དགའ་ལྡན་ཁྲི་ཐོག་རེ་ལྔ་པ་སྤོམ་འབོར་དགེ་འདུན་ཚུལ་ཁྲིམས

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་རེ་ལྔ་པ་སྤོམ་འབོར་དགེ་འདུན་ཚུལ་ཁྲིམས། རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་བྱི་༡༧༤༤ ལོར་རྒྱལ་ཐང་དུ་ཡབ་བསྐལ་བཟང་སྐྱབས་དང༌། ཡུམ་དོན་གྲུབ་དཔའ་འཛོམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་པར་ཡབ་ཡུམ་གཉིས་ཀྱི་གམ་ནས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སོགས་ལ་བྱང་ཆུབ་པར་མཛད། དགུང་ལོ་བཅུ་གསུམ་པར་རྒྱལ་ཐང་དགའ་ལྡན་སུམ་རྩེན་གླིང་གི་དགོན་དུ་ཞུགས་ནས་གཞིས་དགོན་དེའི་མཁན་ཆེན་བློ་བཟང་སྦྱིན་པའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་བསྒྲུབས། གཞིས་དགོན་དེའི་སྒྲུབ་གྲྭའི་འདོན་ཆོས་དང་གར་ཐིག་དབྱངས་གསུམ་བཅས་ལ་སྦྱངས་པར་མཛད། དགུང་ལོ་ཉེར་ལྔ་པར་དབུས་སུ་བྱོན་ཏེ་སེར་སྨད་ཐོས་བསམ་ནོར་གླིང་གི་སྤོམ་འབོར་ཁང་ཚན་དུ་ཞུགས་ནས་ཁུ་བོ་སྦྱིན་པ་ཆོས་བཟང་དང༌། ཞལ་སྔ་ནས་བསྐལ་བཟང་རྣམ་རྒྱལ་སོགས་ལ་བསྟེན་ནས་དཀའ་སྤྱོད་འབད་པ་དྲག་པོས་དབུ་མ། འདུལ་བ། ཕར་ཕྱིན། མངོན་པ་མཛོད། རྣམ་འགྲེལ་བཅས་གཞུང་ཆེན་ཁག་གི་རྩ་འགྲེལ་ལ་རྩོད་སྒྲུབ་རིགས་པའི་ལམ་ནས་ལེགས་པར་སྦྱངས་ཏེ་ཚོགས་ལངས་དང༌། གླིང་བསྲེ་དམ་བཅའ་བཞག། དགུང་ལོ་སོ་བཞི་པར་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ལས་བསྙེན་པར་རྫོགས་ཤིང་མདོ་སྔགས་ཀྱི་བཀའ་ཆོས་མང་དུ་གསན། དགུང་ལོ་བཞི་བཅུ་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཡོས་༡༧༨༣ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་རབ་འབྱམས་པའི་མཚན་བཏགས་བཞེས་པས་མཁས་པའི་མཚན་སྙན་འབར། ལོ་དེར་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ནས་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་བཅས་པ་ལ་བྱང་བར་མཛད་ཅིང་སྔགས་ཀྱི་དམ་བཅའ་ལེགས་པར་ཐོན། དགུང་ལོ་ཞེ་བརྒྱད་པར་རྒྱལ་མཆོག་དགེ་འདུན་རྒྱ་མཚོའི་གདན་ས་ཆོས་འཁོར་རྒྱལ་གྱི་མཁན་ཁྲིར་ཕེབས་ནས་འཆད་ཉན་རྒྱ་ཆེར་གནང༌། དགུང་ལོ་ཞེ་དགུ་པར་རྒྱུད་སྟོད་བླ་མ་དབུ་མཛད་ཀྱི་ཁྲི་དང༌། དགུང་ལོ་ལྔ་བཅུ་ཐམ་པར་རྒྱུད་པའི་མཁན་ཁྲིར་ཕེབས་སྔགས་ཀྱི་འཆད་ཉན་རྒྱ་ཆེར་མཛད། རྒྱུད་ཀྱི་མཁན་ཁྲི་ལས་ཟུར་ནས་མི་རིང་བར་ཤར་རྩེར་ཕེབས་ནས། མདོ་སྔགས་གསུང་རབ་དགོངས་འགྲེལ་དང་བཅས་པའི་འཆད་ཉན་ཀྱི་སྲོལ་རྒྱ་ཆེར་བསྐྱངས། དགུང་ལོ་ང་གཅིག་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་སྟག་༡༧༩༤ལོར་མན་ཆིང་གོང་མ་ཆིན་ལུང་གིས་གདན་དྲངས་པ་ལྟར་པེ་ཅིན་གཡུང་ཧོ་དགོན་པའི་མཁན་པོ་རུ་ཕེབས་དགོས་བྱུང༌། གོང་མས་ཏིའ་ཤིའའི་ཆོ་ལོ་དང་བཀའ་ཤོག་ཐམ་ཀ་བཅས་པ་ཕུལ་ནས་གཟིགས་པ་རྒྱ་ཆེར་གནང་བ་ལྟར་གོང་མ་ཡབ་ཡུམ་གཙོས་རྒྱའི་དད་ལྡན་མང་པོར་ཆོས་འཁོར་རྒྱ་ཆེར་བསྐོར། གཞན་ཡང་རྒྱའི་དགོན་སྡེ་དུ་མར་ཞབས་ཀྱིས་བཅགས་ནས་སྐྱ་སེར་མང་པོར་ཆོས་འབྲེལ་བཞག སླར་ཡང་ཆིང་གོང་མའི་འབུལ་བ་གཏོས་ཆེན་དང་སྟབས་གཅིག བོད་དུ་ཕྱིར་ཕེབས་ནས་དགུང་ལོ་ང་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱ་༡༨༠༡ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་བདུན་གྱི་རིང་ལ་གསེར་ཁྲི་བསྐྱངས་ཤིང༌། མདོ་སྔགས་ཆོས་ཀྱི་འཆད་མཉན་གོང་ནས་གོང་དུ་སྤེལ་བ་དང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པ་མཛད། རབ་བྱུང་བཅུ་བཞི་པའི་མེ་ཡོས་༡༨༠༧ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་དགུང་ལོ་རེ་བཞི་པ་དགོངས་པ་ཆོས་དབྱིངས་སུ་གཤེགས།