དགའ་ལྡན་ཁྲི་ཐོག་སོ་བདུན་པ་ཆོས་རྗེ་དགེ་འདུན་རིན་ཆེན་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་སོ་བདུན་པ་ཆོས་རྗེ་དགེ་འདུན་རིན་ཆེན་ནི། མདོ་ཁམས་དང་རྒྱའི་ས་མཚམས་འཇང་ཞབས་སུ་འཁྲུངས། སྐུ་ན་ཆུང་དུས་ནས་དབུས་འགྱུར་ཆོས་ཀྱི་ཞིང་ས་བཤད་སྒྲུབ་འཆད་ཉན་གྱི་ཆུ་བོ་ཆེན་པོ་འདུ་བའི་སྨན་ལྗོངས་བོད་ཡུལ་དུ་ཕེབས། སེ་ར་སྨད་སྤོམ་ར་ཁང་ཚན་དུ་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔ་ལ་འགྲན་ཟླ་མེད་པའི་མཁས་པར་བསླབས། རྒྱུད་སྟོད་དུ་སྔགས་ཀྱི་ཐུགས་གཉེར་དཔྱིས་ཕྱིན་པར་མཛད་དེ། རྒྱུད་སྟོད་དང༌། ཤར་རྩེ་རིམ་པ་རྒྱུད་ནས་རབ་བྱུང་བཅུ་གཅིག་པའི་མེ་གླང་ ༡༦༣༧ ལོར་ཀོང་པོ་བསྟན་འཛིན་ལེགས་བཤད་གསེར་ཁྲིར་བཞུགས་བཟོད་མ་བདེ་བར་ཁམས་དཔལ་འབར་དུ་ཕེབས་པའི་ཤུལ་དགའ་ལྡན་གྱི་ཁྲི་ཚབ་བྱས་ཏེ་མི་རིང་བར་ཁྲི་ཆེན་བསྟན་འཛིན་ལེགས་བཤད་ཁམས་ནས་ཞི་བར་གཤེགས་པ་དང༌། དགའ་ལྡན་ཁྲི་བ་དངོས་ཀྱི་མཚན་གནས་འཆང༌། ཁྲི་རྣམ་གཞན་དང་གཞན་དུ་འདི་ཉིད་སྤྱི་ལོ་ ༡༦༤༤ ནས་ ༡༦༤༨ ཁྲི་པ་གནང་ཚུལ་དང༌། ཁ་ཅིག་གིས་སྤྱི་ལོ་ ༡༦༣༧ ནས་༡༦༤༡ བར་ཁྲི་པ་གནང་ཚུལ་འཁོད་པ་གཉིས་ཀའི་ཁུངས་མ་དག་པར་སེམས། དེ་ཡང་ཁྲི་ཆེན་གོང་མ་ཀོང་པོ་བསྟན་འཛིན་ལེགས་བཤད་གློ་བུར་གསེར་ཁྲི་ལས་བྱོལ་ནས་བྲོས་བྱོལ་དུ་ཕེབས་པའི་རྒྱུད་རིམ་ལ་ཞིབ་འཇུག་གནང་ན་ཤེས་ཐུབ་པ་ཡིན། ཁ་གསལ་དུ་བཏང་ནས་བཤད་ན་སྤྱི་ལོ་ ༡༦༣༧ ནས་ ༡༦༤༡བར་མི་ལོ་ལྔའི་རིང་ཁྲི་ཚབ་དང༌། དེ་ནས་སྤྱི་ལོ་ ༡༦༤༢ ནས་ ༡༦༤༨ བར་ལོ་ངོ་བདུན་གྱི་རིང་ལ་ཁྲི་པ་དངོས་གནང་བར་སེམས་ཏེ། དེ་ལྟར་བྱས་ན་ལྔ་པ་ཆེན་པོའི་དུ་ཀུ་ལའི་གོས་བཟང་གླེགས་བམ་དང་པོ་ལས། ཆུ་རྟ་ ༡༦༤༢ ཧོར་ཟླ་དྲུག་པའི་ཚེས་གཅིག་ལ་སེ་ར་ཐེག་ཆེན་གླིང༌། རྒྱད་སྟོད་པ། རྨི་རུ་བ་སོགས་ཀྱི་སེར་སྦྲེང་དང་བྲོ་གཞས་ཀྱི་རྩེད་སྣ་མང་པོས་མདུན་བསུས་ཀླུ་ཕུག་གླིང་ཁར་ཕྱིན་ཏེ་སྒར་བྱས་ནས་ཞག་བཅོ་ལྔ་ཙམ་བསྡད། མཆོད་ཡོན་ཐུན་མོང་ནས་སེར་གསོག་ཆེན་མོ་ཞིག་མཛད། དགའ་ལྡན་གྱི་ཁྲི་རིན་པོ་ཆེ་ལྗངས་རམས་པས་དབུ་གནང་རྩེ་ཤར་གཉིས་དང་བཅས་པ་ཕེབས། བཞུགས་གྲལ་གྱི་སར་ཁྲི་རིན་པོ་ཆེས་རྒྱལ་པོ་ལ་བསྟན་པ་བཟུང་བའི་བསྔགས་བརྗོད་ཅུང་ཟད་དང་ཤར་བ་ཟུར་བཞུགས་དབོན་པོར་གྲགས་པས་དབུགས་དབྱུང་རྒྱ་ཆེར་མཛད། ཅེས་གསུངས་པ་དང་ཡང་མཐུན་པར་སྣང་ངོ༌། ། འདི་ཉིད་ཁྲི་ཚབ་དང་ཁྲི་པ་གནང་པའི་དབུས་གཙང་དབར་སྡེ་གཟར་སྔ་ཕྱི་སྟུད་མར་བྱུང་འདུག་སྟེ། སྡེ་ ༨༥༢ མེ་གླང་༡༦༣༧ལོར་སོག་རིགས་གུ་ཤྲིས་ཆ་ཧར་ཆོག་ཐུ་རྒྱལ་པོ་བཅོམ་ནས་མཚོ་སྔོན་ཡོངས་རྫོགས་དབང་བསྒྱུར་བྱས། དེ་རྗེས་ཁམས་སུ་བཙན་འཛུལ་བྱས་ཏེ་བེ་རི་རྒྱལ་པོ་གཏོར་ཕམ་གཏོང་ནས་ཁམས་ཀྱི་ས་གནས་ཡོངས་རྫོགས་བཟུང་བྱས་ཏེ་ཁྲལ་ཁུར་འུལ་རྒྱུག་གིས་གནར་གཅོད་ཚབས་ཆེར་གཏོང༌། དེ་རྗེས་དབུས་སུ་དཔུང་བཏེགས་ཏེ་སོག་པོའི་བསླུ་བྲིད་འོག་དབུས་སོག་སེར་འབྲས་མཉམ་སྡེབ་ཀྱིས་གཙང་སྲིད་ལ་རྒོལ་འཛིངས་ཤུགས་ཆེར་བྱས་ཏེ་དབུས་གཙང་གི་བོད་འབངས་ཁྲི་ཁྲག་མང་པོའི་ཚེ་སྲོག་ལ་གད་ཆག་བྱུང༌། མཐར་དབུས་ ༡༦༤༢ ལོར་སོག་དམག་གིས་གཞིས་ཀ་བསམ་འགྲུབ་རྩེ་ཡོངས་སུ་བསྐོར་ཏེ། སྲིད་གཞུང་སོག་དམག་གི་ལག་འོག་ཏུ་ཤོར། མི་དབང་ཀརྨ་བསྟན་སྐྱོང་དབང་པོ་དང་བློན་པོ་རྟ་ནག་འོ་རློན་པ་སོགས་དཔོན་གཡོག་ཉུང་ངུ་བཅས་བྲོས་བྱོལ་གྱིས་གབ་ཡིབས་བྱས། རྒྱལ་དབང་ཀརྨ་པ་དང་ས་སྐྱ་གོང་མས་བར་དཔང་གནང་ནས་ས་སྐྱོང་ཆེན་པོ་སོག་ཇག་གི་ལག་འོག་ནས་སྲོག་ཁྲིམས་ལས་ཐར་བར་བྱ་རྒྱུའི་གན་རྒྱ་ཡི་གེ་བྱས་ཀྱང༌། སྡེ་པ་བསོད་ནམས་རབ་བརྟན་པའི་ངན་ཇུས་ཀྱིས་ཀོང་པོ་ཇ་མ་ཆོས་དབྱིངས་ཟེར་བའི་གའུའི་ནང་ཀརྨ་པའི་ཕྱག་བྲིས་དམ་འབྱར་མར་སེར་འབྲས་མིང་མེད་དུ་གཏོར་རྒྱུ་དང༌། རྒྱལ་བ་ཡབ་སྲས་ཀོང་པོར་བཟང་བཙོན་དུ་འཇུག་རྒྱུ་ཡིན་ཚུལ་གྱི་ཡི་གེ་རྫུན་མ་བྱས་ཏེ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་ལ་ཕུལ་བས། རྐྱེན་དེས་རྒྱལ་པོས་གན་རྒྱ་ལ་མ་རྩིས་པར་གཙང་རྒྱལ་དཔོན་བློན་རྐྱེན་ལམ་དུ་བཏང༌། བཀའ་བསྟན་ཆགས་འཇིགས་ལ་གྱར་ཞིང་རྒྱལ་དབང་ཀརྨ་པ་ཡབ་སྲས་དབུས་སུ་བཞུགས་བཟོད་མ་བདེ་ནས་འཇང་ཡུལ་དུ་བྲོས་དགོས་པ་སོགས། ༧༣༠ མདོར་ན་སྔ་ཕྱི་ལོ་ངོ་བཅུ་གཉིས་རིང་དགའ་ལྡན་གསེར་ཁྲི་ལ་བཞུགས་རིང༌། དབུས་གཙང་གི་སྡེ་གཟར་ཁྲོད་བདུད་ཀྱི་ཆོ་འཕྲུལ་སྙིང་ལ་ཞུགས་པའི་སྡེ་པ་དང་མཛད་པ་དེ་དག་གི་ལག་ཆར་མ་སོང་ཞིང༌། སོག་རིགས་དཔོན་པོ་དག་ལ་ངོ་དགའ་དང་མཇལ་ཁ། འབུལ་ཚན་སོགས་སྣ་གཅིག་ཀྱང་གནང་རབས་ཀྱི་ལོ་རྒྱུས་ཚིག་འབྲུ་གཅིག་ཀྱང་མེད་པས་སུས་ཀྱང་གཡོ་བ་མེད་པར་གསེར་གྱི་རི་བོ་དང་འོ་མའི་རྒྱ་མཚོ་ལྟ་བུའི་བབ་བརླིང་བརྟན་གསུམ་གྱི་རྣམ་ཐར་བཟང་པོ་བདག་གིར་བསྐྱངས་འདུག་པ་འདི་ནི་ཆོས་གོས་འོག་ནས་ཆབ་སྲིད་ཀྱི་དུག་མདའ་འཕངས་ནས་བོད་ཀྱི་བསྟན་སྲིད་རྗེ་འབངས་དང་བཅས་པ་ཉམས་ཉེས་པའི་གནས་ལ་བཀོད་མཁན་ལ་བསྟན་འཛིན་སྐྱེས་ཆེན་གྱི་མཚན་བསྟོད་ཕུལ་བ་དག་དང་མི་འདྲ་བར་ངེས་དོན་གྱི་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཉིད་དུ་འཁུམས་སོ། ། དེ་ལྟར་ཁྲི་ཚབ་ལོ་བཞི་དང་ཁྲི་པ་ལོ་ངོ་བརྒྱད་དེ་སྔ་ཕྱིར་གསེར་ཁྲི་ལ་ལོ་ངོ་བཅུ་གཉིས་བཞུགས་ནས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་བཞིན་པའི་མུར་རབ་བྱུང་བཅུ་གཅིག་པའི་ས་བྱི་༡༦༤༨ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།