དགའ་ལྡན་ཁྲི་ཐོག་རེ་བཞི་པ་ཏྲེ་ཧོར་བློ་བཟང་བཀྲིས་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་རེ་བཞི་པ་ཏྲེ་ཧོར་བློ་བཟང་བཀྲིས་ནི། རབ་བྱུང་བཅུ་གཉིས་པའི་ས་ལུག་༡༧༣༩ལོར་མདོ་ཁམས་ཏྲེ་ཧོར་རོང་པ་ཚ་བྲག་མགོ་ཞེས་པའི་གྲོང་གསེབ་དུ་ཡབ་པདྨ་ཚེ་རིང་དང༌། ཡུམ་བུ་མོ་མཆོག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ལོ་རྒྱུས་ཤེས་མཁན་དང་མི་ཤེས་མཁན་ཅི་རིགས་ཀྱིས་བྲིས་པའི་ཁྲི་རབས་ལོ་རྒྱུས་རྣམས་སུ་རྗེ་འདི་ཉིད་ཁོང་དགུང་ལོ་བརྒྱད་པར་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཕྱག་བཏབ་པའི་ཧོར་ཁོག་དགོན་སྡེ་བཅུ་གསུམ་གྱི་ནང་ཚན་བཀྲིས་དར་རྒྱས་དགོན་དུ་ཞུགས་ཏེ་ཡི་གེའི་སྦྱོར་ཀློག་ནས་བཟུང་ཐུན་མོང་རིག་གནས་དང་འདོན་ཆོས་རྣམས་ལ་བྱང་པར་མཛད། དགུང་ལོ་ཉི་ཤུ་ཐམ་པར་དབུས་སུ་ཕེབས་ཏེ་སེ་ར་བྱེས་པ་གྲྭ་ཚང་ནང་ཚན་ཏྲེ་ཧོར་ཁང་ཚན་དུ་ཞུགས་ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རབས་བཅུ་དྲུག་པ་རྩེད་ཐང་བྱམས་པ་སྨོན་ལམ་སོགས་ལ་བསྟེན་ཏེ་བསྡུས་གཞུང་དང༌། འཇམ་དཔལ་དབྱངས་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆའི་སྟེང་ནས། དབུ་མ། ཕར་ཕྱིན། འདུལ་བ། མངོན་པར་མཛོད། ཚད་མ་རྣམ་འགྲེལ། ལེགས་བཤད་སྙིང་པོའི་བཤད་ལུང་བཅས་ལ་ཐོས་བསམ་རྨད་དུ་བྱུང་བར་མཛད། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ནང་ལྷ་རམས་པའི་མཚན་བཏགས་བཞེས། ཏྲེ་ཧོར་རབ་བྱམས་པ་བློ་བཟང་རྟེན་འབྲེལ་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས་ཤིང་ཆོས་འབྲེལ་དུ་མ་གསན། དགུང་ལོ་ཉེར་ལྔ་པར་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ལས་བསྙྙེན་པར་རྫོགས་ཤིང་ལམ་རིམ་ཆེན་མོ་དང༌། བདེ་ལམ། ལམ་རིམ་བསྡུས་དོན་གྱི་བཤད་ལུང་བཅས་དང༌། གསང་བདེ་འཇིགས་གསུམ་སོགས་ཀྱི་དབང་ཆེན་ཞུས། གཞན་ཡང་བྲག་རི་ངག་དབང་དོན་གྲུབ་དང༌། ཀློང་རྡོལ་བླ་མ་ངག་དབང་བློ་བཟང༌། ཁྲི་ཆེན་བློ་བཟང་སྙན་གྲགས་སོགས་ལ་བསྟེན་ནས་སྨད་རྒྱུད་ལུགས་ཀྱི་ཁྲིད་ཆེན་བརྒྱད། འགྲེལ་པ་བཞི་སྦྲགས། སྦས་དོན་ཀུན་གསལ། རིམ་ལྔ་གསལ་སྒྲོན། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། སྒྲུབ་ཐབས་རྒྱ་མཚོ། མགོན་ཆོས་བཅུ་གསུམ་སོགས་ཀྱི་དབང་ལུང་ཁྲིད་གསུམ་མཐའ་ཡས་པ་གསན། དགུང་ལོ་སོ་གསུམ་པར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་སྨད་མཁན་ཆེན་ངག་དབང་དཔལ་ལྡན་སོགས་ལ་བསྟེན་ནས་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་བྱང་བར་མཛད། དགུང་ལོ་སོ་བདུན་པར་རྒྱུད་པའི་བླ་མ་དབུ་མཛད་ཀྱི་ཁྲི་དང༌། དགུང་ལོ་ཞེ་བདུན་པར་རྒྱུད་པའི་མཁན་ཁྲིར་ཕེབས་ནས་རྒྱུད་པའི་འཆད་ཉན་སྐོར་དམ་པ་གོང་མའི་ཕྱག་སྲོལ་མ་ཉམས་པར་མཛད། དགུང་ལོ་ཞེ་དགུ་པར་བྱང་རྩེའི་ཁྲི་བཅས་ལ་རིམ་བཞིན་བཞུགས་ཏེ་སྐབས་དང་བསྟུན་ནས་འཆད་ཉན་གང་ལེགས་གནང༌། དེ་ནས་གོར་ཁའི་དམག་དཔུང་རྣམས་བོད་དུ་སླེབས་ཀྱང་སྦྱོར་ངན་རང་ལོག་ཏུ་སོང་བས་སྦ་ཡེར་འབུལ་བ་གོང་མ་ཆེན་པོའི་ཕོ་བྲང་དུ་ཕེབས་ཏེ་མཆོད་ཡོན་རྣམས་ཀྱི་འདོད་དོན་ཡོངས་སུ་འགྲུབ་པར་མཛད། པེ་ཅིན་གྱི་གཡུང་དགོན་དང༌། དར་མདོ་ལྔ་མཆོད་དགོན་པ། འབའ་ཆོས་སྡེ། ལི་ཐང་ཐུབ་ཆེན་བྱམས་པ་གླིང༌། རྫི་མཐོ་དགོན་སོགས་སུ་མདོ་སྔགས་ཀྱི་བཀའ་ཆོས་མཐའ་ཡས་པ་གསུངས། དགུང་ལོ་ལྔ་བཅུ་ང་དྲུག་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་སྟག་༡༧༩༤ལོར་དགའ་ལྡན་གྱི་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་བརྒྱད་ཀྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་འཆད་ཉན་སྤེལ་བ་དང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། ཡངས་པ་ཅན་གྱི་སྟེང་ཤོད་རྒྱ་ཕིབས་སོགས་ཀྱང་ཞིག་གསོས་ལེགས་པར་མཛད། དགུང་ལོ་རེ་གསུམ་པར་ལྕགས་བྱ་༡༨༠༡ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས། དེ་ཡང་སྔོན་གྱི་ལོ་རྒྱུས་ཡིག་རྙིང་ལས་ཏྲེ་ཧོར་ཞེས་པ་ལ་ཀྲེ་ཧོར་དང༌། ཀྲེ་བོ། ཏྲེ་བོ། སྤྲེ་ཧོར་ཞེས་འབྲི་ཚུལ་ཅི་རིགས་སྣང་ཡང་དོན་གྱིས་ས་ཆ་གཅིག་ལ་གོ་བ་ཡིན།