དགའ་ལྡན་ཁྲི་ཐོག་ཞེ་བདུན་པ་ཡང་སྟེང་བློ་བཟང་ཆོས་འཕེལ་

ཡོང་ཁུངས་Wikipedia

  དགའ་ལྡན་ཁྲི་ཐོག་ཞེ་བདུན་པ་ཡང་སྟེང་བློ་བཟང་ཆོས་འཕེལ། རབ་བྱུང་བཅུ་གཅིག་པའི་ལོ་འགོ་ཙམ་དུ་མདོ་ཁམས་མདོ་པ་ཁུལ་གྱི་འདབས་ཡང་སྟེང་དགོན་དང་ཉེ་བར་ས་སྨད་རྒྱལ་པོའམ་དབང་ངེས་དཔོན་ཚང་དུ་གྲགས་པའི་རིགས་རུས་ཀྱི་རྒྱུད་དུ་སྐུ་བལྟམས། སྐུ་ན་ཆུང་དུས་ནས་སྔོན་གྱི་གོམས་པའི་དབང་གིས་དཔལ་མགོན་ཕྱག་དྲུག་པས་རྗེས་སུ་བཟུང་བའི་རྟགས་དང་མཚན་མ་གསལ་པོ་བྱུང༌། འདབས་ཡང་སྟེང་དགོན་གྱི་སྒྲིགས་སུ་ཞུགས་ནས་རབ་ཏུ་བྱུང་ན་ཡང་མདོ་སྔགས་ཀྱི་སློབ་གཉེར་ཆ་ཚང་ཞིག་མེད་སྟབས། ཐུགས་ལ་དབུས་གཙང་གི་གྲྭ་ས་ཆེན་པོར་སོང་ནས་མདོ་སྔགས་ཡོངས་རྫོགས་ལ་སྦྱངས་པ་མཐར་ཕྱིན་པ་ཞིག་བྱེད་རྒྱུ་བྱུང་ན་ཅི་མ་རུང་དགོངས་ནས་ཡོད་མུར། མགོན་པོ་ཕྱག་དྲུག་པའི་དམ་སྣང་འཁྲུལ་མེད་ཀྱིས་ལུང་གིས་སྐུལ་ཏེ་གཞིས་དགོན་དེ་ནས་དབུས་སུ་ཕེབས། ཐོག་མར་དགའ་ལྡན་གདན་ས་ཆེན་པོའི་ཤར་རྩེ་གྲྭ་ཚང་གི་སྒྲིགས་སུ་ཞུགས་ནས་ལོ་ཤས་སློབ་གཉེར་མཛད་ཅིང་བཞུགས་མུས་སུ་ཁ་ཕྱིར་བལྟས་ཀྱི་ཐོས་བསམ་སློབ་གཉེར་འདི་འདྲ་དགོས་པ་མི་འདུག་དགོངས་ཏེ་གྲྭ་སའི་སྒྲིགས་ནས་འཐེན་ཐོག་ཕ་ཡུལ་གྱི་དབེན་གནས་ཤིག་ལ་སྒྲུབ་པ་ཉམས་ལེན་ཞིག་བྱེད་དགོངས་ཏེ་དབུས་སྟོད་འབྲི་གུང་བར་དུ་ཕེབས་ནས་སྔོན་ཆད་སློབ་གཉེར་བྱས་པ་ལ་དགོས་པ་བྱུང་ཨེ་འདུག་དགོངས་ནས་ཐུགས་བསམ་བཞེས་པ་ན། རང་མཉམ་གཞན་དག་གི་སློབ་གཉེར་བྱེད་ཚུལ་དང་མི་འདྲ་བའི་གོ་རྟོགས་བཟང་པོ་བྱུང་ཡོད་པ་མཁྱེན་ནས་སླར་ཡང་སློབ་གཉེར་མུ་མཐུད་ནས་གནང་འདོད་ཀྱིས་ཕེབས་ཀྱང༌། སྐབས་འཕྲལ་དགའ་ལྡན་གྱི་སྒྲིགས་ཁོང་ནས་འཐེན་ཏེ་ཉིན་ཤས་ལས་མ་སོང་བར་བརྟེན་སེར་སྨད་གྲྭ་ཚང་དུ་ཞུགས་ཏེ་ཕར་ཕྱིན་གྱི་མཇུག་ནས་བཟུང་གཞུང་ཆེན་པོ་ལྔའི་སློབ་གཉེར་མཐར་ཕྱིན་པ་མཛད་དེ་དགེ་བཤེས་མཚན་བཏགས་ཀྱང་ཐོན། དེ་རྗེས་རྒྱུད་སྟོད་དུ་མཁན་ཆེན་དགེ་འདུན་གྲགས་པ་དང༌། མཁན་ཆེན་བློ་བཟང་དགེ་ལེགས་སོགས་བླ་མར་བསྟེན་ནས་གསང་སྔགས་ཀྱི་སྐོར་ལ། དབང༌། ཁྲིད། ལག་ལེན་བཤད་པ་སོགས་ཆ་ཚང་བར་གསན་ཅིང་བྱང་ཆུབ་པར་མཛད། ཞར་ལ་བླ་མ་བཟང་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན། རིང་པོར་མ་སོང་བར་གྲྭ་དམངས་ཀྱི་འདོད་མོས་བཞིན་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས། དེའི་རིང་འཇམ་དཔལ་རང་བཞིན་མའི་དབྱངས་བཀའ་རྒྱ་མ་དང༌། མགོན་ཆོས་གཉིས་ཀྱི་དབྱངས་གསར་པ་ཁག་བཞི་གསར་གཏོད་ཀྱི་དབྱངས་ཡིག་ཀྱང་མཛད། རབ་བྱུང་བཅུ་གཉིས་པའི་ལྕགས་ལུག་༡༦༩༡ལོར་རྒྱུད་སྟོད་མཁན་པོའི་ཁྲིར་ཕེབས་ཤིང༌། མི་རིང་བར་ཤར་པ་ཆོས་རྗེའི་ཁྲིར་ཕེབས་ཏེ་འཆད་ཉན་དང་གཏོང་སྒོ་སོགས་ཡར་རྒྱས་བཟང་འགྲན་ལྟ་བུར་མཛད་མུས་སུ་མངའ་རིས་མཐོ་ལྡིང་དགོན་གྱི་མཁན་པོར་ཕེབས། དེར་ལོ་ཤས་བཞུགས་རིང༌། ལམ་རིམ་བློ་སྦྱོང༌། དབང༌། ལུང༌། བཤད། ཁྲིད་སོགས་གང་ལ་གང་འཚམས་པའི་མདོ་སྔགས་ཀྱི་ཆོས་མང་དུ་གསུང༌། གསོད་ངེས་ཀྱི་མི་དང་དུད་འགྲོ་མང་པོའི་སྲོག་སྐྱོབ་པ་དང༌། དབུལ་ཕོངས་རྣམས་ལ་ན་ར་མ་དང་འཕར་མའི་སྦྱིན་གཏོང༌། ཡི་གེ་དང༌། རྩིས་དང༌། སྨན་སོགས་ཐ་སྙད་རིག་གནས་ཀྱི་སློབ་སྦྱོང་ལ་བསྐུལ་མ། སྡེ་འབངས་ཕན་ཚུན་མཐུན་སྒྲིལ་དང་ཕན་ཚུན་རོགས་རམ་དགོས་པའི་བཀའ་སློབ་སོགས་ཡང་ཡང་གནང་བས། མངའ་རིས་དང་ལ་དྭགས་ཁུལ་གྱི་དཔོན་འབངས་མང་པོས་གཞུང་དགའ་ལྡན་ཕོ་བྲང་ལ་ནན་ཏན་ཆེན་པོས། དམ་པ་འདི་ཉིད་སྐུ་ཚེའི་རིང་མངའ་རིས་ཁུལ་དུ་བཞུགས་འཇགས་ཡོང་བ་ཞུས་པར་བརྟེན། ཁྲི་ཆེན་བསམ་བློ་བ་སྦྱིན་པ་རྒྱ་མཚོ་ཁྲི་ལོ་གསུམ་ལས་མ་བཞུགས་པར་ཤིང་ཕག་༡༦༩༥ལོར་སྐུ་གཤེགས་པའི་རྗེས་སུ་དགའ་ལྡན་ཁྲི་ལ་ཕེབས་རེས་རྗེ་འདི་ཡིན་ཀྱང་ཁྲི་ལ་ཕེབས་མ་ཐུབ་པར་མངའ་རིས་སུ་ལོ་བཞི་བཞུགས་ནས་འགྲོ་དོན་རྒྱ་ཆེར་འཕེལ། དེའི་རིང་ཁྲི་ཆེན་ཚུལ་ཁྲིམས་དར་རྒྱས་ཀྱིས་དགའ་ལྡན་ཁྲི་ཚབ་མཛད་དགོས་བྱུང༌། དེ་ནས་རབ་བྱུང་བཅུ་གཉིས་པའི་ས་ཡོས་༡༦༩༩ལོར་གཞུང་དགའ་ལྡན་ཕོ་བྲང་ནས་དགའ་ལྡན་གསེར་ཁྲིར་འཕྲལ་དུ་ཕེབས་དགོས་པའི་བཀའ་བྱུང་བ་བཞིན་དབུས་སུ་ཕེབས་ནས། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང༌། པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས། སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཅས་ལ་མཇལ་འཕྲད་འབུལ་རྟེན་གྱ་ནོམ་པ་ཕུལ་ཞིང་དགའ་ལྡན་གྱི་ཁྲིར་ཕེབས་ཏེ་ལོ་གཅིག་ལྷག་ཙམ་བཞུགས་རིང་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱལ་བ་གཉིས་པའི་བསྟན་པ་བླ་ན་བཏེགས་ཏེ་རབ་བྱུང་དེ་གའི་ལྕགས་སྦྲུལ་༡༧༠༠ལོར་དགོངས་པ་མྱ་ངན་ལས་འདས། སྐུ་གདུང་ཞུགས་འབུལ་ཞུས་པའི་དངུལ་གདུང་ལྷ་བབས་མཆོད་རྟེན་ཞིག་བཞེངས་པ་ཡངས་པ་ཅན་གྱི་བླ་མ་ལྷ་ཁང་ནང་བཞུགས་ཡོད། དམ་པ་དེའི་རྣམ་ཐར་སེར་སྨད་མཁན་པོ་གྲགས་པ་མཁས་གྲུབ་ཀྱིས་མཛད་པ་དཔར་མ་ལ་གྲངས་བཅུ་བཞི་ཡོད། གསུང་རྩོམ་ཡང་པོད་གསུམ་བཞུགས།