དགའ་ལྡན་ཁྲི་ཐོག་རེ་བདུན་པ་བཀའ་འགྱུར་བ་འཇམ་དབྱངས་སྨོན་ལམ་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་རེ་བདུན་པ་བཀའ་འགྱུར་བ་འཇམ་དབྱངས་སྨོན་ལམ་ནི། རབ་བྱུང་བཅུ་གསུམ་པའི་ལྕགས་རྟ་༡༧༥༠ལོར་མདོ་ཁམས་རྨི་ལི་ཆི་ཕུག་ཏུ་ཡབ་རྣམ་རྒྱལ་དང༌། ཡུམ་ཉི་མ་མིག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་གཞིས་དགོན་དགའ་ལྡན་དར་རྒྱས་གླིང་གི་ཆོས་གྲྭར་ཞུགས་ཏེ། འདུལ་བ་འཛིན་པ་སྐུལ་བཟང་རྣམ་རྒྱལ་ལས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་མནོས། ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ཆོ་ག་སོགས་ལ་མཁས་པར་སྦྱངས། དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་གི་སྤོམ་འབོར་ཁང་ཚན་དུ་སྒྲིག་ཞུགས་གནང༌། ཏྲེ་ཧོར་རབ་འབྱམས་པ་བློ་བཟང་དགེ་ལེགས་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་དུ་མའི་ཞབས་པད་རིང་དུ་བསྟེན་ནས། བསྡུས་གྲྭ་བློ་རྟགས་དང༌། དབུ་ཚད་ཕར་གསུམ་འདུལ་མཛོད་བཅས་གཞུང་ཆེན་པོད་ལྔ་ལ་གསན་བསམ་མཐར་སོན་མཛད་དེ། ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་གདན་ས་གསུམ་གྱི་གཙོས་པའི་མཁས་མང་ནམ་མཁའི་སྐུར་ཚོགས་ལྟ་བུའི་ཁྲོད་ནས་ལུང་རིགས་ཀྱི་དི༷ལ་འཁོར་ཡོངས་སུ་རྫོགས་པས་ལྷ་རམས་ཨང་དང་པོའི་མཚན་གནས་བཞེས། ལོ་དེར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ལ་ཞུགས་ནས་རྒྱུད་སྡེ་བཞིའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་རྒྱ་ཆེར་མཛད་པས་མདོ་སྔགས་གཉིས་ཀ་ལ་འགྲན་ཟླ་མེད་པའི་མཁས་པའི་ཡང་རྩེར་སོན། བཀའ་ཆེན་ཡེ་ཤེས་རྒྱལ་མཚན་དང༌། ཀློང་རྡོལ་བླ་མ་ངག་དབང་བློ་བཟང༌། ཆབ་མདོ་ལྕགས་ར་སྤྲུལ་སྐུ་ངག་དབང་འཕྲིན་ལས། དགའ་ལྡན་ཁྲི་ཆེན་ནོ་མོན་ཧན་སོགས་ལས་མདོ་སྔགས་ཀྱི་བཀའ་ལུང་མན་ངག་རྒྱ་ཆེར་མནོས་པས་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་གྱུར། སྟོད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་དང་མཁན་ཁྲིར་རིམ་པར་ཕེབས་ནས་རྒྱུད་ཀྱི་འཆད་ཉན་རྒྱ་ཆེར་སྤེལ་བཞིན་པའི་མུར། རབ་བྱུང་བཅུ་གསུམ་པའི་ཤིང་སྟག་༡༧༩༤ལོར། ཆིང་གོང་མ་ཆོན་ལུང་གིས་རེ་བ་ཞུས་པ་ལྟར། རྒྱལ་མཆོག་འཇམ་དཔལ་རྒྱལ་མཚོས་དམ་པ་འདི་ཉིད་དང༌། ཤག་སྐོར་བླ་མ་གཉིས་ཡོངས་གྲགས་ཀྱི་དགེ་བཤེས་ལྔ་ཙམ་སྤྱན་གཟིགས་ཀྱིས་མདོ་སྔགས་གནད་ལ་དྲི་གཏུགས་བཀའ་དྲིན་བསྐྱངས་པར། མཁྱེན་པ་ཡངས་ཤིང༌། འབྱུང་འགྱུར་གྱི་གནད་ལ་འཕྲད་ལམ་ཆེ་བར་དགོངས་ནས་རྒྱ་ནག་པེ་ཅིན་དུ་མངགས་བཏང་མཛད་དོན་བཞིན། ཡུལ་དེ་སི་ཧཱུའི་ཏཱ་བླ་མ་དང༌། ཡུང་དགོན་མཚན་ཉིད་གྲྭ་ཚང་གི་བླ་མ་མཛད། དེ་རྗེས་ཞེ་ཧོ་པོ་ཏཱ་ལའི་མཁན་ཁྲིར་ཕེབས་ནས། མདོ་སྔགས་ཀྱི་བཀའ་ཆོས་དུ་མ་དང་ལྷག་པར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་གི་ལྗགས་ལུང་གནང་བས་དེ་ནས་བཟུང་རྗེ་འདི་བར་བཀའ་འགྱུར་བ་ཞེས་པའི་མཚན་སྙན་བྱུང༌། ཆོན་ལུང་གཤེགས་རྗེས་རབ་བྱུང་བཅུ་གསུམ་པའི་མེ་འབྲུག་༡༧༩༦ལོར་དབུས་སུ་ཕྱིར་ཕེབས་ནས་རྒྱལ་པཎ་གཉིས་དང་གདན་ས་གསུམ་སོགས་ལ་མཆོད་འབུལ་རྒྱ་ཆེར་མཛད། དེ་ནས་ཤར་རྩེའི་ཁྲིར་ཕེབས་ཏེ་འཆད་ཉན་བསྐྱངས། སླར་ཡང་ཆིང་གོང་མ་ཀྱ་ཅེན་གྱིས་གདན་དྲངས་པ་ལྟར་རྒྱ་སོག་གི་ཡུལ་གྲུ་ཁག་དུ་མར་ཕེབས་ནས་མདོ་སྔགས་ཀྱི་བཀའ་ཆོས་རྒྱ་ཆེར་བསྩལ། ཆིང་གོང་མས་འབུལ་ཆེ་རྒྱ་ཆེར་བཏེགས་པ་རྣམས་དབུས་སུ་བསྣམས་ནས་མཆོད་འབུལ་རྒྱ་ཆེར་གནང༌། རབ་བྱུང་བཅུ་བཞི་པའི་ཤིང་ཁྱི་༡༨༡༤ལོར་ཝང་འགྱུར་མེད་རྣམ་རྒྱལ་གྱིས་ཚུལ་མིན་ངན་སྤྱོད་ལ་བརྟེན་ནས་ཁྲི་ཆེན་ནམ་མཁའ་བཟང་པོ་དགའ་ལྡན་གསེར་ཁྲི་ལས་ཕབ་པའི་ཚབ་ཏུ་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱབ་ཚབ་ཏུ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གསེར་ཁྲིར་ཕེབས་ཏེ་ཞྭ་སེར་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱ་ཆེར་སྤེལ་བཞིན་པའི་མུར་བར་ཆད་ལྟ་བུས་ཟླ་བ་གསུམ་གྱི་མཚམས་སུ་དགོངས་པ་ཞི་དབྱིངས་སུ་བསྟིམས་པའི་དངུལ་གདུང་བླ་མ་ལྷ་ཁང་དུ་འགྲོ་བའི་བསོད་ནམས་ཀྱི་རྟེན་དུ་བཞུགས། གསུང་ལས་སྐྱེས་པའི་སློབ་མ་རྒྱ་བོད་ཧོར་གསུམ་དུ་ནམ་མཁའི་སྐར་ཚོགས་དང་ས་གཞིའི་དྲེག་པ་ལྟ་བུ་མང་པོ་བྱུང་བའི་ཁྲོད་ནས་རྨི་ལི་སྤྲུལ་སྐུ་ངག་དབང་དཔལ་ལྡན་རྒྱ་མཚོ་སོགས། མདོ་སྔགས་རབ་འབྱམས་སྨྲ་བར་གདེངས་ཐོབ་པའི་མཁས་གྲུབ་སྐྱེས་ཆེན་དམ་པ་ཡང་ཤིན་ཏུ་མང་པོ་བྱུང༌། གསུང་རྩོམ་ཡང༌། བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་གི་ཁྲིད་ལུང་ཆེན་པོ་འཇམ་དབྱངས་བླ་མའི་དགོངས་རྒྱན། བྱང་ཆུབ་ལམ་རིམ་ཆུང་བའི་ཟིན་བྲིས་བློ་གསལ་རྒྱ་མཚོའི་འཇུག་ངོགས། དགེ་སློང་གི་བསླབ་བྱའི་སྡོམ་ཚིག་ཐུབ་བསྟན་གསལ་བྱེད། རྒྱུད་སྡེའི་བཅུད་ཕྱུང་ཟབ་གསལ་བཻཌཱུརྱའི་དབང་ཊིཀྐ་སྙན་བརྒྱུད་ཀྱི་ཙིསྒྲྣ༣་རྒྱ་ཅན་སོགས་འཆོས་སྐྱོབ་གཉིས་ལྡན་གྱི་ལེགས་བཤད་ཀྱང་དུ་མར་མཛད་པར་སྣང༌།།