དགའ་ལྡན་ཁྲི་ཐོག་སོ་དྲུག་པ་ཀོང་པོ་བསྟན་འཛིན་ལེགས་བཤད་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་སོ་དྲུག་པ་ཀོང་པོ་བསྟན་འཛིན་ལེགས་བཤད་ནི། ཤར་ཕྱོགས་ཀོང་ཡུལ་བཀྲ་ཤིས་རབ་བརྟན་དུ་བལྟམས་ཤིང༌། སྐུ་ན་ཆུང་དུས་ནས་གཙས་བློ་གྲོས་བརྟན་པའི་གདན་ས་དྭགས་པོ་བཤད་སྒྲུབ་གླིང་དུ་སྒྲིག་ཞུགས་གནང༌། ཀ་ཁ་ནས་བཟུང་ཡི་གེ་སྦྱོར་ཀློག་དང་ཆོས་སྤྱོད་ཆོ་ག དབུ་ཕར་སོགས་གཞུང་ཆེན་པོར་སྦྱངས་ཏེ་མཁས་པར་གྱུར། སྐབས་དེའི་དགེ་ལྡན་པའི་གནས་བརྟན་རྒན་གྲས་ཀུན་གྱི་གྲོས་མོལ་གྱིས་དབུས་སུ་གདན་དྲངས་ནས་རྒྱུད་སྟོད་སྨད་དང་ཤར་བྱང་གང་ཡང་མ་བརྒྱུད་པར། རབ་བྱུང་བཅུ་གཅིག་པའི་མེ་གླང་ ༡༦༣༧ ལོར་འཇམ་མགོན་རྒྱལ་བ་གཉིས་པའི་གསེར་ཁྲིར་ཞབས་སོར་འཁོད། བཤད་སྒྲུབ་འཁོར་ལོ་གསུམ་གྱི་འཕྲིན་ལས་རྒྱ་ཆེར་འཕེལ་ཡང༌། དེ་སྔོན་་ཀོང་པོའི་གྲྭ་རྒྱུན་རྣམས་དགའ་ལྡན་ཤར་བྱང་གང་མོས་སུ་འཛུལ་ཞུགས་བྱེད་སྲོལ་ལས་ངེས་གཏན་ཐོབ་ཁོངས་ཀྱི་ཀྲིག་ཅར་མེད་པ་དང༌། ཁྲི་ཆེན་འདི་པ་ཡང་ཤར་བྱང་ཐུན་མོང་བ་ཡིན་ཡང༌། བྱང་རྩེ་པ་རྣམས་ཀྱིས་རང་ཁོངས་ཡིན་ཤག་གཞིར་གཟུང་གིས་ཁྲི་པ་འདིའི་རྗེས་ཐོག་ཏུ་ཤར་པ་ནས་ངེས་ཅན་མི་དགོས་ཞེས་སྨྲས་པས། བསྟན་པའི་གད་ཆག་ལྟ་བུས་དགའ་ལྡན་ཤར་འི་དཔུང་གིས་ཁྲི་ནཙན་འཕྲོགས་བྱས་པས། ཤར་བྱང་དབར་འཁྲུགས་པ་ཚབས་ཆེར་ལངས། ཁྲི་པ་རང་ཡང་ཁྲི་མཐའ་མ་འཁྱོངས་པར་ཁམས་དཔལ་འབར་དུ་བྲོས་སྟབས་ཀྱིས་ཕེབས་དགོས་བྱུང༌། རྩོད་སྙོག་འདིའི་ཁ་མ་འདུམ་པར་སྡེ་པ་གཙང་པ་ཀརྨ་བསྟན་སྐྱོང་དབང་པོ་ལ་ཞུས་པས་བརྩད་ཞིབ་ནན་གནང་གིས་ཐག་གཅོད་བཀའ་ལུང་ཕྱིར་ཕེབས་སུ། ད་ནས་བཟུང་སེར་འབྲས་དགའ་གསུམ་དང༌། མངའ་དྭགས་རྒྱལ་གསུམ་གང་ནས་དགའ་ལྡན་གསེར་ཁྲིར་ཕེབས་ན་ཡང༌། དགའ་ལྡན་ཤར་བྱང་གི་ཁྲིར་བརྒྱུད་དགོས་པ་དང༌། དེ་ཡང་ཤར་བྱང་གི་བླ་མ་རེས་མོས་ཀྱིས་གསེར་ཁྲིར་ཕེབས་བཞུགས་གནང་བ་ལས་ཐད་བརྒལ་དུ་ཕེབས་མི་ཆོག་པ་དང༌། ཁྲིར་ཕེབས་རྗེས་ཁྲི་པ་ལོ་ངོ་བདུན་ངེས་ཅན་དུ་བྱེད་དགོས་པའི་གཏན་འབེབས་གནང༌། དེ་ནས་བཟུང་དགའ་ལྡན་ཕོ་བྲང་གསར་འཛུགས་བྱས་པའི་རྗེས་སུའང་ལུགས་སྲོལ་དེ་བཞིན་རྒྱུན་ཆགས་སུ་གནས་པར་མ་ཟད། རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐུ་དུས་སུ་ལུགས་སྲོལ་དེ་ཉིད་སོར་གནས་ཐོག ། རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་མཁན་བླ་རིམ་པར་བརྒྱུད་དགོས་རྒྱུ་དང༌། སྐབས་མཚམས་སུ་གཞུང་འབྲེལ་བསྐོ་བཞག་བསྐྱངས་ཏེ་ཁྲི་འདོན་དང་པོ་རྒྱལ་བའི་ཕོ་བྲང་ནང་དང༌། དེ་རྗེས་དགའ་ལྡན་དུ་གནང་རྒྱུ་བཅས་ཀྱི་སྲོལ་ཚུགས། དགའ་ལྡན་ཁྲི་འདོན་གྱི་གོང་དུ་རྩམ་ཐོག་ཅེས་པའི་གྲོང་ཁྱིམ་ཞིག་ཏུ་སྔོན་རྗེ་རིན་པོ་ཆེ་དགའ་ལྡན་དུ་བཞུགས་སྐབས་གསོལ་ཞིབ་འཐག་བྱེད་རང་འཐག་ཆུང་ངུ་བཀོལ་ཟད་ཅན་གཞུང་གི་དམ་འབྱར་མ་ཞིག་ཡོད་འདུག་པ་དུས་དེར་གཞུང་ནས་ཆེད་བཏང་གི་འབྲུ་ཡོས་ཚད་ཅན་འཁྱེར་བའི་རྩེ་ཞབས་ཀྱིས་དམ་ཕྲུག་བཤིགས་ཏེ། ཁྲི་ལས་ཐོག་པས་ཕྱག་བསྟར་གྱིས་གསོལ་ཞིབ་བཏགས་པར་མང་ཉུང་ཇི་ཐོན་གྱིས་རྟགས་དང་མཚན་མ་བཟང་ངན་གྱི་རྟེན་འབྲེལ་རྟོག་སྲོལ་ཡང་དུས་སྐབས་དེར་བྱུང་བར་སྣང་ངོ༌། ཁྲི་ཆེན་འདི་ཉིད་ཀྱི་དོན་སྐྱོན་ལས་དགའ་ལྡན་ཤར་བྱང་འཁྲུགས་རྗེས་ཀོང་པོ་བ་རྣམས་བྱང་རྩེའི་ཁོངས་སུ་ངེས་པར་བྱས་པས་ད་ལྟའི་བར་དེ་བཞིན་གནས། ཁྲི་ཆེན་འདི་ཉིད་ཁམས་དཔལ་འབར་དུ་བྲོས་བྱོལ་དུ་ཕེབས་པའི་རྗེས། ཁུལ་དེར་བསྟན་པའི་བྱ་བ་རྒྱ་ཆེར་སྤེལ་བཞིན་གཞིས་དགོན་དེར་རབ་བྱུང་བཅུ་གཅིག་པའི་ལྕགས་སྦྲུལ་༡༦༤༡ལོར་སྐུ་ཚེ་འཕེན་པ་ཡོངས་སུ་རྫོགས། གདུང་རྟེན་མཆོད་སྡོང་ཁམས་ཀྱི་དཔལ་འབར་དགོན་དུ་བཞུགས། དགའ་ལྡན་ཁྲི་རྣམ་འགའ་ཞིག་ཏུ་འདིས་སྤྱི་ལོ་༡༦༣༢ ནས་ ༡༦༣༧བར་དགའ་ལྡན་ཁྲི་འཛིན་གནང་ཚུལ་དང༌། ཡང་ཁ་ཅིག་གིས་སྤྱི་ལོ་༡༦༣༨ ནས་ ༡༦༤༣བར་ཁྲི་འཛིན་གནང་ཚུལ་འཁོད་འདུག་པ་གཉིས་ཀ་ྋགོང་ས་ལྔ་པས་མཛད་པའི་འཇམས་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་གྱི་རྣམ་ཐར་དང་དུ་ཀུ་ལའི་གོས་བཟང་གླེགས་བམ་དང་པོ། སྡེ་སྲིད་ཀྱི་བཻ་སེར་བཅས་ལ་ཞིབ་ཏུ་གཟིགས་ན་ཁུངས་ལུང་རྣམ་དག་མེད་པ་ཤེས་ཐུབ་པ་ཡིན།