་དང་བྲལ་བ་ཉིད་གློག་འགྱུ་བ་དང་འདྲ་བའི་ཕྱིར་རོ། །"[]ཅེས་དང་"སྡིག་པ་སྟོབས་ཆེན་"[]ཞེས་གསུངས་པ་ལྟར་དགེ་བ་ནི་གློག་ལྟར་ཉམ་ཆུང་ཞིང་སྡིག་པ་ནི་སྤྲིན་རུམ་གྱི་མུན་པ་ལྟར་སྟོབས་ཆེ་བར་གསུངས། འོན་ཀྱང་བྱང་ཆུབ་ཀྱི་སེམས་ལྟ་བུའི་དགེ་བ་སྟོབས་ལྡན་གྱིས་སྡིག་པ་ཟིལ་གནོན་ནུས་པར་གསུངས།

དགེ་བ་སྤེལ་བའི་ཐབས།

[རྩོམ་སྒྲིག]

གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བྱེད་པ་ནི་"འབད་པ་ཆུང་ངུས་ཚོགས་རླབས་པོ་ཆེ་རྫོགས་པའི་ཐབས་དང་རང་གི་དགེ་བ་ལ་ཡི་རང་བྱེད་པ་ནི་རང་གི་དགེ་བ་གོང་ནས་གོང་དུ་སྤེལ་བའི་ཐབས་ཡིན་པར་གསུངས་"[༡༠]དེ་བཞིན་དུ་བསྔོ་བའི་སྒོ་ནས་དགེ་བའི་རྩ་བ་རྒྱས་པར་འགྱུར་རོ། །

དགེ་བའི་མགོན་སྐྱབས།

[རྩོམ་སྒྲིག]

"དེའི་ཚེ་ཕན་ངེས་པ་ནི་བསོད་ནམས་དགེ་བའི་ལས་ཀྱི་དམ་པ་སྐྱབས་འགྲོ་དང་ཚུལ་ཁྲིམས་དག་པ་ལྟ་བུའི་དམ་པའི་ཆོས་གཅིག་པུ་ནི་སྐྱབས་ཀྱི་མཆོག་དུང་མགོན་གྱི་དམ་པར་གྱུར་པ་ཡིན་ནའང་"[༡༡]ཅེས་གསུངས་པ་ལྟར་འཆི་བའི་དུས་སུ་དགེ་བའི་ལས་དམ་པ་ཁོ་ན་མགོན་སྐྱབས་སུ་འགྱུར་རོ། །

དགེ་བ་སྒྲུབ་པའི་གོ་སྐབས།

[རྩོམ་སྒྲིག]

མི་ལུས་ཐོབ་པའི་དུས། "གང་གི་ཚེ་དགེ་བ་སྤྱད་པའི་སྐལ་བ་དང་ལྡན་ཡང་དུས་དེའི་ཚེ་དགེ་བ་བདག་གིས་འབད་པས་སྒྲུབ་པར་མ་བྱས་ན། ངན་སོང་དུ་སྐྱེས་ནས་དུས་རྒྱུན་དུ་ཚོར་བ་སྡུག་བསྔལ་གྱིས་གདུངས་ཤིང་བླང་དོར་གྱི་གནས་ལ་ཀུན་ཏུ་རྨོངས་པ་དེའི་ཚེ་བདག་གིས་དགེ་བ་ཅི་བྱར་ཡོད་ཅུང་ཟད་ཀྱང་མི་ནུས་"[༡༢]ཞེས་གསུངས་པ་ལྟར། དལ་འབྱོར་ཐོབ་པའི་དུས་འདིར་དགེ་བ་སྒྲུབ་པ་གལ་ཆེ།

ངན་འགྲོར་དགེ་བ་སྒྲུབ་པའི་གོ་སྐབས་མེད།

[རྩོམ་སྒྲིག]

"སྡིག་པ་བྱེད་ཅིང་དགེ་བ་མི་བྱེད་པའི་བདག་གི་སྤྱོད་པ་འདི་འདྲས་ནི་དུས་ཕྱིས་མི་ཡི་ལུས་ཀྱང་ཐོབ་པར་མི་འགྱུར་ཞིང་མི་ལུས་ཐོབ་པར་མ་གྱུར་ཏེ་ངན་སོང་དུ་སྐྱེས་ན་སྡིག་པ་འབའ་ཞིག་བྱེད་ཅིང་དགེ་བ་བྱེད་པ་ཅུང་ཟད་ཀྱང་མེད་པས་བདེ་འགྲོ་རྙེད་དཀའ་བའོ། །"[༡༣]ཞེས་དང་། "དེར་ཡང་དགེ་བ་དག་ཀྱང་མ་བྱས་ཤིང་སྡིག་པ་དག་ཀྱང་ཉེ་བར་བསགས་ན་བསྐལ་པ་བྱེ་བ་བརྒྱར་ཡང་ནི་བདེ་འགྲོའི་སྒྲ་ཙམ་ཡང་ཐོས་པར་མི་འགྱུར་"[༡༤]ཞེས་གསུངས།

དགེ་བའི་ཕན་ཡོན།

[རྩོམ་སྒྲིག]

དགེ་བ་བསྔོ་བའི་ཕན་ཡོན། "དགེ་རྩ་མ་བསྔོས་ན་ཞེ་སྡང་སོགས་དགེ་བ་འཛད་པའི་རྒྱུ་མང་པོ་ཡོད་པས་འཛད་པར་འགྱུར་ལ། བྱང་ཆུབ་ཏུ་བསྔོས་ན་གང་བྱས་པ་དཔེར་ན་ཆུ་ཡི་ཐིགས་པ་རྒྱ་མཚོར་ལྷུང་བ་རྣམས་རྒྱ་མཚོ་དེ་གནས་ཀྱི་བར་དུ་མི་ཟད་པ་བཞིན་དུ། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་དགེ་བ་ཡང་དེ་མ་ཐོབ་ཀྱི་བར་དུ་མི་ཟད་ཅིང་འཕེལ་བའི་སྒོ་ནས་བྱང་ཆུབ་ལ་སྦྱོར་བར་བྱེད་པ་"[༡༥]ཞེས་གསུངས་པ་ལྟར། དགེ་བ་བྱང་ཆུབ་ཏུ་བསྔོས་ན་མི་ཟད་ཅིང་འཕེལ་བར་འགྱུར།

སེམས་དགེ་བའི་དམིགས་པ་ལ་གནས་པའི་ཕན་ཡོན། "སྒོ་གསུམ་ཀུན་ནས་དྲན་པའི་ཐག་པ་ཡིས་སེམས་ཀྱི་གླང་ཆེན་དགེ་བའི་དམིགས་པ་ལ་དམ་དུ་བཏགས་ན་ཚེ་འདི་ཕྱིའི་འཇིགས་པ་ཐམས་ཅད་མེད་པར་འགྱུར་ཞིང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་དགེ་བ་ཐམས་ཅད་ལག་ཏུ་འོང་བར་འགྱུར་"[༡༦]ཞེས་གསུངས་པ་ལྟར། སེམས་དགེ་བའི་དམིགས་པ་ལ་རྟག་ཏུ་བཏགས་ན་ཚེ་འདི་ཕྱིའི་བདེ་བ་ཐོབ་པར་འགྱུར།

བསྡུས་དོན།

[རྩོམ་སྒྲིག]

དགེ་བ་ནི་ནང་པའི་ཆོས་ཀྱི་གཞི་རྩའི་རྣམ་གཞག་ཅིག་ཡིན་ཏེ། རང་གཞན་གཉིས་ཀར་ཕན་པ་དང་བདེ་བ་སྐྱེད་པའི་ལས་དགེ་བ་ལ་གོ། དེ་ནི་སྡིག་པའི་གཉེན་པོ་དང་བསོད་ནམས་ཀྱི་རྒྱུར་གྱུར་པ་ཞིག་ཡིན། མི་ལུས་རིན་པོ་ཆེ་ཐོབ་པའི་སྐབས་འདིར་དགེ་བ་སྒྲུབ་པ་ཤིན་ཏུ་གལ་ཆེ་སྟེ། ངན་འགྲོར་སྐྱེས་ན་དགེ་བ་སྒྲུབ་པའི་གོ་སྐབས་མེད་པའི་ཕྱིར། བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་བ་ནི་མི་ཟད་ཅིང་འཕེལ་བར་འགྱུར་ལ། དགེ་བ་བྱང་ཆུབ་ཏུ་བསྔོས་ན་བྱང་ཆུབ་མ་ཐོབ་བར་དུ་མི་ཟད་པའི་ཕན་ཡོན་ཡོད་པར་གསུངས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༡༣
  2. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོགསངོས་༧
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་༡༢༨
  4. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༡༣
  5. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་༢༩
  6. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༤༨
  7. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་༤༡
  8. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོགསངོས་༡༠
  9. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོགསངོས་༡༠
  10. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་༡༥༢
  11. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་༡༢༨
  12. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༦༨
  13. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༦༨
  14. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་༥༤
  15. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༦༥༢
  16. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༨༣
"https://bo.wikipedia.org/w/index.php?title=དགེ་བ་&oldid=153803"ལས་སླར་རྙེད་སོང།