དགའ་ལྡན་ཁྲི་ཐོག་སུམ་ཅུ་པ་ཆོས་རྗེ་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་སུམ་ཅུ་པ་ཆོས་རྗེ་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་ནི། རབ་བྱུང་དགུ་པའི་མེ་ཕོ་རྟ་ ༡༥༤༦ ལོར་སྟོད་ལུང་གི་སའི་ཆ་སྟག་ལུང་བྲག་ཏུ་འཁྲུངས། སྐུ་ན་ཆུང་དུས་ནས་སྐྱོར་མོ་ལུང་དུ་རབ་ཏུ་བྱུང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་རྣམ་འཕྲུལ་དུ་གྲགས། དགའ་ལྡན་ཁྲི་ཆེན་ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན་དང་སྒོ་མང་གྲྭ་ཚང་དུ་གུང་རུའི་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་རྩ་བའི་ཡོངས་འཛིན་དུ་བསྟེན་ནས་མདོ་རྒྱུད་ལ་སྦྱངས་པས་མཁས་པར་གྱུར། སྟག་ཚང་རྭ་བ་སྟོད་དུ་ཚད་མ་ལ་སྦྱངས། དགའ་ལྡན་ཁྲི་ཐོག་ཉེར་གཅིག་པ་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་ལས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་ཞུས། དགའ་ལྡན་ཁྲི་ཐོག་སོ་བདུན་པ་དགེ་འདུན་རྒྱལ་མཚན་གྱི་དྲུང་ནས་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་རྒྱ་ཆེར་ཞུས་པར་མ་ཟད། སྟོན་པ་ཐུགས་རྗེ་ཅན་ནས་རྗེ་ཙོང་ཁ་པའི་བར་དང༌། དེ་ནས་རྒྱལ་བའི་རྒྱལ་ཚབ་དར་མ་རིན་ཆེན་ནས་ཉེ་བར་བཟུང་མཁས་པའི་མཆོག་གྱུར་ཤཱཀྱ་རྒྱལ་མཚན། སེ་ར་ཡོངས་འཛིན་གྲུབ་དབང་དམ་པ་དོན་ཡོད་དཔལ་ལྡན། ལུང་དང་རིགས་པའི་དབང་ཕྱུག་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་བདེ་ལེགས་ཉི་མ། ཁྲི་ཆེན་དགེ་འདུན་རྒྱལ་མཚན་བར་དུ་སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་རྣམས་བུམ་པ་གང་བྱོས་ཚུལ་གྱིས་གསན། སྨྲ་བརྗོད་ཤིན་ཏུ་གཙང་ཞིང་གོ་རྒྱ་ཆེ་བ་དང༌། རིགས་པའི་ཕུལ་མཚམས་ཤིན་ཏུ་ཟབ་པས་གསང་ཕུ་རྭ་བ་སྟོད་དང༌། རྒྱུད་སྨད་པའི་འཆད་ཉན་པ་མཛད། གཞན་ཡང་སྐྱོར་མོ་ལུང་དང༌། བདེ་ཆེན་གསང་སྔགས་མཁར། དགའ་ལྡན་བྱང་རྩེ་སོགས་ཀྱི་བླ་མར་ཕེབས། དེ་སྔོན་དགའ་ལྡན་དུ་མཁས་གྲུབ་དགེ་ལེགས་དཔལ་བཟང་གི་ཞལ་བཀོད་ལྟར། པཎ་ཆེན་པ། སྣོན་པ། ཡར་འབྲོག་པ། གྲགས་པ་དཔལ་པ་བཅས་མཁས་པ་བཞི་མཚན་ཉིད་ཀྱི་འཆད་ཉན་ལ་བསྐོས་པ་རྗེས་སོར་གཉིས་སུ་གྲིལ་ནས་བྱང་རྩེ་ཕྱོགས་ལ་ཉན་པོ་བ་ཆོས་ཀྱི་དབང་ཕྱུག་གིས་འཆད་ཉན་མཛད། དེ་རྗེས་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་བསྐོས་ནས་འཆད་ཉན་མཛད་ཀྱང་བར་སྐབས་སུ་འཆད་ཉན་རྒྱུན་ཆད་པ་ནས་མལ་དྲོ་ཆ་དཀར་འབྲི་གུང་པས་ཞྭ་སྟབས་བསྒྱུར་པ་སོགས་བསྟན་པའི་གད་ཆག་རིམ་པར་བྱུང་བར་ཆོས་རྗེ་རབ་འབྱམས་པ་བློ་གྲོས་རྒྱ་མཚོ་འདི་ཉིད་ཀྱིས་བྱང་རྩེ་གྲྭ་ཚང་དང༌། ཐོས་བསམ་གྲྭ་ཚང༌། ནོར་གླིང་གྲྭ་ཚང་གསུམ་ཆར་གཅིག་ཏུ་བསྒྲིལ་བ་ད་ལྟའི་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་འདི་བཞིན་གསར་དུ་བཙུགས་ནས་འཆད་ཉན་གྱི་རྒྱུན་སྤེལ། དེ་རྗེས་འབྲོང་རྩེ་རབ་འབྱམས་པ་ཚུལ་ཁྲིམས་ཆོས་འཕེལ་འཆད་ཉན་པར་བསྐོས། སྐྱོར་མོ་ལུང་གི་བཤད་གྲྭ་རྒྱུན་ཆད་པ་ཡང་རྗེ་འདིས་སྔར་རྒྱུན་སོར་ཆུད་པར་མཛད། ཕྱག་མཛོད་རྒྱ་ལེས་ཇུས་བཏིང་ཏེ། སྒོ་མང་ཀུན་མཁྱེན་གུང་རུ་བ་དང༌། ལམ་པ་རབ་འབྱམས་པ་བསོད་ནམས་གྲགས་པ། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང༌། རྒྱལ་དབང་བཞི་པ་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་སྡེ་པ་ཡར་སྐུ་གཙང་གསུམ་གྱི་མིང་བྱང་བཀོད་ནས་མངོན་སྤྱོད་ཀྱི་ལས་སྦྱོར་རྣམ་གྲངས་མང་པོ་གནང་པར། ཞལ་སྔ་ནས་རྗེ་འདི་པ་ཐུགས་མ་རངས་ནས། ཐོག་མར་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་ལ་གོ་རིམ་མ་ལོག་པར་འཁྲིད། དེ་ནས་རྡོ་རྗེ་ཐེག་པའི་མཆོག་ཐུན་གྱི་དངོས་གྲུབ་བསྒྲུབ་པའི་རིམ་པ་རྣམས་མཛད་དགོས་པ་ལ། སྐུ་ཡོན་གཞན་རྣམས་འབུལ་བའི་མགོ་བྱིང་ཙམ་ཡང་མ་དོད་པར། གཤིན་རྗེ་འཁོར་ལོ་སོགས་དྲག་པོའི་ལས་སྦྱོར་ལ་བཙན་ཁྲིད་བྱེད་པ་འདི། དབེན་ས་རྗེ་དྲུང་གི་མཛད་ལུགས་ཐུགས་ལྷིས་མ་མཐིངས་པ་ཡིན་ཞེས་ཀྱང་གསུང་སྐད་ཐོས་ཏེ་ཤིན་ཏུའང་མོད་དོ་སྙམ། དོན་སྐྱོན་འདིའི་རྐྱེན་པས་དབུས་གཙང་གི་སྡེ་གཟར་ཚབས་ཆེན་བྱུང་བའི་མཇུག་འབྲས་དགེ་བསྟན་ཆགས་འཇིག་ལ་གྱར་པའི་གནས་སུ་ལྷུང་ཡང་བྱུང་འདུག་སྟེ། དེབ་ཐེར་ནོར་ཕྲེང་གཉིས་པ་༢༢༤ ནང་གསལ། དུ་ཀུ་ལའི་གོས་བཟང་ལས། གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་གྱིས་པོ་ཏ་ལའི་ཕོ་བྲང་གསར་བཞེས་དགོས་ཚུལ་ཞུས་སྐོར་ལས་འཕྲོས་ནས། སྔར་ཡང་བདེ་གཟར་འབྲེལ་མེད་རེ་བསླངས། མཐའ་མ་ཚེས་པར་བྱང་ལ་བྲོས་པས་བསྟན་པ་ལ་ཉམ་ཆག་བྱུང་བ་ཡིན། ཞེས་གསུངས་འདུག་པས་ཀྱང་དཔོག་ནུས་སོ། ། དགུང་ལོ་བདུན་ཅུ་པ་རབ་བྱུང་བཅུ་པའི་ཤིང་ཡོས་ ༡༦༡༥ ལོར་དགའ་ལྡན་གྱི་ཁྲིར་ཕེབས། ཡོངས་འཛིན་གུང་རུ་ཆོས་ཀྱི་འབྱུང་གནས་ཀྱི་གསུང་རྒྱུན་ཕལ་ཆེར་ཡི་གེར་བཀོད་པས་དུས་ཕྱིས་འཇམ་བཞད་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་ཡིག་ཆ་གསར་རྩོམ་མ་མཛད་བར་དུ་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཡིག་ཆར་བྱས། ཡིག་ཆ་འདི་དག་ལ་འཇམ་བཞད་གོང་མས་ཀྱང་ཆེས་ཆེར་བསྔགས་པར་མཛད་སྣང་སྟེ། ཀུན་མཁྱེན་ཕར་ཕྱིན་མཐའ་དཔྱད་སྐབས་བརྒྱད་པར། ཁྱད་པར་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་བླ་མ་གོང་མ་ཀུན་གྱིས་རྣམ་བཤད་གཉིས་ཀ་བསྒྲིགས་ཤིང༌། དེ་བཞིན་དུ་དུས་ཕྱིས་ཀྱི་དགེ་བཤེས་སྟག་ལུང་བྲག་པ་དོམ་འབྲུག་བརྩོན་སོགས་ཀྱང་མཛད་འདུག་པ་བཞིན། ཁོ་བོས་དཀའ་གནད་འདི་དག་གཡས་འཇོག་བྱས་པ་མ་བཟོད་ནས་བྲིས་ཞེས་གསུངས་པས་སོ།། གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་སོགས་དགེ་ལྡན་པའི་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱང་ཆུབ་ལམ་རིམ་ཆེན་མོའི་འཆད་ཉན་རྒྱ་ཆེར་སྤེལ་བར་མ་ཟད། གང་ཞིག་འཆད་པ་དེ་དག་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་ནས་བཟུང་ཞལ་ནས་ཞལ་དུ་རྒྱུད་རྣམས་ཁ་རོག་ངག་དབང་རབ་བརྟན་གྱིས་མཆན་བུར་བཏབ་པ་སྟག་ལུང་གྲགས་པའི་མཆན་བུར་གྲགས་ཏེ། དེ་ཡང་ལམ་རིམ་མཆན་བཞི་སྦྲགས་ཀྱི་ནང་གི་ལམ་རིམ་ཆེན་མོའི་མཆན་བུ་༼བ༽་བརྟགས་ཅན་གང་ཡིན་འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་པོའི་ཁྲི་ཐོག་དྲུག་པ་བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་གསུང་མཆན་དང༌། ༼ང༽་རྟགས་ཅན་རྣམས་རྗེ་འཇམ་དབྱངས་སྟག་ལུང་གྲགས་པའི་གསུང་རྒྱུན་ཁྲི་ཐོག་སུམ་ཅུ་སོ་ལྔ་པ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་གྱི་གསུང་བཞིན་སྡེ་དྲུག་མཁན་ཆེན་ཁ་རོག་ཞལ་སྔ་ནས་ངག་དབང་རབ་བརྟན་གྱིས་འདེབས་པར་མཛད་པ་དང༌། མཆན་བུ་༼ཇ༽་རྟགས་ཅན་རྣམས་རྗེ་འཇམ་དབྱངས་བཞད་པས་མཛད་པ་དང༌། ཞི་ལྷག་གཉིས་ཀྱི་མཆན་བུ་ཡིག་རྟགས་མེད་པ་གང་ཡིན་མཁས་གྲུབ་ཆེན་པོ་པྲ་སྟི་དགེ་བའི་བཤེས་གཉེན་རིན་ཆེན་དོན་གྲུབ་ཀྱིས་མཛད་པ་བཅས་གཞུང་གི་དཀའ་གནད་ཐམས་ཅད་ལྷུག་པར་བཀྲོལ་བའི་མཆན་བུ་རྣམས་དང་ལྷན་ཅིག་ཏུ་སྦྱར་བ་ས་གསུམ་གྱི་སྒྲོན་མེ་གཅིག་པུ་བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོ་མཆན་བཞི་སྦྲགས་མ་ཅེས་གྲགས་པ་འདི་ཉིད་བྱུང་བ་ཡིན། བྱང་ཆུབ་ལམ་གྱི་རིམ་པའི་མཆན་བཞི་སྦྲགས་ཀྱི་བླ་བརྒྱུད་ཀྱང༌། རྗེ་འདི་བ་ནས་འཇམ་དབྱངས་བླ་མ་དཀོན་མཆོས་ཆོས་འཕེལ། གོང་ས་ལྔ་པ་ཆེན་པོ། བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། འགྲོ་བའི་འདྲེན་མཆོག་སངས་རྒྱས་ཆོས་འཕེལ། ཞོགས་དོན་ཡོད་མཁས་གྲུབ། ཕུར་ལྕོག་ངག་དབང་བྱམས་པ། མཁན་ཆེན་ཐོགས་མེད་རྒྱ་མཚོ། སྒྲུབ་ཁང་དགེ་ལེགས་བསྟན་པའི་རྒྱལ་མཚན། གྲུབ་པའི་དབང་ཕྱུག་ངག་དབང་ཆོས་འཛིན། ཡོངས་འཛིན་ཆེན་པོ་ཡེ་ཤེས་རྒྱ་མཚོ། ཡོངས་འཛིན་ཕུར་ལྕོག་བློ་བཟང་བྱམས་པ་རྒྱ་མཚོ། དགེ་འདུན་ལུང་རྟོགས་བསྟན་པའི་རྒྱ་མཚོ། སྟག་ཕུའི་ཡོངས་འཛིན་ལྷོ་སྤྲུལ་རིན་པོ་ཆེ་ངག་དབང་མཁྱེན་རབ་བསྟན་པའི་དབང་ཕྱུག་དཔལ་བཟང་པོ། སྟག་ཕུ་འཇམ་དཔལ་བསྟན་པའི་དངོས་གྲུབ། ཕ་བོང་ཁ་པ་བྱམས་པ་ཚུལ་ཁྲིམས་འཕྲིན་ལས་རྒྱ་མཚོ། ཁྲི་བྱང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ། སྐྱབས་མགོན་རྒྱལ་བ་བསྟན་འཛིན་རྒྱ་མཚོའི་བར་རིམ་པར་བརྒྱུད་སྣང་ངོ༌། དེས་མཚོན་ནས་སྔ་ཕྱིར་མདོ་སྔགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཞིང༌། རྗེ་བླ་མའི་བྱང་ཆུབ་ལམ་རིམ་ཆེ་ཆུང་སོགས་འཁྲིད་ལུང་རྒྱ་ཆེར་སྤེལ་བའི་བརྒྱུད་པ་ནི་གསན་ཡིག་གངྒཱའི་ཆུ་རྒྱུན་དུ་གསལ་བ་ལྟར་ཡིན་ལ། རྒྱལ་དབང་སྐུ་ཕྲེང་བཞི་པའི་ཡང་སྲིད་ངོས་འཛིན་ཀྱང་པཎ་ཆེན་བློ་བཟང་ཆོས་རྒྱན་དང་རྗེ་འདི་བ་གཉིས་མཉམ་སྦྲེལ་གྱིས་བྱས། སྲིད་ཕྱོགས་སྡེ་༨༥༠སྐྱིད་༣༣ནས་༣༤མཐར་དགུང་ལོ་དོན་གསུམ་པ་ས་རྟ་ ༡༦༡༨ ལོར་ཞི་བར་གཤེགས་པའི་སྐུ་གདུང་དངུལ་གྱི་བྱང་ཆུབ་མཆོད་རྟེན་བློས་བསླང་གི་གཡོན་ཕྱོགས་སུ་བཞུགས་ཤིང་དུས་མཆོད་ཀྱང་ཚུགས། གསུང་ལས་སྐྱེས་པའི་སློབ་མ་ཡང་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱུང༌།