དགའ་ལྡན་ཁྲི་ཐོག་ཞེ་དྲུག་པ་བཀའ་འགྱུར་པ་བསམ་བློ་སྦྱིན་པ་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་ཞེ་དྲུག་པ་བཀའ་འགྱུར་པ་བསམ་བློ་སྦྱིན་པ་ནི། རབ་བྱུང་བཅུ་གཅིག་པའི་ས་སྦྲུལ་༡༦༢༩ལོར་མདོ་སྨད་ཁྲི་ཀའི་ས་ཆར་བིས་མདོ་ཞེས་པའང་སྣང་ལ་མཁས་དབང་ཚེ་ཏན་ཞབས་དྲུང་བའི་བྱ་ཁྱུང་གདན་རབས་སུ་ངག་རྒྱུན་ལ་རྨ་ཆུའི་བྱང་རྒྱུད་ཤེས་བཞིན་དུ་འཁྲུངས་པར་གྲགས་པར་གསུངས། སྐུ་འཁྲུངས། མཚན་གཞན་ངག་དབང་དཔལ་བཟང་ཞེས་ཀྱང་ཞུ། སྐུ་ན་ཆུས་དུས་ནས་ལ་མོ་ཞབས་དྲུང་སྔ་མ་ལ་སྐྲ་ཕུད་ཕུལ་ཞིང༌། གྲྭ་ཚང་ཆོས་རྗེ་ལས་རབ་ཏུ་བྱུང༌། ཆོས་གྲྭར་ཞུགས་པས་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ཆོ་ག་བཅས་པ་ལེགས་པར་མཁྱེན་ཐོག་བསྡུས་གཞུང་དང་བློ་རྟགས་སོགས་ཀྱང་ཚེགས་མེད་དུ་མཁྱེན་པ་བྱུང༌། སྐབས་མི་གཅིག་ལ་མི་མ་ཡིན་པའི་གདོན་འདྲེ་ཞིག་ལྷ་རུ་རྫུས་ཏེ་མིའི་ཁོག་རློམ་པར་གྲྭ་པ་མང་པོས་ལུང་བསྟན་ཞུས་པས། ལུང་འདྲ་མིན་བསྟན་པ་དང༌། གྲྭ་པ་མང་པོ་ཞིག་གིས་མདུད་པ་ཡང་ཞུས། རྗེ་འདིས་འདྲེ་ལ་ལུང་ཞུ་བ་མི་རུང་ཞེས་གསུངས་པས་འདྲེ་དང་འཁོན་འགྲས་སུ་གྱུརཏེ་ངས་ཁྱོད་གསན་པོར་མི་བཞག་ཅེས་ཟེར་ཞིང་བསྡིགས། རྐྱེན་དེ་ལ་བརྟེན་ནས་འཇིགས་བྱེད་ཀྱི་དབང་ལུང་ཞུས་ཏེ་ཟླ་བ་དྲུག་ལ་མཚམས་དམ་པོར་བསྡོམས་ཏེ་བསྙེན་པ་བསགས་པས་གནོད་པ་མ་ནུས། སྔར་ལུང་ཞུ་བ་དང་སྲུང་མདུད་ལེན་མཁན་གྲྭ་པ་ཕལ་ཆེར་ཚད་རིམས་ཀྱིས་གྲོངས། སྐུ་ན་སོན་པ་དང་དབུས་སུ་ཕེབས་ནས་དཔལ་ལྡན་འབྲས་སྤུངས་བཀྲིས་སྒོ་མང་གི་ཆོས་གྲྭར་ཞུགས། དཔོན་སློབ་རྒ་རུ་དང་དཔོན་སློབ་ཧོར་རིན་པོ་ཆེ་ལ་དབུ་ཕར་འདུལ་མཛོད་བཞི་ཀ་གསན། ལྷ་ལྡན་དུ་སྨོན་ལམ་རབ་འབྱམས་པའི་གྲྭ་སྐོར་མཛད། དེ་ནས་རྒྱུད་ལ་ཕེབས་ཏེ་ལོ་ལྔའི་བར་དུ་འགྲེལ་པ་བཞི་སྦྲགས་དང༌། བསྐྱེད་རྫོགས་ཆེན་མོ་གཉིས། ཊིའཀ་ཆེན་ཊཱིཀ་ཆུང་གཉིས་སོགས་མདོར་ན་གསང་སྔགས་རྒྱུད་སྡེ་བཞི་ཀར་གསན་པས་མདོ་སྔགས་གཉིས་ཀ་ལ་མི་འཇིགས་པའི་གདིངས་ཐོབ། འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་ྋགོང་ས་རྒྱལ་དབང་ལྔ་པ་རིན་པོ་ཆེའི་དྲུང་ནས་ཟླ་བ་གཉིས་ཀྱི་རིང་བྱང་ཆུབ་ལམ་རིམ་ཆེན་པོའི་ཁྲིད་ལུང་རྒྱས་པར་གསན་པས་མཚོན། སྐྱེས་ཆེན་དམ་པ་དུ་མའི་ཞབས་པད་རིང་དུ་བསྟེན་ནས་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། གཞན་ཡང་རྗེ་ཡབ་སྲས་དང་རྒྱལ་པཎ་སྐུ་ཕྲེང་རིམ་བྱོན་སོགས་ཀྱི་བཀའ་འབུམ་དུ་མའི་ལུང་དང༌། བདེ་གསང་འཇིགས་གསུམ་གྱི་དབང༌། ཡི་དམ་དུ་མའི་སྒྲུབ་ཐབས་དང་རྗེས་གནང་སོགས་རྒྱ་ཆེར་ཞུས་ཏེ་དབང་ལུང་མན་ངག་གི་གཏེར་མཛད་དུ་གྱུར། དེ་ནས་འོལ་ཁར་ལམ་རིམ་དང༌། གསང་འཇིགས་ཀྱི་རིམ་གཉིས་ལ་སྦྱངས་པས་གཞུང་ལུགས་ནས་བཤད་པ་ལྟར་གྱི་ཐུགས་དམ་ལེགས་པར་འབྱོངས་པའི་རྟོགས་པའི་ཀློང་བརྡོལ། ྋགོང་ས་སྐྱབས་མགོན་ལྔ་པ་ཆེན་པོར་གསང་བའི་སྒོ་ནས་རྟོགས་པ་ཕུལ་པས། ཐུགས་ཤིན་ཏུ་མཉེས་ཏེ་ཞལ་ནས། བསམ་བློ་རབ་འབྱམས་པ་སྦྱིན་པ་ད་མ་གཡེང་ན་རྟོགས་པ་ཡ་མཚན་པ་སྐྱེ་བ་འདྲ་ཞེས་བསྔགས་པར་མཛད། དེ་ནས་དབུས་སུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་རྒཡུན་ཆད་ལ་ཉེ་བར་གཟིགས་ནས་ཐུགས་ཀྱིས་མ་བཟོད་པར་བཀའ་བསྟན་ཡོངས་སུ་རྫོགས་པའི་ལུང་རྒྱན་སྤེལ། རྗེ་ཡབ་སྲས་ཀྱི་གསུང་ཕལ་ཆེ་བ་དང༌། དགེ་འདུན་རྒྱ་མཚོའི་བཀའ་འབུམ། བློ་བཟང་དོན་གྲུབ་དང༌། སངས་རྒྱས་ཡེ་ཤེས་ཀྱི་བཀའ་འབུམ། པཎ་ཆེན་ཐམས་ཅད་མཁྱེན་པའི་བཀའ་འབུམ་སོགས་ཀྱི་ཆར་ཕབ། ལྷག་པར་ལམ་རིམ་ཆེན་པོ་མཆན་བཞི་སྦྲགས་སོགས་ཀྱི་ཁྲིད་རྒྱུན་དང་རྗེས་གནང་ཡང་དུ་མ་སྤེལ། ཞལ་ནས། ངས་དགེ་ལུགས་ཀྱི་ཁྲིད་དབང་ལུང་འདི་ནུབ་འགྲོ་བ་འདྲ་སྙམ་ནས་མ་བཟོད་པར་ལུང་རྒྱུན་སྤེལ་བ་ཡིན་གྱི། ད་རང་དོན་དང་འཆུག་འདུག །ཅེས་ཡང་ཡང་གསུངས་ཏེ། འདི་ཉིད་གལ་ཏེ་སྒྲུབ་པ་ཁོ་ན་ལ་བཞོལ་ན་སྐུ་ཚེ་དེ་ཉིད་ལ་ཟུང་འཇུག་འོད་ལུས་ཀྱི་གོ་འཕང་མངོན་དུ་བྱེད་རྒྱུ་ཡིན་ནའང་ཕྱི་རབས་ཀྱི་གདུལ་བྱ་ལ་ལུང་གི་བསྟན་པ་འདི་ཁོ་ན་གལ་ཆེ་བར་དགོངས་ནས་བཤད་པ་སྤེལ་བ་ཡིན་ནོ། དེ་དུས་ཁོང་མ་ཕེབས་བར་དུ་སེར་འབྲས་ནའང་ལམ་རིམ་གྱི་ལུང་དཔོན་སློབ་མེར་རྒན་གཅིག་པུ་ལས་མེད་ཅིང༌། སྔགས་ནི་གསུང་བར་མི་གནང༌། དེ་ནས་གྲོམ་མདའི་མཁན་པོ་གནང༌། དེ་ནས་མི་རིང་བར་རྒྱུད་སྨད་བླ་མ་གནང་ཞིང༌། གཏོར་ཆེན་གྱི་སྐབས་ཤིག་གཏོར་མ་ཞིག་པ་དང༌། ཆུ་མིག་ལུང་གི་སྦྱར་སྡོང་ཆེན་པོ་འགྱེལ་པར་ཀུན་གྱིས་རྟོག་བྱས་ཀྱང་རྗེ་འདིས་ངེད་ལ་སྐྱོན་མེད་གསུངས་པ་ལྟར་སྐྱོན་མ་བྱུང་ཞིང༌། དེ་ནི་རྗེ་ཉིད་ཀྱི་སྐུ་སྐྱེ་སྔ་མ་དེ་དཔལ་ལྡན་ས་སྐྱ་བདག་ཆེན་ཨ་མེས་ཀུན་དགའ་རྒྱལ་མཚན་གྱི་སྐྱེ་བ་བཞེངས་སྐབས་དགེ་ཕྱོགས་ལ་དྲག་ལས་ཐེངས་འགའ་གནང་མྱོང་བས་དམ་ཅན་ཆོས་རྒྱལ་གྱི་འཚུབ་བསླང་ཡིན་ཞེས་གསུངས། ཚངས་པའི་འཇིགས་བྱེད་དཔའ་ཅིག་ཀྱང་གསུང་པས་དེ་དག་གི་འཚུབ་ཡིན་པ་འདྲ། དེ་དུས་དྲག་ལས་འདྲ་མཛད་པས་ལན་ཞེས་ཡང་ཡང་གསུངས། དགུང་གྲངས་ལྔ་བཅུ་ང་གཉིས་པ་རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་༡༦༨༠ལོའི་ཧོར་ཟླ་ལྔ་པར་གངས་ཅན་གྱི་རིག་སྔགས་འཆང་བའི་གཙུག་རྒྱན་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཁྲིར་ཕེབས། མངའ་རིས་སུ་ནད་ཡམས་རིམ་འཁརུག་རྒྱུན་མར་བྱུང་བས་འདི་ཉིད་གདན་དྲང་པ་ལྟར་ཕེབས་ཏེ་ཞི་བའི་སྦྱི་བསྲེགས་མཛད་པས་ཡུལ་དེའི་ནད་རིམ་གནད་པ་དང་བཅས་པ་དམིགས་མེད་དུ་ཞི། རྒྱལ་བློན་ཀུན་གྱིས་ཞབས་སྤྱི་བོར་བླངས། དགུང་ལོ་རེ་བཞི་པ་རབ་བྱུང་བཅུ་གཉིས་པའི་ཆུ་སྤྲེལ་༡༦༩༢ལོར་སངས་རྒྱས་ཀྱིས་ལུང་བསྟན་པའི་སྒྲུབ་གནས། གངས་ཅན་གྱི་རྒྱལ་བ་གཉིས་པའི་བཞུགས་གདན ཛམ་བུ་སུ་ཝར྄ཎའི་མི་འཇིགས་གདོང་ལྔས་མངོན་པར་བཏེགས་པའི་ཁྲི་ལ་ཕེབས། ལོ་དེའི་སྨོམ་ལམ་ཚོགས་མཆོད་སྐབས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལས་རྨད་བྱུང་བསྐལ་སྔོན་མའི་ལུང་གསན། སྔ་ཕྱིར་དོན་གཉེར་ཅན་ཤིན་ཏུ་མང་པོ་ལ་རྗེའི་བཀའ་འབུམ་གྱི་ལུང་དང༌། རྗེས་གནང་སོགས་ཚད་མེད་པ་གནང་བ་སྟེ། ལོ་གསུམ་བར་དུ་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར། དགུང་ལོ་རེ་བདུན་པ་རབ་བྱུང་བཅུ་གཉིས་ཤིང་ཕག་༡༦༩༥ལོར་ཞི་བར་གཤེགས་པའི་ཚུལ་བསྟན། གསུང་ལས་སྐྱེས་པའི་སློབ་མ་རྡོ་རྗེ་འཛིན་པ་བློ་བཟང་ངག་དབང་དང༌། རྡོ་རྗེ་འཛིན་པ་བློ་བཟང་དཔལ་འབྱོར། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་ལ་སོགས་པའི་དགེ་བཤེས་སྐད་གྲགས་ཆེ་བའང་ཤིན་ཏུ་མང་ལ། བླ་མ་ཆོས་གསན་པ་ནི། ཕ་བོང་ཁ་པ་ཁྱབ་བདག་འཇམ་དབྱངས་གྲགས་པའི་ཞལ་སྔ་ནས་དང༌། སྐྱིད་ཤོད་ཞབས་དྲུང་ངག་དབང་བསྟན་འཛིན་འཕྲིན་ལས་ཆོས་དབང་གྲགས་པའི་སྡེའི་ཞལ་སྔ་ནས་དང༌། འཕྱོང་རྒྱས་མཁན་པོ་གནས་རྙིང་ཞབས་དྲུང་དང༌། ཇོ་གདན་མཁན་པོ་ཁྱབ་བདག་རྡོ་རྗེ་འཆང་གཟིམས་ཤག་ཆོས་རྗེ་རིན་པོ་ཆེ་དང༌། སྒོ་མང་དཔོན་སློབ་འཇམ་དབྱངས་བླ་མ་དོན་གྲུབ་རྒྱ་མཚོ་དང༌། ཨ་པ་ལིའི་དོན་རྒྱམ་པ་དང༌། རྒྱུད་སྨད་བླ་མ་དཔལ་འབྱོར་རྒྱ་མཚོ་དང༌། ཤངས་ཀྱི་བླ་མ་གཞུང་ལས་པ་དཀོན་མཆོག་རབ་བརྟན་དང༌། གཞན་ཡང་དེ་དུས་དཀའ་རབ་འབྱམས་ཆེ་བགྲེས་ལ་ཆོས་མ་གསན་པ་མེད་པས་སུ་ཞིག་གིས་བགྲང་ཐུབ། དེང་དུས་རྗེ་ཡབ་སྲས་ཀྱི་ལུང་རྒྱུན་གཙང་དབུས་ན་ཅུང་ཟད་ཡོད་པ་འདི་ཐམས་ཅད་ཕ་བོང་ཁ་པ་དང་མེར་རྒན་དང༌། བླ་མ་འདི་དང༌། གཟིམས་ཤག་མཁན་རིན་པོ་ཆེ་རྣམས་ཁོ་ནའི་ཐུགས་རྗེ་ཡིན་པར་བཤད། འདིའི་སྐུ་ཕྲེང་གཉིས་པ་བསམ་བློ་ཁྲི་སྤྲུལ་ངག་དབང་འཇམ་དཔལ་ཡེ་ཤེས་ཆོས་འཕེལ་ནི། རབ་བྱུང་བཅུ་དྲུག་པའི་མེ་ལུག་༡༩༦༢ ལོར་མདོ་ཁམས་ཆབ་མདོ་ཁུལ་དུ་ཡབ་འབའ་སྤྲུལལ་སྐུ་འཕྲིན་ལས་རྒྱ་མཚོདང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ན་ཆུང་དུས་ནས་ཡ་མཚན་པའི་རྟགས་མཚན་འདྲ་མིན་ཤིན་ཏུ་མང་པོ་བྱུང༌། དབུ་སུ་ཕེབས་ཏེ་རབ་བྱུང་དང་དགེ་ཚུལ་སྒྲུབ། པཎ་ཆེན་ཆོས་ཀྱི་རྒྱལ་མཚན་དང་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་གྱལ་འོན་རྒྱལ་སྲས་སྤྲུལ་སྐུ། དགེ་བཤེས་ལམ་རིམ་པ་སོགས་ལ་བསྟེན་ནས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་ཞུས། སྙན་ངག་དང་བརྡ་སྤྲོད། རྣམ་ཐར་དང་ལོ་རྒྱུས། སྨན་དང་དབྱངས་འཆར་ཀྱི་རྩིས། རྒྱ་ཡིག་དང་རྫས་སྦྱོར་སོགས་ལའང་གང་ཙམ་བསླབས། མངོན་ཤེས་ཐོགས་མེད་མངའ་བའི་མཚན་སྙན་རྒྱལ་ཁབ་ཕྱི་ནང་གང་སར་འབར། འོན་རྒྱལ་སྲས་རིན་པོ་ཆེས་ལྕང་སྐྱ་གོང་མའི་ཡང་སྲིད་ངོས་འཛིན་ཞུས། གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་བཞིན་༡༩༩༧ལོར་རྒྱ་གར་དུ་ཕེབས་ཏེ་རྒྱལ་དབང་ཐམས་ཅད་མཁྱེན་པར་མཇལ་བཅར་ཞུས། ྋགོང་ས་མཆོག་གིས་དགའ་ལྡན་ཁྲི་ཐོག་ཞེ་དྲུག་པ་བསམ་བློ་བློ་བཟང་སྦྱིན་པའི་ཡང་སྲིད་ཐག་གཅོད་གནང་ནས། ད་ལྟར་གདན་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་འགྲོ་དོན་རྒྱ་ཆེར་སྤེལ་བཞིན་འཚོ་ཞིང་བཞུགས་པ་འདི་ཉིད་དེ། རྒྱས་པ་ཤེས་འདོད་ན་སྒོ་མང་ཆོས་འབྱུང་ཆོས་དུང་གཡས་སུ་འཁྱིལ་བའི་སྒྲ་དབྱངས་ལ་གཟིགས་དགོས།