དགའ་ལྡན་ཁྲི་ཐོག་རེ་བརྒྱད་པ་འཕན་པོ་བློ་བཟང་དགེ་ལེགས་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་རེ་བརྒྱད་པ་འཕན་པོ་བློ་བཟང་དགེ་ལེགས་ནི། འཕན་པོ་ལྷ་རྒྱལ་ཁང་གི་ཉེ་འདབས་ཚོང་བདག་ཕྱུག་པོ་ཞེས་པའི་ཁྱིམ་དུ་ཡབ་བསོད་ནམས་ལྷུན་གྲུབ་དང༌། ཡུམ་བསོད་ནམས་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་མེ་གླང༡༧༥༧ལོར་སྐུ་འཁྲུངས། སྐུ་ན་ཆུངདུས་ནས་བྱིས་པ་གཞན་དང་མཛད་སྤྱོད་མི་མཉམ་པས་ཚ་བ་བླ་མ་ལོ་གསར་བའི་སྤྲུལ་པར་ངོས་འཛིན་བྱས། དགུང་ལོ་དགུ་པར་དབུས་སུ་ཕེབས་ཏེ་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ལྷ་ལྡན་དུ་ཕེབས་སྐབས་དབུ་སྐྲ་གཙུག་ཕུད་ཕུལ་བའི་མཚན་ལ་བློ་བཟང་དགེ་ལེགས་ཞེས་གནང༌། སྒྲུབ་ཁང་དགེ་ལེགས་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་ཞུས། སེར་སྨད་ཚ་བ་ཁང་ཚན་དུ་ཆོས་ཞུགས་གནང་སྟེ། ཚ་བ་དགེ་བཤེས་བྱམས་པ་ལེགས་ལྡན་སོགས་ལ་བསྟེན་ནས་ཡི་གེ་སྦྱོར་ཀློག་དང་ཆོས་སྤྱོད། བསྡུས་གྲྭ་ནས་བཟུང་རྣམ་འགྲེལ་དང༌། ཕར་ཕྱིན། དབུ་མ། འདུལ་མཛོད་བཅས་ལ་མཁས་པར་བསླབས། དགུང་ལོ་སོ་གསུམ་པ་ས་སྤྲེལ་༡༧༨༨ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས། ལོ་དེར་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས་རྒྱུད་སྨད་མཁན་པོ་མཐུ་སྟོབས་རྒྱ་མཚོ་སོགས་ལ་གཏུགས་ནས་རྒྱུད་སྡེ་རྒྱ་མཚོ་ལ་གསན་བསམ་མཐར་ཕྱིན་པར་མཛད། སྔགས་རམ་པའི་དམ་བཅའ་བཞག རྗེ་སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ་དང༌། ཀློང་བརྡོལ་བླ་མ་ངག་དབང་བློ་བཟང༌། བཀའ་ཆེན་ཡེ་ཤེས་རྒྱ་མཚོ། ཆབ་མདོ་ལྕགས་རྭ་སྤྲུལ་སྐུ་ངག་དབང་འཕྲིན་ལས་དཔལ་བཟང༌། བྱང་རྩེ་ཆོས་རྗེ་མཐུ་སྟོབས་རྒྱ་མཚོ། བྲག་རི་རྒྱ་མཚོ་མཐའ་ཡས། ཁྲི་ཆེན་ངག་དབང་ཚུལ་ཁྲིམས། བློ་གླིང་མཁན་ཆེན་མཚན་ཞབས་ཐོགས་མེད་རྒྱ་མཚོ་སོགས་དགེ་ལྡན་བསྟན་པའི་སྲོག་རྩ་འཛིན་པའི་སྐྱེས་ཆེན་གསེར་གྱི་རི་བོ་ལྟ་བུ་དུ་མ་སྔ་ཕྱི་རིམ་རྒྱུད་ཀྱིས་ཚུལ་བཞིན་བསྟེན་ནས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་གསན། དགུང་ལོ་ཞེ་དགུ་ཤིང་གླང་༡༨༠༥ལོར་རྒྱུད་པའི་བླ་མ་དབུ་མཛད་གནང༌། ལོ་དེར་རྒྱུད་པའི་མཁན་པོ་ ཞི་བར་གཤེགས་པས་གློ་བུར་དུ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཏེ་འཆད་ཉན་རྒྱ་ཆེར་སྤེལ་ཐོག །འཕན་པོ་སྒྲུབ་རྒྱའི་ཞོགས་ཆོས་ཐོག་གི་རྒྱུད་ཁང་ཉམས་གསོ་དང་དད་ལྡན་ཁག་ལ་ཆོས་བཀའ་རྒྱ་ཆེར་སྩལ་བཞིན་པར་མཁན་པོའི་ལོ་དུས་གཙང་མར་འཁྱོལ་བར་མཛད། དགུང་ལོ་ང་གཉིས་པ་རབ་བྱུང་བཅུ་བཞི་པའི་ས་འབྲུག་༡༨༠༨ལོར་རྒྱུད་ཀྱི་མཁན་ཁྲི་ལས་ཟུར་ནས་ཚེ་སྨོན་གླིང་ཧོ་ཐོག་ཐུ་སྐུ་ཕྲེང་གཉིས་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོའི་ཡོངས་འཛིན་དུ་གདན་དྲངས་པ་ལྟར་ཚེ་སྨོན་གླིང་དུ་ཕེབས་ཏེ་གཞུང་ཆེན་ཁག་གི་སློབ་འཁྲིད་རྒྱ་ཆེར་གནང༌། དགུང་ལོ་ང་ལྔ་པ་ལྕགས་ལུག་༡༨༡༡ལོར་བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས་ནས་ལོ་ངོ་བཞིའི་བར་བསྐྱངས། དགུང་ལོ་ང་བདུན་པ་ཆུ་བྱ་༡༨༡༣ལོའི་ཚོགས་མཆོད་སྐབས་ཚེ་སྨོན་གླིང་དུ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་འདི་ཉིད་ཀྱིས། བཙན་པོ་ནོ་མན་ཧན་དང༌། འཇམ་བཞེད་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོ། ཧོར་ཆོས་རྗེ་སྐུ་ཕྲེང་གསུམ་པ་བཅས་ལ་སྣར་ཐང་བརྒྱ་རྩ་དང༌། བ་རི་ལོ་ཙཱ་བའི་སྒྲུབ་ཐབས་བརྒྱ་རྩ། ཡར་ཀླུངས་ལོ་ཙཱ་བ་ནས་བརྒྱུད་པའི་སྒྲུབ་ཐབས་རྒྱ་མཚོ་རྣམས་ཀྱི་རྗེས་གནང་ཡོངས་རྫོགས་གནང་བས་མཚོན་སྔ་ཕྱིར་བཀའ་ལུང་མན་ངག་ཤིན་ཏུ་མང་པོ་གནང༌། དགུང་ལོ་ང་བརྒྱད་པ་ཤིང་ཁྱི་༡༨༡༤ལོར་ཁྲི་ཆེན་འཇམ་དབྱངས་སྨོན་ལམ་དགའ་ལྡན་ཁྲི་ལ་ཕེབས་ནས་ཟླ་བ་གསུམ་ལས་མ་བཞུགས་པར་ཞི་བར་གཤེགས་པའི་ཚབ་ཏུ་རྗེ་འདི་དགའ་ལྡན་གསར་ཁྲིར་ཕེབས་ནས་དགེ་ལྡན་བསྟན་པའི་རྒྱལ་མཚན་བཤད་སྒྲུབ་ལས་གསུམ་གྱིས་བླ་ནས་བླ་ན་འདེགས་བཞིན་ལོ་ངོ་གཉིས་ཙམ་སོང་བར། དགུང་ལོ་དྲུག་ཅུ་པ་རབ་བྱུང་བཅུ་བཞི་པའི་མེ་བྱི་༡༨༡༦ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། ཞི་བར་གཤེགས་ཁར་ཞལ་ཆེམས་སུ་ང་ཤི་བའི་རྗེས་གསེར་སྡོང་དངུལ་སྡོང་ཞེས་ངའི་རོ་ལ་མཛེས་ཆས་གང་ཡང་སྤྲོས་མི་དགོས། རྒྱུ་རྫས་གང་ཡོད་ཆོས་ཕྱོགས་སུ་ཐོངས། ཕུང་པོ་དགའ་ལྡན་དབང་བསྐུར་རིར་བྱ་གཏོང་གྱེས་ཞེས་ནན་ཏན་དུ་མངགས་པ་ས། ཞལ་ཆེམས་ལྟར་སྐུ་གདུང་དགའ་ལྡན་དུ་གདན་དྲངས་ནས་བྱ་གཏོར་ཞུས། སྐུ་རུས་ལ་ས་ཚཱ་བཏབ་ནས་ས་འབུམ་བཞེངས་པ་བྲན་ཕུའི་འཇོག་པོ་རི་ཁྲོད་ཀྱི་ཉེ་འདབས་སུ་ཡོད་པར་བཤད། གསུང་ལས་སྐྱེས་པའི་སློབ་མ་ཡང་དགའ་ལྡན་ཁྲི་ཐོག་དོན་གསུམ་པ་ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་དང༌། བཙན་པོ་ནོ་མན་ཧན་དང༌། འཇམ་བཞེད་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོ། ཧོར་ཆོས་རྗེ་སྐུ་ཕྲེང་གསུམ་པ་སོགས་སེར་འབྲས་དང་རྒྱུད་སྨད་ཀྱི་སྐྱེས་ཆེན་ཤིན་ཏུ་མང་པོ་བྱུང་སྣང༌། འདིའི་སྐུ་ཕྲེང་ཕྱི་མ་ནི་ཚ་སྤྲུལ་སྐུ་ཕྲེང་རིམ་བྱོན་རྣམས་ཡིན་ནོ། །ཁྲི་ཆེན་འདིའི་རྣམ་ཐར། ཚེ་སྨོན་གླིང་ཧོ་ཐོག་ཐུ་སྐུ་ཕྲེང་གཉིས་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་ཀྱིས་མཛད་པ་རྗེ་བཙུན་བླ་མ་དམ་པ་ཁྲི་ཆེན་རྡོ་རྗེ་འཆང་བློ་བཟང་དགེ་ལེགས་དཔལ་བཟང་པོའི་རྣམ་པར་ཐར་པ་དད་པའི་པདྨོ་འཛུམ་བྱེད་ངོ་མཚར་ཉིན་བྱེད་གསར་པའི་སྣང་བ། ཞེས་པ་དཔར་མ་ལ་ཤོག་གྲངས་ཉི་ཤུ་ཡོད་ཚུལ་དུང་དཀར་ཚིག་མཛོད་དུ་བཤད་ཀྱང་ཁོ་བོས་ད་ཕན་ཞལ་མཇལ་མ་བྱུང༌།