དགའ་ལྡན་ཁྲི་ཐོག་རེ་གསུམ་པ་ཚ་རྡོར་བློ་བཟང་མཁས་མཆོག་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་རེ་གསུམ་པ་ཚ་རྡོར་བློ་བཟང་མཁས་མཆོག་ནི། རབ་བྱུང་བཅུ་གཉིས་པའི་མེ་ཕོ་འབྲུག་༡༧༣༦ལོར་འཕན་ཡུལ་དུ་ཡབ་བསམ་གྲུབ་ཚེ་རིང་དང༌། ཡུམ་ཨ་སོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་དགུང་ལོ་བཅུ་སྐོར་ལོན་དུས་ཆོས་བྲོས་ལ་ཕེབས་ཏེ་སེར་སྨད་ཐོས་བསམ་གླིང་གི་ནང་ཚན་ཅོ་ནེ་ཚ་རྡོར་ཁང་ཚན་དུ་ཆོས་སྒོར་ཞུགས་པས་ན་ཚ་རྡོར་བློ་བཟང་མཁས་མཆོག་ཏུ་གྲགས། དེ་ནས་ཚ་རྡོར་ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས་ལ་བསྟེན་ནས་ཡི་གེའི་སྦྱོར་ཀློག་དང༌། འདོན་ཆོས། རྒྱན་འཇུག་སོགས་རྩ་གཞུང་ཆེན་མོ་རྣམས་ཀྱང་མི་རིང་བར་བྱང་ཆུབ་པར་མཛད། སྤྱི་ཆོས་ཀྱི་སློབ་དཔོན་ངག་དབང་རབ་བརྟན་དང༌། གྲགས་པ་འཕྲིན་ལས། སྲད་རྒྱུད་མཁནཆེན་བློ་བཟང་རིན་ཆེན། སྦྱིན་པ་ཆོས་བཟང་སོགས་ལ་བསྟེན་ནས་བསྡུས་གཞུང༌། དབུ་མ། ཕར་ཕྱིན། འདུལ་བ། མངོན་པ་མཛོད། ཚད་མ་རྣམ་འགྲེལ་བཅས་ལ་ཐོས་བསམ་མཐར་ཕྱིན་པར་མཛད་ཅིང་ལྷ་ལྡན་སྨོན་ལམ་ཆོ་འཕྲུལ་ཆེན་མོའི་ནང་ལྷ་རམས་པའི་མཚན་བཏགས་བཞེས། གཞན་ཡང་སྒེར་ཆོས་ཀྱི་སློབ་དཔོན་བཀའ་གདམས་བསྟན་པའི་སྒྲོན་མེ་ཕུར་ལྕོག་ངག་དབང་བྱམས་པ་དང༌། རྒྱལ་མཁན་ཆེན་བསྐལ་བཟང་རབ་རྒྱས། འོན་རྒྱལ་སྲས་རིན་པོ་ཆེ། རྗེ་སྒྲུབ་ཁང་པ་འཇམ་དཔལ་དགེ་ལེགས་རྒྱ་མཚོ། ཆབ་མདོ་ལྕགས་ར་མཆོག་སྤྲུལ་རིན་པོ་ཆེ་རྣམས་ལ་བསྟེན་ནས་ཟབ་ཆོས་ཀྱི་དབང་ལུང་ཁྲིད་གསུམ་མཐའ་ཡས་པ་གསན། དེ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་ཤར་ཆེན་བློ་བཟང་རྟེན་འབྲེལ་སོགས་ལ་བསྟེན་ནས་གསང་སྔགས་རྒྱུད་སྡེ་བཞིའི་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་བྱང་ཆུབ་པར་མཛད་ཅིང་རྒྱུད་པའི་བླ་མ་དབུ་མཛད་དང༌། རྒྱུད་པའི་མཁན་ཁྲི། ཤར་རྩེའི་ཁྲི་ལ་ཕེབས་ནས་འཆད་ཉན་བསྐྱངས། དགུང་ལོ་ང་བདུན་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་བྱི་ལོ་༡༧༩༢ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ཀྱང་ཟླ་བ་དྲུག་ལས་མ་འགྱངས་པར་རབ་བྱུང་བཅུ་གསུམ་པའི་ཆུ་བྱི་༡༧༩༢ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས། སྐུ་གདུང་བྱང་ཆུབ་མཆོད་རྟེན་བཞེང། སྐབས་དེར་བྱང་རྩེ་ཆོས་རྗེ་རྒཡ་ནག་གོང་མའི་དྲུང་དུ་སྦ་ཡན་ལ་གཤེགས་ཟིན་སྟབས་དགའ་ལྡན་ཁྲི་ཟུར་བློ་བཟང་སྨོན་ལམ་སླར་ཡང་ཁྲི་ཚབ་ཏུ་ལོ་གཉིས་རིང་བཞུགས།