དགའ་ལྡན་ཁྲི་ཐོག་རེ་གཅིག་པ་ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས་དཔལ་བཟང་པོ་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་རེ་གཅིག་པ་ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས་དཔལ་བཟང་པོ་ནི། རབ་བྱུང་བཅུ་གཉིས་པའི་ལྕགས་གླང་༡༧༢༡ལོར་ཅོ་ནེའི་མངའ་ཁོངས་ཆ་ལག་དར་མོའི་རྟ་བོ་མདོ་གྲོང་སྡེ་རུ་ཆོས་ལ་དད་ཅིང་གཤིས་རྒྱུད་འཇམ་པ་བྱམས་བརྩེའི་གཤིས་སུ་གནས་པའི་ཡབ་ཆོས་སྐྱབས་དང་ཡུམ་མཚེས་ཆེན་ཞེས་པའི་སྲས་སུ་ངོ་མཚར་བའི་མཚན་མ་དང་བཅས་སྐུ་བལྟམས། དགུང་ལོ་བདུན་བཞེས་པའི་སྐབས་ཉེ་འདབས་ཀྱི་ཚ་རྡོར་དགོན་དུ་ཞུགས་ཏེ་འདོན་ཆ་བསླབས། དགོན་པའི་ཁྲི་པ་མཁན་པོར་མདུན་ནས་རབ་ཏུ་བྱུང༌། མཚན་ལ་ངག་དབང་ཚུལ་ཁྲིམས་ཞེས་གསོལ། དགུང་ལོ་བཅུ་དྲུག་གི་སྟེང་ཅོ་ནེ་དགོན་ཆེན་དུ་ཕེབས་ནས་མཚན་ཉིད་གྲྭ་ཚང་དུ་ཚོགས་ཞུགས་མཛད། མཚན་ཉིད་མཁན་པོ་རྗེ་བཙུན་གྲགས་པ་བཤད་སྒྲུབ་བླ་མར་བསྟེན་ནས་བསྡུས་གྲྭ་དང་ཚད་མ་རྣམ་འགྲེལ། ཚད་མ་རྣམ་ངེས། མངོན་རྟོགས་རྒྱན། ཕར་ཕྱིན་སོགས་གཞུང་མང་པོར་གསན་སྦྱངས་མཛད། དགུང་ལོ་ཉེར་གསུམ་པའི་དུས་སུ་ཁོང་གི་དགེ་རྒན་རྗེ་བཙུན་གྲགས་བཤད་སྒྲུབ་མཆོག་གི་བཀས་སྐུལ་དང་དུ་བླངས་ཏེ་བོད་ལྷ་ལྡན་དུ་ཕེབས། སྲུང་མ་ཐ་འོག་ཆོས་རྒྱལ་གྱིས་སྤྲུལ་བའི་ཚོང་དཔོན་རྟ་ནག་ཅན་ཞིག་གིས་བསྐུལ་ཏེ་སེར་སྨད་གྲྭ་ཚང་ཚ་རྡོར་ཁང་ཚན་དུ་ཞུགས་ནས་འཚོ་བ་ངན་ངོན་ཙམ་གྱི་ངང་དཀའ་སྤྱད་སྡུག་རུས་སྣ་ཚོགས་ཀྱིས་གཞུང་ཆེན་བཀའ་པོད་ལྔ་ལ་སོགས་པར་གསན་སྦྱོང་གཏིང་ཚུགས་པར་མཛད། དེ་ནས་བྱན་ཆུད་པས་འཆད་རྩོད་རྩོམ་གསུམ་སྤེལ་ནུས་པར་མ་ཟད། ཐོས་བསམ་གྱི་བར་གསེང་དུ་རྒྱལ་དབང་བསྐུལ་བཟང་རྒྱ་མཚོ། པཎ་ཆེན་དཔལ་ལྡན་ཡེ་ཤེས། ཕུར་ལྕོག་ངག་དབང་བྱམས་པ་ཁྲི་ཆེན་ངག་དབང་ཆོས་གྲགས་སོགས་སྐྱེས་ཆེན་དམ་པའི་སྤྱན་སྔ་ནས་མདོ་སྔགས་ཀྱི་དབང་ལུང་མན་ངག་ཚུལ་བཞིན་གསན་པ་དང༌། དགུང་ལོ་སོ་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ས་སྟག་༡༧༥༨ལོའི་ཟླ་བ་དང་པོ་ཚེས་བཅུ་གསུམ་ལ་ལྷ་ལྡན་གཙུག་ལག་ཁང་དུ་སྨོན་ལམ་ཆེན་མོར་དགེ་འདུན་ཉིས་ཁྲི་ཚོགས་པའི་དབུས་སུ་གྲྭ་སྐོར་གྱི་དམ་བཅའ་མཛད་པ་ལ་གཞུང་ཆེན་བཀའ་པོད་ལྔ་དང་བཅས་པ་གང་གི་ཐད་ལའང་ཞུམ་མེད་ཀྱི་ལན་ཐོགས་པ་མེད་པར་རབ་འབྱམས་སྨྲ་བའི་མཁས་དབང་ཀུན་གྱི་ཐུགས་མཉེས་པར་གྱུར་ཏེ་ལྷ་རམས་པའི་མཚན་གནས་བཞེས། ལོ་དེར་རྗེ་ངག་དབང་བྱམས་པའི་བཀས་བསྐུལ་ལྟར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཚོགས་འགྲིམས་མཛད་དེ་ཆོས་རྗེ་ངག་དབང་ཆོས་གྲགས་ཀྱི་ཞལ་སྔ་ནས་རྒྱུད་སྡེ་བཞི་དང་རྒྱུད་འགྲེལ་སོགས་གསན་སྦྱོང་དཔྱིས་ཕྱིན་པར་མཛད་དེ་མཐར་མདོ་སྔགས་ཟུང་ལ་མཁྱེན་པའི་བློ་སྟོབས་རྒྱས་པས་དྲན་དབང་ཀུན་གྱི་ཡང་རྩེར་སོན། དེ་ནས་རྒྱུད་སྟོད་པའི་བླ་མ་དབུ་མཛད་ཀྱི་ཁྲིར་མངའ་གསོལ་བ་དང་ལྕགས་སྤྲུལ་ལོར་དེའི་མཁན་པོ་མཛད། དགུང་ལོ་ཞེ་གཉིས་བཞེས་སྐབས་རྒྱལ་ཚབ་དེ་མོ་རིན་པོ་ཆེ་དང་ཨམ་བན་བོད་སྡོད་བློན་ཆེན་གཉིས་བཅས་ལ་ཆིན་ཆན་ལུང་གོང་མས་དགེ་ལྡན་ཁྲི་པ་ལྟ་བུའི་དགེ་བཤེས་ཞིག་པེ་ཅིན་དུ་འབྱོར་ནས་དགའ་ལྡན་བྱིན་ཆགས་གླིང་གི་བསྟན་པ་སྤེལ་བར་ཆེད་གཉེར་དགོས་པའི་བཀའ་ལུང་ལྟར་འབྱོར་བ་དང༌། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་བཅིལ་བ་བཞིན་ཤར་བ་ཆོས་རྗེའི་ཁྲིར་བཀོད་པའི་བཀའ་སྒྱུར་གནང་ཞིང་ཟླ་བ་ཁ་ཤས་ལ་ཁྲི་བཞུགས་མཛད། ལོ་དེའི་ཟླ་ལྔ་བའི་ནང་སྐུ་འཁོར་མི་ཉུང་བ་དང་བཅས་པེ་ཅིན་ལ་ཆིབས་སྒྱུར་མཛད། ཆུ་རྟ་ལོའི་ཟླ་དགུ་པའི་ཚེས་ལྔ་ལ་པེ་ཅིན་དུ་འབྱོར། དགའ་ལྡན་བྱིན་ཆགས་གླིང་གི་དགོན་པའི་ཁྲི་པ་ལོ་བཅུ་དྲུག་བཞུགས་པའི་རིང་སྟེ་ཁོང་དགུང་ལོ་ཞེ་དྲུག་ནས་ལམ་རིམ་སོགས་ཆོས་འཆད་ཉན་རྒྱ་ཆེར་གནང་སྟེ་མཛད་རྗེས་རླབས་ཆེ་བ་བྱུང་བས་གོང་མ་ཐུགས་དགྱེས་ནས་བསྟན་པའི་བཀའ་གསལ་བྱེད་ཆོས་ཀྱི་རྒྱལ་པོ་ཞེས་པའི་སོག་མན་བོད་རྒྱའི་སྐད་ཀྱི་ཐམ་ཀ་དང་འཇའ་ས་བསྩལ། དགུང་ལོ་ལྔ་བདུན་བ་མེ་བྱ་༡༧༧༧ལོའི་ཟླ་དང་པོའི་ཚེས་ཉེར་གཉིས་ལ་བོད་སྲིད་སྐྱོང་ཡོངས་འཛིན་དེ་མོ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ་སྐུ་ཞི་བར་གཤེགས། སྐབས་དེར་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་སྐུ་ན་ཕྲ་བས་རེ་ཞིག་སྲིད་སྐྱོང་མེད་སྟབས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་ནོ་མོན་ཧན་ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས་བོད་ཀྱི་སྲིད་སྐྱོང་གི་ཁུར་བཞེས་སྣོམས་ན་ལེགས་ལམ་ཆེ་ཚུལ་གོང་སའི་སྙན་དུ་འཁྱོལ་བར་ཞུས་པས། མེ་བྱ༡༧༧༧ལོའི་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ལ་སྔར་བོད་དུ་གཏོང་ངོས་བྱས་པའི་ཛ་སག་བླ་མ་མཚན་སྒྲོག་མཁན་ཆེན་ཕྱིར་འཐེན་ནས་ཚེ་སྨིན་གླིང་བ་ལ་དགའ་ལྡན་ཤྲིའ་ཐུ་ནོ་མིན་ཧན་ཞེས་པའི་མཚན་བསྩལ་ནས་བོད་སྲིད་སྐྱོང་གི་ལས་འགན་འཕྲོ་མཐུད་སྦྲེལ་བར་བྱ་བའི་བཀའ་ཕབ་པ་ལྟར་བློན་ཆེན་སྦྱར་སྤི་རྣམས་དང་བསྡེབས་ནས་བོད་དུ་ཆིབས་ཁ་བསྒྱུར། བྱིན་ཆགས་གླིང་གི་ཨེར་ཏི་ནི་ནོ་མིན་ཧན་ཞེས་པའི་ཆོ་ལོ་བསྩལ་པ་དང་ཟླ་བ་བཞི་བའི་ཚེས་བརྒྱད་ལ་བོད་དུ་ཕེབས་པར་རྩོམ་པ་ན་ཡང་ཆན་ལུང་གོང་མས་ཏཱ་ལའི་བླ་མར་རམ་དེས་བྱེད་པའི་དགའ་ལྡན་ཤྲིའ་ཐུ་ནོ་མིན་ཧན་ངག་དབང་ཆུལ་ཁྲིམས་ཀྱིས་སྲིད་སྐྱོང་མཛད་ཅིག ཅེས་པའི་རེ་བ་ཞུས་ནས་གོ་ས་དང་ཐམ་ཀ་གནང་ཞིང་བོད་དབུས་གཙང་ཕྱོགས་ཀྱི་ཞྭ་སེར་གྱི་བསྟན་པ་རྒྱ་ཆེར་སྤེལ་ཏེ་མངའ་འབངས་བཀའ་ཁྲིམས་ཀྱིས་བཅེས་སྐྱོང་མཛད་དགོས་པ་བསྟན། ལོ་དེའི་ཟླ་དགུ་བའི་ཚེས་གསུམ་ལ་སྲིད་སྐྱོང་རིན་པོ་ཆེ་འདི་ཉིད་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་ཆེ་བ་དང༌། དགའ་ལྡན་ཁྲི་ཟུར་བློ་བཟང་བསྟན་པ་ཡོངས་འཛིན་ཆུང་བ་མཛད་པར་དགའ་སྟོན་རྟེན་འབྲེལ་བགྱིད་སྐབས་མི་སེར་ཚོས། ཉི་མ་ཤར་ནས་ཤར་བྱུང༌། ། སྐུ་ཞབས་རྒྱ་ནས་ཕེབས་བྱུང༌། ། བོད་ཁམས་སྐྱོང་པའི་ནོར་བུ། ། གསེར་གྱི་ཁྲི་ལ་ཕེབས་ནས། ། དགེ་ལྡན་བསྟན་པ་དར་ཞིང༌། ། ཆབ་འབངས་བདེ་ལ་བཀོད་སོང༌། ། ཞེས་པའི་བསྟོད་བསྔགས་བརྗོད། དགུང་ལོ་ང་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ས་ཁྱི་༡༧༧༨ལོའི་བོད་ཟླ་ལྔ་བའི་ཚེས་བཅུ་གཉིས་ལ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ། སྔ་ལོ་མེ་བྱ་ལོར་རྒྱུད་སྟོད་ལྷ་ཁང་གསར་དུ་བཞེངས་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པར་གནང་བས་ལི་ཁང་ཀ་བ་སུམ་ཅུ་སོ་དྲུག་སྦུག་མགོན་ཁང་དང་མཛོད། མདོར་སྒོ་མཆོར་བཅས་དང་སྟེང་ཤོད་རུང་ཁང་རྡོ་གཅལ་ཆེན་མོ་ཆོས་གྲྭ་ལྡན་པ་ཕུབ་ཅིང་ཚོན་རྩི་དང་སྡེབས་རིས། གནམ་རྒྱན་མཆོད་རྫས་ལེགས་པར་གྲུབ་པ་ལ་རྒྱལ་དབང་ཐམས་ཅད་མཁྱེན་པ་སྤྱན་དྲངས་ནས་རབ་གནས་གནང༌། ལྷ་ཁང་མན་ལ་ལེགས་བཤད་ཀུན་སྒྲོག་གླིང་ཞེས་གསོལ། རྗེ་ཁོང་ཉིད་གསང་འདུས་བདག་འཇུག་གི་ཚོགས་མགོན་མཛད། དེའི་རྗེསགོང་མས་པཎ་ཆེན་སྐུ་ཕྲེང་དྲུག་པ་པེ་ཅིན་དུ་ཕེབས། དགོན་པ་དང་བོད་སྲིད་སྐྱོང་བཅས་ཀྱིས་དེའི་ཐད་སྟ་གོན་བྱ་དགོས་པའི་བཀའ་འབྱོར་པས་ན་རྗེ་འདི་བས་བཀའ་ཤག་དང་སྡེ་དཔོན་བཅས་པས་ཟླ་དྲུག་པའི་ཚེས་བཅུ་བདུན་ལ་ཡངས་པ་ཅན་དུ་ཕེབས་སྐྱེལ་ཞུ་ཆེད་རྒྱལ་དབང་མཆོག་དང་སྡེ་སྲིད། བོད་སྡོད་ཨམ་བན་དག་ལ་ཞལ་འཛོམས་ལྷན་སྡུད་མཛད་ཅིང་བཀྲ་ཤིས་མཐོང་སྨོན་ཞེས་པས་ཕེབས་སྐྱེལ་གྱི་མཛད་སྒོ་རྒྱ་ཆེན་པོ་ཚོགས། འོན་ཀྱང་སྟབས་མ་ལེགས་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་མཆོག་གློ་བུར་དུ་ལྕགས་བྱི་ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་གཉིས་ལ་པེ་ཅིན་ལྷ་ཁང་སེར་པོ་ནས་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་ཞིང༌། རྒྱ་ནག་ནས་བོད་དུ་བརྡ་འབྱོར་འཕྲལ། ཕྱི་ལོའི་གླངཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་ལ་པཎ་ཆེན་རིན་པོ་ཆེའི་སྐུ་གདུང་འབྲུ་ཆུའི་སྟོད་རྒྱུད་དུ་བསྐྱལ་བ་ལ་རྒྱལ་དབང་མཆོག་དང་སྲིད་སྐྱོང་ཁོང་ཉིད་ཀྱིས་བཀའ་ཤག་གི་བཀའ་བློན་ཐུབ་པ་གཙོས་ནས་གདུང་བསུ་སྐུ་ཚབ་ཏུ་མངགས་ནས་སྐུ་གདུང་གདན་འདྲེན་ཞུས། བོད་ཟླ་བརྒྱད་པའི་ཚེས་བརྒྱད་ལ་པཎ་ཆེན་རིན་པོ་ཆེའི་སྐུ་གདུང་གཙང་བཀྲ་ཤིས་ལྷུན་པོར་གདན་དྲངས་ནས་གདུང་རྟེན་དུ་བཞུགས་སུ་གསོལ་བ་དང་གོང་མས་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་སྲིད་སྐྱོང་དུ་མཛད་པ་དང༌། ཚེ་སྨོན་གླིང་བས་མུ་མཐུད་དུ་སྲིད་སྐྱོང་རོགས་འདེགས་མཛད་དགོས་པའི་བཀའ་སློབ་བསྩལ། ལྷ་ལྡན་གཙུག་ལག་ཁང་དུ་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ལ་རྗེ་འདི་བའི་དྲུང་ནས་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་དགེ་ཚུལ་གྱི་སྡོམ་པ་མནོས། ལྕགས་བྱི་ལོར་ཡང་སེར་སྨད་ཐོས་བསམ་ནོར་བུ་གླིང་དུ་འདུ་ཁང་གི་རྟེན་གཙོ་བོ་གསར་བཞེངས། ཇོ་བོ་བྱང་ཆུབ་ཆེན་པོ་ཆེ་ཁྲི་དྲུག་འགྱོགས་ཅན་བཟོ་བཀོད་ཕྲ་རྒྱན་ཅན་ལྟ་བས་མི་ངོམས་པ་གསར་དུ་བཞེངས་པ་དང༌། སྤྱན་རས་གཟིགས་ཀྱི་ལྷ་ཁང་གི་གཡས་སུ་གསེར་ཟངས་ལས་གྲུབ་པའི་འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱིས་སྐུ་བརསྙན་རྒྱལ་ཡོལ་བ་ཏྲ་མ་ཕྲ་རྒྱན་གྱིས་སྤྲས་པ། གཡོན་དུ་ཙན་དན་དམར་པོ་ལས་གྲུབ་པའི་ཇོ་བོ་ལོ་ཀི་ཤོ་རའི་སྣང་བརསྙན་ཁྲི་རྒྱབ་ཡོལ་ཅན་མི་ཚད་གཉིས་ཙམ། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། གདུགས་དཀར། ཕྱག་སྟོང་སྤྱན་སྟོང༌། གཞན་ཡང་རྗེ་ཙོང་ཁ་པ་དང༌། བྱམས་ཆེན་ཆོས་རྗེ། རྒྱལ་དབང་སྐུལ་བཟང་རྒྱ་མཚོ། པཎ་ཆེན་དཔལ་ལྡན་ཡེ་ཤེས། ཀུན་མཁྱེན་བྱང་ཆུབ་འབུམས་པ། རྗེ་བཙུན་ངག་དབང་བྱམས་པ། རྗེ་བཙུན་གྲགས་པ་བཤད་སྒྲུབ། ཁྲི་ཆེན་ཚེ་སྨོན་གླིང་བ་རང་ཉིད་ཀྱི་འདྲ་སྐུ་སོགས་གསར་དུ་བཞེངས་ཏེ་ལེགས་པར་གྲུབ། ཆུ་ཡོས་ལོར་སེ་ར་ཐེག་ཆེན་གླིང་གི་ཚ་རྡོར་ཁང་སེར་གྱི་ཤུལ་དུ་ཞབས་བརྟན་ལྷ་ཁང་དང་ཉེར་མཁོའི་གཟིམ་ཆུང་སོགས་གསར་སྐྲུན་མཛད་པ་ལ། རྒྱལ་དབང་མཆོག་གིས་ཐུབ་བསྟན་རིན་ཆེན་བཤད་སྒྲུབ་གླིང་ཞེས་པའི་མཆོག་བྱང་བསྩལ་ཅིང་རབ་གནས་མཛད། གོང་མས་ཀྱང་པཎ་ཡིགའབྲུ་བཞི་བ་བོད་སྐུད་དུ། བྱིན་རླབས་ཀྱི་འཁོར་ལོས་འཇིག་རྟེན་ཀུན་ལ་ཁྱབ་པར་བྱེད་དོ། །ཞེས་པ་དང་ལྷ་ཁང་གི་མཚན་ལ་སྐུད་རིགས་བཞི་སྦྱར་ཏེ་བོད་སྐུད་དུ་བཀྲ་ཤིས་བདེ་ལེགས་ལྷ་ཁང་ཞེས་བསྩལ། ཁང་སེར་གྱི་ཚབ་ཏུ་ད་ལྟའི་ཚ་རྡོར་སྤྱི་ཁང་ཚོམས་པ་གསར་དུབསྐྲུན། ཤིང་འབྲུག་ལོའི་བོད་ཟླ་བདུན་པའི་ཚེས་དགུར་གོང་ས་རྒྱལ་དབང་དང་ལྷན་རྒྱས་བཀྲ་ཤིས་ལྷུན་པོར་ཆིབས་ཁ་བསྒྱུར་ཅིང་ཟླ་དགུ་བའི་ཚེས་བཞི་ལ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཕྱི་དངུལ་གྱི་གདུང་རྟེན་ལ་རབ་གནས་དང༌། ཚེས་བཅུའི་ཉིན་པཎ་ཆེན་ལྔ་བ་རིན་པོ་ཆེའི་གཙུག་ཕུད་བཞེས་ཤིང་དགེ་བསྙྙེན་གྱི་བསླབ་སྡོམ་འབོགས་བཞེས་དང་མཚན་གསོལ་མཛད་དོ། ། དགུང་ལོ་རེ་ལྔ་བ་མེ་རྟ་ལོ་༡༧༨༦ལ་ཆན་ལུང་གོང་མས་གསེར་ཡིག་འབྱོར་ནས། ཁྱེད་ཉིད་པེ་ཅིན་ཐམ་ཀ་བླ་མར་བསྐོ་བཞག་བྱས་པ་ཡིན་པས་འཕྲལ་དུ་ཕེབས་ཤིག་ཅེས་བསྩལ་སྟབས། ཟླ་བཅུ་བའི་ཚེས་གཅིག་ལ་བྱང་ལམ་བརྒྱུད་དེ་པེ་ཅིན་གྱི་གོང་མའི་གཟིམ་ཆུང་དུ་གོང་མར་མཇལ། ཚེས་བརྒྱད་ལ་རྗེ་ཉིད་ཀྱི་དགའ་ལྡན་བྱིན་ཆགས་གླིང་དུ་བཞུགས་སུ་གསོལ། སྐབས་དེར་གོང་མ་ཐུག་དགྱེས་ཏེ་ས་མ་ཏི་པརྔཏ༣་ཁོང་ལྟ་བུ་དེང་སང་མི་འདུག་ཅེས་བསྔགས་བརྗོད་མཛད་དེ་གཟེངས་སུ་བསྟོད། ༡༧༨༨ལོའི་ཟླ་བརྒྱད་པར་གོ་ཁས་བོད་ལ་བཙན་འཛུལ་བྱས་ཏེ་སྐྱིད་གྲོང་དང་གཉའ་ནང༌། རྫོང་དགའ་བཅས་ས་ཆ་གསུམ་བཟུང༌། བཀའ་ཤག་གིས་གྲོས་མོལ་མངགས་པའི་བཀའ་བློན་བསྟན་འཛིན་དཔལ་འབྱོར་གྱིས་བོད་ཤོར་ས་ཆ་ཕྱིར་སྤྲོད་རྒྱུ་དང་བོད་ནས་ལོ་གསུམ་གྱི་ནང་ལོ་རེར་རྒྱ་དངུལ་རྟ་མིག་མ་སུམ་བརྒྱ་རེ་སྤྲོད་པ་ཁས་བླངས་པ་སོགས། དབུས་གཙང་ཁུལ་དུ་ཕམ་ཉེས་ཆེན་པོ་བྱུང་སྟབས་རིས་མེད་སྐྱ་སེར་ཡོངས་རྫོགས་ཀྱི་རེ་བ་ནན་ཞུས་ལྟར་གོང་མར་དགོངས་ཞུས་བཀའ་འཕྲོལ་བྱུང་བས། ལོ་དེའི་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ལ་ཕྱིར་ལོག་པའི་ཆིབས་བསྟར་མཛད། ཟླ་བཅུ་གཉིས་པའི་ཚེས་དགུ་ལ་བསུ་བ་གཟབ་རྒྱས་དང་བཅས་ལྷ་ལྡན་དུ་འབྱོར་ཏེ་ཕོ་བྲང་ཆེན་པོ་པོ་ཏ་ལར་ཞབས་སོར་འཁོད་ནས་སླར་ཡང་བོད་ལ་ཆོས་སྲིད་ཡོངས་རྫོགས་བདག་གིར་སྐྱོང་བར་མཛད། བཀའ་འགྱུར་སོག་སྐུད་དུ་བསྒྱུར་བ་སོགས་མཛད་རྗེས་ཤིན་ཏུ་ཆེ། དགུང་ལོ་དོན་གཅིག་བཞེས་སྐབས་བོད་རབ་བྱུང་བཅུ་གསུམ་པ་ལྕགས་ཕག་༡༧༩༡ལོའི་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་དེར་སྐུ་ཁམས་ཅུང་མི་བདེ་བའི་ཚུལ་གྱིས་ཉི་མ་ཕྱེད་ཡོལ་ཙམ་ལ་གློ་བུར་དུ་བླ་གོས་དང་གནམ་སྦྱར་བརྩེགས་ནས་མནབས་ཤིང་ཞལ་ནུབ་ཕྱོགས་སུ་གཟིགས་པ་དང༌། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་ཏེ་ཐུགས་སྤྲོ་བའི་ཉམས་ཀྱིས་སྐུ་མདུན་པ་རྣམས་ལ་ངེད་ཀྱི་བྱ་བ་མཐའ་དག་ཟིན་པ་ཡིན་གསུངས་མཐར་སྐུ་སྟོད་དང་དབུ་ཅུང་སྒུར་ཙམ་གྱིས་བཞུགས་བཞིན་རེ་ཞིག་དགོངས་པ་གཞན་དོན་དུ་གཤེགས་པའི་ཚུལ་བསྟན། ། རྒྱལ་དབང་འཇམ་དཔལ་རྒྱ་མཚོ་མཆོག་ཀྱང་ཐུགས་མྱ་ངན་གྱི་ཚུལ་དུ་བསྔོ་སྨོན་གསུང་པ་དང་གདན་ས་གསུམ་དང་བཅས་པར་མང་འགྱེད་རྒྱ་ཆེན་པོར་བཏང༌། པེ་ཅིན་དགའ་ལྡན་བྱིན་ཆགས་གླིང་སོགས་ནས་གོང་མའི་བཀའ་ལྟར་བསྔོ་སྨོན་གསུང་བའི་མཛད་སྒོ་སྤེལ་བ་བསམ་གྱིས་མི་ཁྱབ་པར་གྱུར། སྐུ་གདུང་ཧྲིལ་པོར་བཞུགས་པའི་དངུལ་གདུང་རིན་པོ་ཆེ་ནི་སྐྱེ་འགྲོ་རྣམས་ཀྱིས་བསོད་ནམས་ཀྱི་བགོ་སྐལ་དུ་ཐུབ་བསྟན་རིན་ཆེན་བཤད་སྒྲུབ་གླིང་གི་རྟེན་གཙོ་ལ་བཞུགས་སོ།།