དགའ་ལྡན་ཁྲི་ཐོག་སོ་ལྔ་པ་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་སོ་ལྔ་པ་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་ནི། ཡབ་བཀྲ་ཤིས་རྣམ་རྒྱལ་དང་ཡུམ་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ཆུ་བྱ་ ༡༥༧༣ ལོར་དབུས་འགྱུར་ཆོས་ཀྱི་ཞིང་སའི་ལྷོ་ཁ་གྲྭ་ནང་བྱམས་པ་གླིང་གི་དགོན་ཞོལ་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ལ་བརྟེན་ནས། གསང་ཕུ་དབྱར་ཆོས་སུ་འགྲོ་ཞེས་གསུངས་པ་ཡ་མཚན་པའི་མཛད་སྤྱོད་དུ་མ་གནང༌། དགུང་ལོ་ལྔ་པར་གཏེར་བཏོན་ཤེས་རབ་འོད་ཟེར་གྱིས་ལུང་སྟན་བཀའ་བརྒྱ་མ་ལས་བཻ་རེའི་སྤྲུལ་པ་ཡིན་པ་བཤད། དྲུང་དཀོན་མཆོག་དཔལ་ལས་ཀ་ཁ་ནས་བཟུང་ཡི་གེ་སྦྱོར་ཀློག་དང༌། བརྡ་སྤྲོད་ཀྱི་གཞུང་ལ་བསླབས་པས་ཚེགས་མེད་པར་མཁྱེན། དེ་ནས་དགུང་ལོ་བཅུ་གཉིས་པ་ཤིང་སྤྲེལ་ ༡༥༨༤ ལོར་བཀྲ་ཤིས་ཆོས་གླིང་དགོན་དུ་འདུལ་བ་འཛིན་པ་བསོད་ནམས་རྒྱལ་མཆོག་ལས་དགེ་བསྙེན་གྱི་སྡོམ་པ་མནོས། དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོའི་ཞལ་སློབ་དྲུང་དཀོན་མཆོག་པའི་བདག་རྐྱེན་ལ་བརྟེན་ནས་དྭགས་པོ་གྲྭ་ཚང་དུ་སྒྲིག་ཞུགས་གནང༌། དྭགས་པོ་སློབ་དཔོན་བློ་བཟང་ཆོས་འཕེལ་པའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་ལ་དཀོན་མཆོག་ཆོས་འཕེལ་གསོལ། གྲུམ་མདའ་མཁན་པོ་དང་སློབ་དཔོན་ནམ་མཁའ་རྒྱ་མཚོ། སློབ་དཔོན་བྱམས་པ་བསྟན་པ་རྣམས་ཀྱི་དྲུང་ནས་ལོ་གྲངས་བཅུའི་རིང༌། ཚད་མ་དང༌། དབུ་ཕར་བཅས་ལ་བསླབས་པས་མཁས་པར་གྱུར། མནལ་ལམ་དུ་རྗེས་བཙུན་བྱམས་དགོན་གྱིས་ཕྱག་གཉིས་ཀྱིས་དབུ་རྒྱན་ཕུད་དེ་རྗེ་རང་གི་དབུ་ལ་གསོལ་བའི་མཚན་ལྟས་ཁྱད་པར་ཅན་བྱུང༌། ཆོས་རྗེ་བྱམས་པ་རྒྱ་མཚོ་དང༌། སྒོམ་སྡེ་ནམ་མཁའ་རྒྱལ་མཚན་བཅས་ཀྱི་དྲུང་ནས་རྟེན་འབྲེལ་བསྟོད་པ་སོགས་ཀྱི་བཀའ་ཆོས་རྒྱ་ཆེར་གསན། དགུང་ལོ་ཉེར་གཅིག་པར་རྩེད་ཐང་དུ་རབ་འབྱམས་པའི་གྲྭ་སྐོར་མཛད། མཁན་སྟོན་དཔལ་འབྱོར་ལྷུན་གྲུབ་ལས་སྒྲ་ཀ་ལ་པ་གསན། ཆོས་འཁོར་རྒྱལ་དུ་མངའ་དྭགས་རྒྱལ་གསུམ་གྱིས་མཁས་མང་ཚོགས་པའི་དབུས་སུ་གཞུང་ཆེན་ལྔ་ལ་བཤད་པ་རྒྱ་ཆེར་གནང༌། དེའི་ཞོར་དུ་རྒྱལ་རི་ཁྲོད་དུ་བླ་མ་ཁྱུང་པོ་ལས། རྡོ་རྗེ་འཇིགས་བྱེད་ཀྱི་དབང་བཞི་གསན། དགུང་ལོ་ཉེར་གཉིས་པ་ཤིང་རྟ་ལོར། དྭགས་པོ་ཆོས་རྗེ་ནམ་མཁའ་རྒྱ་མཚོས་བསྐུལ་བ་ལ་རྟེན་ནས་སྐྱིད་ཤོད་དུ་བྱོན། ཆོས་རྗེ་བློ་གྲོས་རྒྱ་མཚོའི་ཞབས་ལ་བཏུད་དེ་གཏན་ཚིགས་རིག་པའི་གཞུང་དང་འདུལ་མཛོད་སོགས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་རྒྱ་ཆེར་མཛད་པས་ངེས་དོན་མཁས་པའི་ཁྱུ་མཆོག་ཏུ་གྱུར། དགུང་ལོ་ཉེར་བཞི་པ་མེ་སྤྲེལ་ ༡༥༩༦ ལོར་ལྷ་ལྡན་གཙུག་ལག་ཁང་དུ་རྗེ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོས་མཁན་པོ་དང༌། དད་པའིདགེ་འདུན་གྲངས་ཚང་བའི་དབུས་སུ་བསྙྙེན་པ་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས། རྗེ་དེ་ཉིད་ཀྱི་དྲུང་ནས་འཁོར་ལོ་སྡོམ་པའི་དབང་ཞུས། གསང་ཕུ་ནེའུ་ཐོག་ཏུ་རྣམ་འགྲེལ་གྱི་བཤད་པ་རྒྱ་ཆེར་གནང༌། རྒྱུད་སྟོད་དུ་ཞུགས་ནས་ལོ་གསུམ་གྱི་རིང༌། དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་ཆ་ལག་དང་བཅས་པ་སྦྱངས་པའི་ཕུལ་དུ་ཕྱིན། དོལ་ཆོས་རྫོང་མཁན་པོས་དྲུང་ནས་དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་གྱིས་རྒྱུད་འགྲེལ་མན་ངག་དང་བཅས་པར་གཞན་དྲིང་མེད་པའི་མཁས་པ་བསླབས། དགུང་ལོ་ཉེར་བརྒྱད་པ་ལྕགས་བྱི་ ༡༦༠༠ ལོར་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོས་བཀའ་ལྟར་ཁམས་སུ་འབུལ་སྡུད་ལ་ཕེབས། རྟ་ཚག་རྗེ་དྲུང་ལྷ་དབང་ཆོས་ཀྱི་རྒྱ་མཚོ་ལ་དམར་པོ་སྐོར་གསུམ་གྱི་རྗེས་གནང་ཞུས། སྤག་ཤོད་ཆོས་རྗེ་རིན་ཆེན་རྒྱ་མཚོ་ལ་བྱང་ཆུབ་ལམ་རིམ་ཆེན་མོའི་སྤྱད་པ་སྤྱི་སློབ་ཡན་གྱི་ལུང༌། འཕགས་པ་ལྷ་བསོད་ནམས་རྣམ་རྒྱལ་བ་ལ་ཆོས་ཀྱི་འགྲེལ་པ་གསན། སྔ་ཕྱི་ཟླ་བ་བཅུ་བཞི་རིང་ལ་ཁམས་སུ་འགྲོ་དོན་རྒྱ་ཆེར་སྤེལ་ནས་སྐྱིད་ཤོད་ཁུལ་དུ་ཕེབས། དགའ་ལྡན་དུ་ཆོས་རྗེ་སངས་རྒྱས་རིན་ཆེན་དང༌། གླིང་སྨད་ཆོས་རྗེ་དོན་འགྲུབ་སེང་གེ་གཉིས་ཀྱི་དྲུང་ནས་མི་བསྐྱོད་པ་དང༌། དུས་ཀྱི་འཁོར་ལོ། ཀུན་རིག་གི་དབང༌། རྗེ་ཙོང་ཁ་པའི་གསུང་འབུམ་སོགས་ཀྱིས་བཀའ་ལུང་མན་ངག་རྒྱ་ཆེར་ཞུས། དགུང་ལོ་སུམ་ཅུ་པ་ཆུ་སྟག་ ༡༦༠༢ ལོར་སྟག་ཚང་རྭ་བ་སྟོད་ཀྱི་འཆད་ཉན་པའི་མཁན་ཁྲི་ལ་ཕེབས་ནས་སྡེ་བདུན་མདོ་དང་བཅས་པའི་བཤད་པ་རྒྱ་ཆེར་མཛད་པས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་རྒྱལ་བ་གཉིས་པའི་བསྟན་པ་འཛིན་སྐྱོང་སྤེལ་བས་འགྲན་ཟླ་མེད་པའི་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱུང༌། དགུང་ལོ་སོ་གཅིག་པ་ཆུ་ཡོས་༡༦༠༣ལོར་རྭ་བ་སྟོད་སྨད་གཉིས་ཀའི་འཆད་ཉན་པའི་ཁྲིར་ཕེབས། སྣེའུ་གདོང་གོང་མའི་གདན་དྲངས་པ་ལྟར་ཁུལ་དེར་བཀའ་གདམས་གླེགས་བམ་དང་བྱང་ཆུབ་ལམ་རིམ་སོགས་ཀྱིས་ཆོས་སྐོར་རྒྱ་ཆེར་གསུངས། ཇོ་གདན་མཁན་པོ་ལས་བརྒྱད་སྟོང་པའི་ལུང་དང༌། གདུགས་དཀར་གྱི་དབང་གསན། རྒྱལ་མཆོག་ཡོན་ཏན་རྒྱ་མཚོ་འབྲས་སྤུངས་སུ་ཞབས་སོར་འཁོད་སྐབས་སྤྱན་རས་གཟིགས་ཕྱག་བཞི་པ་དང༌། མི་གཡོ་བའི་རྗེ་གནང་གསན། གཙང་ནག་དབུས་སུ་དཔུང་འཇུག་བྱེད་སྐབས། སྐུ་སྲོག་གི་ཉེན་ཁ་ལ་མ་ལྟོས་པ་བར་ཆིངས་མཛད་པས་དབུས་གཙང་གཉིས་ཀ་བདེ་བ་ལ་བཀོད། དགུང་ལོ་བཞི་བཅུ་པ་ཆུ་བྱི་ ༡༦༡༢ ལོར་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དང༌། སྡེ་པ་དགའ་ལྡན་པ་མཆོད་ཡོན་གྱི་བཀའ་དང༌། སྟོད་རྒྱུད་གྲྭ་ཚང་གི་མོས་མཐུན་རྩེ་གཅིག་པ་ལ་བརྟེན་ནས། རྒྱུད་སྟོད་མཁན་ཁྲིར་ཕེབས། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱི་ཞལ་ལུང་ལས་འོང་པའི་བསྐྱེད་རྫོགས་ཀྱི་འཛུབ་ཁྲིད། འགྲེལ་པ་བཞི་སྦྲགས། རིམ་ལྔ་གསལ་སྒྲོན་སོགས་དཔག་པར་དཀའ་བའི་དོན་རྣམས་དཔྱིས་ཕྱིན་པའི་གསུང་བཤད་ཀྱིས་མཁས་པ་རྣམས་ཡིད་རང་དབང་དུ་ཕྲོགས་ཤིང༌། མཉམ་མེད་ཇོ་བོ་ཆེན་པོའི་བསྟི་གནས་ཡེར་པ་ལྷ་རི་སྙིང་པོ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་བྱུང་བའི་དབྱར་ཞལ་བཞེས་དང༌། ཚོགས་པ་མཐའ་དག་འགྲེལ་བཤད་ཉན་པར་འབྱོན་དགོས་པའི་སྒྲིགས་སོགས་ལུགས་གཉིས་ཀྱིས་འཛིན་སྐྱོང་ཕུལ་དུ་བྱུང་བ་མཛད། སྔོན་རྒྱུད་པ་ཀུན་དགའ་དོན་གྲུབ་ཀྱིས་ཀྱང་སྨོན་ལམ་མཛད་འདུག་པ་ལྟར། རན་འཛད་བྱམས་པའི་དྲུང་དུ་བསྟན་པ་རྒྱས་པའི་སྨོན་ལམ་གནང་བས་ཐུགས་ཀ་ནས་བདུད་རྩིའི་རྒྱུན་དངོས་སུ་བབས། དགུང་ལོ་ཞེ་གསུམ་པ་ཤིང་ཡོས་ ༡༦༡༥ ལོར་རིན་ཆེན་གླིང་གི་མཁན་པོར་ཕེབས། ལོ་དེར་སྐྱིད་ཤོད་དུ་ཕེབས་ནས་པཎ་ཆེན་བསོད་ནམས་གྲགས་པའི་སྐུ་ཕྲེང་གསུམ་པ་སྤྲུལ་པའི་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་ལས་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང༌། ཚེ་དཔག་མེད་ལྷ་དགུའི་དབང༌། གུར་མགོན་གྱི་རྗེས་གནང་སོགས་གསན། དགུང་ལོ་ཞེ་དྲུག་པ་ས་རྟ་ ༡༦༡༨ ལོར་སྐྱོར་མོ་ལུང་གི་གདན་སར་ཕེབས་ནས། མཛད་བརྒྱ་དཔག་བསམ་འཁྲི་ཤིང་སོགས་ཀྱི་ཆོས་སྐོར་རྒྱ་ཆེར་གསུངས། དགུང་ལོ་ཞེ་བདུན་པ་ས་ལུག་ ༡༦༡༩ ལོར་གངས་རིའི་ལྗོངས་འདིས་འབྱུང་ཁུངས་གཅིག་པུ་གྱུར་པ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་ཆོས་ཀྱི་གདན་ཁྲིར་ཕེབས་ནས་ས་དགེའི་མཁས་པ་ཤིན་ཏུ་མང་པོ་ཚོགས་པའི་དབུས་སུ་གཞུང་ཆེན་དུ་མའི་བཤད་པ་རྒྱ་ཆེར་མཛད་པས་མཁས་པ་རྣམས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ་བྱུང༌། རཏ་ནའི་གཏེར་ལུང་ལས། གསུང་ཕུའི་ཆོས་གྲྭར་འཇམ་དབྱངས་སྤྲུལ་པ་འབྱུང༌། ཅེས་གསུངས་པ་ཡང་རྗེ་འདི་ཉིད་ཡིན་པ་བཤད། དགུང་ལོ་ཞེ་བརྒྱད་པ་ལྕགས་སྤྲེལ་ ༡༦༢༠ ལོར་གར་མིན་ཡོན་ཏན་གཡུང་དྲུང་གི་གདན་ས་རྫིང་ཕྱི་ཁྲི་ཐོག་ཏུ་ཕེབས། དགུང་ལོ་ཞེ་དགུ་པ་ལྕགས་བྱ་ ༡༦༢༡ ལོར་མཐའ་དམག་ཀླ་ཀློའི་རིགས་ཧོང་ཐའི་ཇི་སོག་དམག་དབུས་སུ་སླེབས་ནས་གཙང་སྲིད་དང་གཡུལ་འཐབ་བྱེད་ཉེ་བ་ན། པཎ་ཆེན་བློ་བཟང་ཆོས་རྒྱན་དང༌། ལྕང་ལོ་ཅན་པ་ཚུལ་ཁྲིམས་ཆོས་འཕེལ། སྟག་ལུག་ཞབས་དྲུང་ངག་དབང་རྒྱལ། རྗེ་འདི་པ་སོགས་ཀྱིས་བོད་སོག་ཆིངས་མཐུན་མཛད་པའི་བཀའ་དྲིན་ལ་རྟེན་ནས་སྐྱེ་འགྲོ་སྟོང་ཕྲག་དུ་མ་ཚེ་སྲོག་གི་ཉེན་ཁ་ལས་གྲོལ། དགུང་ལོ་ང་གཅིག་པ་ཆུ་ཕག་ ༡༦༢༣ ལོར་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གི་འཆད་ཉན་གྱིས་མཁན་ཁྲིར་ཕེབས་ཏེ། པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆའི་སྟེང་ནས་དབུ་ཕར་སོགས་གཞུང་ཆེན་ཁག་གི་འཆད་ཉན་རྒྱ་ཆེར་སྤེལ་བ་རྟེན་ནས་ཆོས་སྡེ་འདིར་བཤད་དང་སྒྲུབ་པའི་བསྟན་པ་ཉི་མ་དང་ཟླ་བ་ལྟར་གསལ་བར་བྱས། སྐབས་འགར་ཞལ་ཤོབ་ཀྱི་ཚུལ་དུ་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆའི་བཟུང་མཚམས་འགའ་ཞིག་ལ་ཟུར་ཟ་རེ་གནང་སྟེ། པཎ་ཆེན་བསོད་གྲགས་བཞེངས་ཤིག་ཅེས་གསུངས་པར་ཕོད་ཁང་འཇམ་དབྱངས་གྲགས་པའི་པཎ་ཆེན་ཉིད་ཞལ་བཞུགས་ཡོད་ན་བཞེངས་ངེས་པར་མ་ཟད་ལན་གྱིས་ལྡོག་པ་མི་ནུས་པའི་གསུང་ལན་ཅིས་ཀྱང་གནང་ངེས། ཞེས་ཀྱང་གསུང་སྐུད་དེ་འཕྲོས་གླེང་ཙམ་མོ། དགུང་ལོ་ང་གསུམ་པ་ཤིང་གླང་ ༡༦༢༥ ལོར་ཤར་པ་ཆོས་རྗེའི་ཡི་ཁྲིར་ཕེབས། ལོ་དེར་གོང་ས་ལྔ་པ་ཆེན་པོས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་དུས་རྗེ་འདི་ཉིད་སློབ་དཔོན་དང་སྒོ་མང་ཞལ་སྔ་ནས་སངས་རྒྱས་བཀྲིས་ཀྱིས་དུས་བསྒོ་བ་མཛད། དེའི་ཕྱི་ལོར་མེ་སྟག་ ༡༦༢༦ ཧོར་ཟླ་ལྔ་པའི་ནང༌། འཇམ་མགོན་རྒྱལ་བ་གཉིས་པའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གསེར་ཁྲིར་ཞབས་སེན་འཁོར་ལོའི་རེ་ཁ་མངོན་པར་བཀོད་དེ། བྱང་ཆུབ་ལམ་གྱི་སྒྲོན་མ་དང་བཀའ་གདམས་གླེགས་བམ་སོགས་ཆོས་ཚུལ་རྒྱ་ཆེར་གསུངས། ལོ་དེའི་ཟླ་བ་གསུམ་པའི་ཚེས་ལྔར་ལྷ་ལྡན་ཇོ་བོའི་མདུན་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དྲུང་ནས་གོང་ས་ལྔ་པ་ཆེན་པོས་དགེ་སློང་གི་སྡོམ་པ་བཞེས་སྐབས་གསང་སྟོན་གནང་དུ་ ༡༧༣། དགུང་ལོ་ང་ལྔ་པ་མེ་ཡོས་ ༡༦༢༧ ལོར་ཆོ་འཕྲུལ་ཆེན་མོའི་ཚོགས་དབུར་ཕེབས་ཏེ་དཔག་བསམ་འཁྲི་ཤིང་དང་སྐྱེས་རབས་སོ་བཞི་པའི་བཤད་པ་རྒྱ་ཆེར་གནང༌། དགུང་ལོ་ང་བདུན་པ་ས་སྦྲུལ་ ༡༦༢༩ ལོར་ལྷོ་ཁ་ཁུལ་དུ་ཞབས་སོར་འཁོད་སྐབས་ཕྱོགས་དེར་ཐན་པ་ཆེན་པོ་བྱུང་བར་རྗེ་འདིས། ཁོ་བོ་པཎ་ཆེན་བྱམས་པ་གླིང་པའི་སྐྱེ་བ་ཡིན་ན། ཆར་ཆེན་པོ་ཕོབ་ཅིག་ཅེས་བདེན་ཚིག་བརྗོད་པས། དེ་ནུབ་ནས་ཆར་རྒྱུན་ཤིན་ཏུ་ཆེན་པོ་འབབ་པ་དང་པཎ་ཆེན་བྱམས་པ་གླིང་པའི་རྣམ་འཕྲུལ་དུ་གྲགས། དགུང་ལོ་རེ་ལྔ་པ་མེ་གླང་ ༡༦༣༧ ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དངུལ་གྱི་བྱང་ཆུབ་མཆོད་རྟེན་ནོར་བུའི་ཕྲ་ཚོམ་ཅན་གསར་བཞེངས་དང་རབ་གནས་གནང༌། དགུང་ལོ་དོན་གཉིས་པ་ཤིང་སྤྲེལ་ ༡༦༤༤ ལོར་དབང་ཕྱོགས་རྒྱབ་ཁབ་ཀྱི་གན་མཛོད་ལས་བྱུང་བའི་བཟང་གོས་ཡུག་སུམ་ཅུའི་གྲངས་ལྡན་ལས་གྲུབ་པའི་རྒྱལ་བ་ཙོང་ཁ་པ་ཆེན་པོའི་གོས་སྐུ་ཆེན་མོ་གསར་བཞེངས་མཛད། རྗེ་བླ་མའི་གསེར་སྦྱངས་གཙང་མའི་བསྟན་པ་རིན་པོ་ཆེ་འདི་ཉིད་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱ་ཆེར་སྤེལ་བཞིན་མི་ལོ་བཅུ་གཉིས་ཙམ་བསྐྱངས། རབ་བྱུང་བཅུ་གཅིག་པའི་མེ་ཡོས་ ༡༦༢༧ ལོར་ྋརྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཡོངས་འཛིན་གནང༌། ྋགོང་ས་ལྔ་པ་ཆེན་པོར་ཕར་ཚད། འདུལ་མཛད། དབུ་མ་སྟེ་གཞུང་ཆེན་ལྔ་ཀའི་ཟབ་ཁྲིད་རྒྱ་ཆེར་མཛད་པར་མ་ཟད་སྡེ་བཞིའི་སྲིད་ཀྱི་སྟངས་འཛིན་ཀྱང་རྒྱ་ཆེར་སྐྱོང་གནང་བས་རྗེ་འདི་ཉིད་ྋགོང་ས་ལྔ་པ་ཆེན་པོ་དང༌། གཞུང་ས་དགའ་ལྡན་ཕོ་བྲང་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བར་མངོན། འཛམ་གླིང་མཛེས་པའི་རྒྱན་གཅིག་གྲུ་འཛིན་གཉིས་པའི་ཕོ་བྲང་པོ་ཏ་ལ་ད་ལྟར་མཐོང་ཆོས་སུ་ཡོད་པ་འདི་ཉིད་ཀྱང་རྗེ་གླིང་སྨད་ཞབས་དྲུང་པ་འདི་ཉིད་ཀྱིས་ྋགོང་ས་ལྔ་པ་ཆེན་པོ་ལ་ཞུ་བསྐུལ་གནང་བ་ལས་ལེགས་གྲུབ་བྱུང་བ་ཡིན་ཏེ། དེ་ཡང་སྤྱི་ལོ་ ༡༦༤༣ བོད་ཆུ་ལུག་ལོར་ལྔ་པ་ཆེན་པོར་གྲོས་འགོ་ཕུལ་བ་ཞིག་ཡིན་ཏེ། རང་རྣམ་དུ་ཀུའི་གོས་བཟང་ལས་ྋགོང་ས་ཏཱ་ལའི་བླ་མ་མཆོག་སེ་ར་ཐེག་ཆེན་གླིང་དུ་བཞུགས་དུས། གླིང་སྨད་ཞབས་དྲུང་རིན་པོ་ཆེ་གསང་ཕུ་ནས་ཕེབས། སེ་ར་གཟིམ་ཁང་གི་ཐོག་ཏུ་ཞབས་འཆག་སྐབས། གཟིགས་རྟོག་གནང་བའི་རྙིང་མའི་ལུང་བསྟན་འདྲ་ལ་ཡོད་ཟེར་བ་བདེན་མི་བདེན་ཇི་ལྟར་ཡང༌། དམར་ལྕགས་གཉིས་སྦྲེལ་བའི་བཙན་རྫོང་ཤིན་ཏུ་རྒྱ་ཆེ་བ་ཞིག་བྱུང་ན་སེ་འབྲས་གཉིས་དང་ཟུང་དུ་འབྲཻལ་བའི་འཕྲལ་ཕུགས་སུ་བརྟན་བརླིང་ཆེ་ཞིང༌། ཐུགས་རྗེ་ཆེན་པོའི་གནས་ཡིན་པས་མ་ཎི་སྒྲུབ་སྡེ་ཞིག་ཚུགས་ན་མཆོད་ཡོན་གོ་ཤྲི་དང་སྡེ་པར་ཟེར་གཉིས་ཀྱི་སྐུ་སྡིག་སྦྱོང་བ་ལ་ལེགས་ཚུལ་ཕེབས་པར། སོག་པོ་ཡོད་རིང་ནི་སྐྱོན་མི་ཡོང༌། དེ་མིན་རྫོང་ལ་འཕྲ་བའི་ཐུགས་རྩིས་སྡེ་པ་ལའང་ཡོད་མདོག་མ་ཁ་ཞུས་པས། དེ་ལྟར་ན་བདེ་གཟར་འདི་འདྲ་སློང་དོན་ཅི་ཡོད། ཐུགས་ལྷུས་ཐིང་པོ་མཛད་ལོས་དགོས། སྔར་ཡང་བདེ་གཟར་འབྲཻལ་མེད་རེ་བསླངས། མཐའ་མ་ཚེས་པར་བྱང་ལ་བརོས་པས་བསྟན་པ་ལ་ཉམ་ཆག་བྱུང་བ་ཡིན། ད་ཆ་བྱ་བ་འདི་ལ་ཐུག་ཚེ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བསྟན་པ་འདི་ཆུ་ལ་བསྐུར་ན་མི་ཡོང་བས་མ་ལེ་སོར་གསུམ་ཞལ་དུ་བཅུག་ནས་མདུང་ཁྲག་མེད་དུ་མ་ལོག་པ་ཞིག་དགོས་ཞེས་འཕྲལ་ཕུགས་རྒྱང་གསུམ་གྱི་སློབ་སྟོན་རྒྱས་པར་གནང༌། ཆོས་ཕྱོགས་ལ་འཇམ་དཔལ་དབྱངས་དང་གཉིས་སུ་མེད་པར་མ་ཟད། འཇིག་རྟེན་གྱི་ཆར་ཡང་མེས་པོ་ཚངས་པའི་བློ་གྲོས་ཀྱི་དཔེ་ཟླར་འོས། ཞེས་བསྔགས་བརྗོད་ཆེན་པོ་མཛད་འདུག་པ་ལྟར་ཐུགས་ལ་བབས་ཏེ་སྡེ་པ་བསོད་ནམས་ཆོས་འཕེལ་དང་བཀའ་གྲོས་མཛད་ནས་སྤྱི་ལོ་ ༡༦༤༥ བོད་རབ་བྱུང་བཅུ་གཅིག་པའི་ཤིང་བྱ་ལོར་རྩེ་ཕོ་བྲང་དཀར་པོའི་རྨང་འདིང་བའི་འགོ་ཚུགས་པ་ཡིན་ནོ། ། འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་བཟང་པོའི་འཕྲིན་ལས་ལ་བརྟེན་ནས་དབུས་གཙང་ཁུལ་གྱི་མཁས་པ་དང་གྲུབ་པའི་སྐྱེས་ཆེན་ཕལ་བོ་ཆེ་རྗེ་འདིའི་ཞལ་སློབ་ཏུ་གྱུར། དགུང་ལོ་དོན་བཞི་པ་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་ ༡༦༤༦ ལོ་ཧོར་ཟླ་གསུམ་པའི་ཚེས་གཉིས་ལ་བདེ་ཆེན་གསང་སྔགས་མཁར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། གདུང་རྟེན་དངུལ་གྱི་མཆོད་རྟེན་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ལི་མ་ལྷ་ཁང་དུ་ཤར་གྱི་རྟེན་གཙོ་གཡས་ཀྱི་གཉིས་པར་བཞུགས། གསུང་ལས་སྐྱེས་པའི་སློབ་མ་ཡང་ྋགོང་ས་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་དང༌། ཕོད་ཁང་འཇམ་དབྱངས་བཀྲིས། རྒྱུད་སྟོད་དབུ་མཛད་འོལ་ཁ་རབ་འབྱམས་པ་བྱམས་པ་རྣམ་རྒྱལ། སྒོ་མང་དགེ་བཤེས་དོམ་ཉག་བསོད་ནམས་ཆོས་བཟང༌། འབུར་སྟག་པ་ངག་དབང་དཔལ་བཟང༌། རྟ་ཚག་རྗེ་དྲུང༌། སྤྲུལ་པའི་སྐུ་གྲགས་པ་རྒྱལ་མཚན། ངག་དབང་སྤྲུལ་སྐུ། གཟིམས་ཁང་རབ་འབྱམས་པ་དོན་འགྲུབ་རྒྱ་མཚོ། གླིང་སྟོད་ཆོས་རྗེ། སྐྱེད་ཚལ་མཁན་པོ། སྐྱིད་ཤོད་སྡེ་བ་ཆོས་རྗེ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བསྐྱངས།