དགའ་ལྡན་ཁྲི་ཐོག་བརྒྱད་པ་ཆོས་རྗེ་རབ་འབྱམས་པ་སྨོན་ལམ་དཔལ་བ་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་བརྒྱད་པ་ཆོས་རྗེ་རབ་འབྱམས་པ་སྨོན་ལམ་དཔལ་བ། རབ་བྱུང་བདུན་པའི་ཤིང་རྟ་ ༡༤༡༤ ལོར། གཙང་གཡས་རུ་བྱང་གི་ཆར་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་རྩ་བའི་ཡོངས་འཛིན་དུ་བསྟེན་ནས་མདོ་ཕྱོགས་ཀྱི་གསུང་རབ་མཐའ་ཡས་པར་གསན་བསམ་རྒྱ་ཆེར་མཛད། རྗེ་ཤེས་རབ་སེང་གེ་ལས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་སོགས་རྒྱུད་སྡེ་རྒྱ་མཚོར་གསན་བསམ་རྒྱ་ཆེར་ཞུས། དབུས་སུ་ཕེབས་ནས་རྩེད་ཐང་དུ། པོ་ཏི་སུམ་ཅུ་སོ་དྲུག་གི་གྲྭ་སྐོར་མཛད། དཔལ་ལྡན་ས་སྐྱ་བའི་མཁས་པ་ཆེན་པོ་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་དང༌། འབྲས་སྤུངས་པའི་མཁས་པ་གཞུ་བསོད་པ་ཡང་རྩོད་པས་ཕམ་པར་མཛད་ཅེས་གྲགས། དབུས་གཙང་ཁུལ་དུ་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ཀའི་ཆ་ནས་འགྲན་ཟླ་མེད་པའི་སྙན་པ་ཆེས་ཆེར་འཕེལ། གསང་ཕུར་ཆོས་རྗེ་ཡོན་ཏན་རྒྱ་མཚོ་དང༌། འབྲས་སྤུངས་སུ་འཇམ་དབྱངས་ཆོས་རྗེ་གཉིས་ལ་གཞུང་ལུགས་དུ་མའི་ཆོས་འབྲེལ་གསན། སླར་ཡང་གཙང་དུ་ཕེབས་ཏེ། རིམ་པར་བཞིན་གཙང་པོའི་ལྷོའི་གྲྭ་ཚང་ཆེན་མོ་དང༌། དཔལ་གྱི་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོ། གསེར་ཁང་གོང་རྣམས་སུ་འཆད་ཉན་པར་ཕེབས་ཏེ། འཕགས་བོད་ཀྱི་གཞུང་ལུགས་བརྒྱ་ཕྲག་དུ་མ་རྗེ་ཡབ་སྲས་ཀྱི་བཞེད་སྲོལ་གཙང་མའི་སྟེང་ནས་འཆད་ཉན་རྒྱ་ཆེར་སྤེལ་བས་གཙང་གི་ཁུལ་དུ་འཕྲིན་ལས་ཉི་ཟླའི་འོད་སྣང་ལྟར་གསལ་བར་མཛད། སླར་ཡང་དབུས་སུ་ཕེབས་ནས། སེ་རའི་རྒྱ་གྲྭ་ཚང་དང༌། ཤར་ཀྱི་མཚན་ཉིད་ཁང༌། ཐང་སྐྱ་སོགས་སུ་གདན་དྲངས་པ་ལྟར་ཕེབས་ནས་གཞུང་ཆེན་དུ་མའི་འཆད་ཉན་རྒྱ་ཆེར་མཛད་བཞིན་པའི་མུར་ཤར་རྩེར་ཕེབས་ནས་ལུགས་གཉིས་ཀའི་སྒོ་ནས་མཉམ་མེད་དགེ་ལྡན་རིང་ལུགས་ཀྱི་བསྟན་པ་རིན་པོ་ཆེ་བླ་ན་སྤེལ། སླར་ཡང་གཙང་ཕྱོགས་སུ་ཕེབས་ཏེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་ཞབས་དྲུང་ནས་བཀའ་གདམས་གླེགས་བམ་ཆ་ལག་དང་བཅས་པ་གསན། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བཀའ་གདམས་གླེགས་བམ་གྱི་ལུང་རྒྱུན་སྤེལ་བ་དང༌། བཀའ་གདམས་པའི་བསྟན་པའི་ཁུར་ཆེན་པོ་བཞེས་དགོས་པའི་ཞལ་བཞེས་ཀྱང་དོན་གྱིས་མཛད། རྗེ་ཙོང་ཁ་པ་ཆེན་པོ་ཞི་བར་གཤེགས་ནས་བགྲང་བྱ་རེ་གཅིག་འཁོར་བའི་ས་ཕག་ ༡༤༧༩ ལོར་ཤར་རྩེ་དང་བྱང་རྩེ་བར་འཁྲུག་རྩོད་བྱུང་བ་རྗེ་འདིས་ཐུགས་སྨོན་དང་ཐབས་ཇུས་རྒྱ་ཆེར་གནང་ནས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་མཛད། དེའི་ཕྱི་ལོ་རབ་བྱུང་བརྒྱད་པའི་ལྕགས་བྱི་ ༡༤༨༠ ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་མི་འཇིགས་སེང་གེ་ཁྲི་ལ་ཞབས་སེན་འཁོར་ལོའི་རེ་ཁ་མངོན་པར་བཀོད་དེ། བཤད་སྒྲུབ་འཁོར་ལོ་གསུམ་གྱིས་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་བླ་ན་སྤེལ། 
དེའི་ཕྱི་ལོ་རབ་བྱུང་བརྒྱད་པའི་ལྕགས་གླང་ ༡༤༨༡ ལོར་ཆོས་རྗེ་རིན་ཆེན་བྱང་ཆུབ་པ་གདན་སའི་མཁན་ཁྲི་ལས་ཟུར་པའི་ཚབ་དུ་གདན་ས་འབྲས་སྤུངས་ཀྱི་ཁྲིར་ཕེབས་ཏེ་གདན་ས་དགའ་ལྡན་འབྲས་སྤུངས་གཉིས་ཀར་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་གསུངས། ལྕགས་གླང་ ༡༤༨༡ ལོར་རི་སྤུངས་ནོར་བུ་བཟང་པོའི་བུ་ཀུན་ཏུ་བཟང་པོ་དང༌། དོན་ཡོད་རྡོ་རྗེ་གཉིས་ཀྱིས་གཙང་དམག་ཁྲི་གཅིག་ལྷག་ཙམ་དྲངས་ནས་དབུས་ཕྱོགས་ཀྱི་སྣེའུ་རྫོང་དཔོན་ངག་དབང་བསོད་ནམས་ལྷུན་པོ་དང༌། ངག་དབང་བསོད་ནམས་རྣམ་རྒྱལ་ཡུལ་ལ་བྱོལ་དུ་འགྲོ་དགོས་པ་བཟོས། ཕག་གྲུ་སྡེ་སྲིད་ཀྱང་མིང་ཙམ་ལས་དབུས་གཙང་གཉིས་ཀྱི་བདག་དབང་ཕལ་ཆེ་བ་རི་སྤུངས་པའི་ལག་ཏུ་ལྷུང་ཞིང༌། གཙང་གི་རི་སྤུངས་དང་ཀཾ་ཚང་དབར་མཆོད་ཡོན་གྱི་འབྲེལ་བ་ཟབ་པ་དང༌། སྣེ་གདོང་དང་དབུས་ཀྱི་དགེ་སྡེ་པ་མཐུན་ལམ་ཟབ་པས་སྲིད་ཀྱི་ཁེ་དབང་ལ་འདོད་རྔམས་ཆེ་བའི་དབུས་གཙང་གི་སྡེ་པ་ཚོའི་ཇུས་ངན་འོག་བཀའ་དགེ་དབར་དྲི་ནག་འདྲེ་མཐོང་གིས་དོགས་ཟོན་བྱེད་པའང་བྱུང་སྣང་སྟེ། 
སུམ་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང་ཤོག་གྲངས་ ༡༠༥ ལས། ཀུན་བཟང་གི་བུ་རི་སྤུངས་སྡེ་པ་སྒར་པ་དོན་ཡོད་རྡོ་རྗེ་ནི་ཞྭ་དམར་ཆོས་གྲགས་རྒྱ་མཚོས་བསྐུལ་ཏེ་དབུས་སུ་ལྕགས་གླང་ནས་དམག་ཁྲི་ཙམ་དྲངས་ནས་དགེ་ལྡན་པའི་སྦྱིན་བདག་སྣེའུ་པ་རྫོང་པ་བཏོན་ནས་བོད་དབུས་བདག་ཏུ་བཟུང་ཡང་ཁྲི་སྨོན་ལམ་པས་གཏོར་ཆེན་གྱི་སྒོ་ནས་ལན་གཉིས་སུ་བཟློགས་པར་མཛད། ཞེས་བྲིས་འདུག་པ་ལས་དཔོག་ནུས་པས་སོ། ། 
 རབ་བྱུང་དེ་གའི་མེ་རྟ་ ༡༤༨༦ ལོར་འབྲས་སྤུངས་པའི་གདན་སའི་ཁྲི་རྗེ་དབོན་བློ་བཟང་ཉི་མ་ལ་བཏོད། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་སྐྱེ་བར་ཞལ་གྱིས་བཞེས། ལྷ་ས་ནས་སྡེ་བ་རི་སྤུངས་པས་དགའ་ལྡན་དུ་དམག་ཐེངས་གཉིས་དྲངས་པར་རྗེ་འདིས་མགོན་པོའི་གཏོར་ཆེན་རེ་རེ་འཕངས་པས། ཕ་རོལ་བའི་དམག་དཔུང་ལ་ནད་རིམས་ཀྱིས་འཆི་གད་ཅི་ཆེར་བྱུང་པས། དམག་རྣམས་ཕྱིར་འཐོན་བྱེད་དགོས་པ་བྱུང༌། མཐུ་སྟོབས་ནུས་པ་དང༌། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ། ལྟ་སྒོམ་སྤྱོད་གསུམ་གྱིས་བསྡུས་པའི་བྱིན་རླབས་དང་བསོད་ནམས་ཀྱི་དཔུང་བ་བརྟན་པོའི་མཐུས་དགེ་ལྡན་རིང་ལུགས་འཛིན་པའི་འདུས་སྡེ་ཀུན་དང་བསྟན་པའི་སྦྱིན་བདག་ཀུན་ཀྱང་དད་དང་འདུན་པའི་མོས་གུས་ཀྱིས་དཔལ་དང་འབྱོར་པའི་མཐུན་རྐྱེན་དཔེ་མེད་སྦྱོར་བ་ལས། གཞིས་ཀ་བྲག་དཀར་དུ་རྒྱལ་བ་བྱམས་པའི་ཕོ་བྲང་བཞེངས་པ་སོགས་རྣམ་པར་དཀར་བའི་འཕྲིན་ལས་རྒྱ་ཆེར་སྤེལ། ས་བྱ་ ༡༤༨༩ ལོར་རྒྱལ་དབང་ཀརྨ་པ་ཆེན་པོ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོ་རྒྱ་ནག་ནས་ཕྱིར་ལྷ་ལྡན་དུ་ཕེབས་སྐབས་ཁྲི་ཆེན་འདི་ཉིད་དང་འཇམ་དབྱངས་ལེགས་པ་ཆོས་འབྱོར་སོགས་ཀྱིས་གཙོས་པའི་སེར་འབྲས་དགེ་གསུམ་དང༌། བདེ་སྐྱོ་ཟུལ་གསུམ་སོགས་དགེ་ལྡན་པའི་དགེ་སློང་ཁྲི་ཕྲག་དུ་མའི་སེར་སྦྲེང་གིས་ཕེབས་བསུ་ཞུས་པ་སོགས་ཞྭ་དམར་སེར་གྱི་ཕྱོགས་འཛིན་མེད་པར་རེས་མེད་ཀྱི་རྣམ་ཐར་གཙང་མ་བདག་གིར་བསྐྱངས། སྔ་ཕྱི་མི་ལོ་བཅུ་རིང་ཁྲི་པ་མཛད། དགུང་ལོ་དོན་བདུན་པ་རབ་བྱུང་བརྒྱད་པའི་ལྕགས་ཁྱི་ ༡༤༩༠ ལོར་ཁྲི་ལས་ཟུར་ནས་རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་མཐོན་པོ་སྒྲེངས་བཞིན་པའི་མུར། དགུང་གྲངས་དོན་བརྒྱད་པ་རབ་བྱུང་བརྒྱད་པའི་ལྕགས་ཕག་ ༡༤༩༡ ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན་པོ་ཏ་ལར་དགོངས་པ་དག་ཞིང་དུ་གཤེགས། སྐུ་གདུང་ཞུགས་འབུལ་སྐབས་རྟེན་ངོ་མཚན་ཅན་དུ་མ་བྱུང་བ་རྣམས་བཞུགས་པའི་གདུང་རྟེན་དངུལ་གྱི་རྣམ་རྒྱལ་མཆོད་རྟེན་དད་ལྡན་བསོད་ནམས་གསོག་པའི་ཞིང་ས་དམ་པར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བ་སོ་ཆོས་རྒྱན་པའི་དངུལ་གདུང་གི་གཡས་ངོས་སུ་བཞུགས། 
འདིའི་སྐུ་བརྙན་ཞིག་དགའ་ཤར་རྒྱུགས་སྤྲོད་ཁང་དུ་ཡོད་པར་ཆབ་རིལ་གྱིས་ཕྱག་འཚལ་ནས་ཡར་འཇུ་སྨོན་ལམ་འཚོགས་རྒྱུར་གནངས་བརྡ་ཕུལ་དགོས་ཤིང༌། དེ་སྔོན་ཆབ་རིལ་ཞིག་གིས་གནངས་བརྡ་ཕུལ་རྒྱུ་བརྗེད་པས་ལྗིད་ཆེ་བ་བྱུང་ནས་གདན་འདྲེན་ཞུ་དཀའ་བ་བྱུང་ཚུལ་སྐྱབས་རྗེ་འཛེ་སྨད་རིན་པོ་ཆེའི་དགའ་ལྡན་དང་འབྲེལ་བའི་ངག་སྒྲོས་ལོ་རྒྱུས་ཐོར་བུ་འགའ་ཤས་བཀོད་པའི་ནང་དུ་གསལ། རྗེ་འདི་ཉིད་ཀྱིས་རྗེ་ཙོང་ཁ་པའི་ཞབས་མ་ཟིན་ཀྱང་རྨི་ལམ་དུ་ཞལ་གཟིགས་ནས། ཆོས་འབྲེལ་ཡང་ཡང་བྱུང་བས་རྗེའི་དངོས་སློབ་ཏུ་བགྲང༌། གསུང་གི་ལེགས་བཤད་ཀྱང་རྣམ་འགྲེལ་ཊིཀ་ཆེན་མཛད་དེ་ད་ལྟའི་བར་འཕྲིན་ལས་འཕེལ་ཞིང་ཉེ་སྔོན་བྱེས་གྲྭ་བཀྲ་ཤིས་ལྷུན་པོས་པར་སྐྲུན་བྱས་ཏེ་འགྲོ་དོན་བསྐྱར་མ་འཕེལ། གསུང་ལས་སྐྱེས་པའི་སློབ་མ་ཡང་ཆོས་རྗེ་འདར་སྟོན་བློ་བཟང་གྲགས་པ། ཆོས་རྗེ་བ། དཀའ་བཅུ་བ་བློ་གྲོས་འཇམ་དཔལ། ལས་ཆེན་དཔལ་པ་སོགས་དགེ་ལྡན་བསྟན་པའི་རྒྱལ་མཚན་འཛིན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ཤིན་ཏུ་མང་པོ་བྱོན། རྒྱལ་ཚབ་རྗེ་ནས་འདིའི་བར་འཇམ་དབྱངས་གཙང་པ་བདུན་རྒྱུད་ཞེས་གྲགས། བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་དུ་རྗེ་འདི་ཉིད་འབྲས་སྤུངས་གདན་རབས་བརྒྱད་པར་འཁོད་འདུག་པ་ནི་ཡི་གེ་བས་གོ་རིམ་ནོར་བ་ཙམ་ལས་དོན་དུ་གདན་རབས་བཞི་པ་ཡིན་ཏེ་རྗེ་འདི་ཉིད་གདན་སའི་ཁྲིར་ཕེབས་ལོ་བཀའ་གདམས་ཆོས་འབྱུང་དུ་རབ་བྱུང་བརྒྱད་པའི་ལྕགས་གླང་ ༡༤༨༡ ལོ་ཡིན་པ་གསལ་པོར་འཁོད་འདུག་པས་སོ། ། 
 རྗེ་དཔོན་བློ་བཟང་ཉི་མ་དང༌། རོང་སྟོན་བློ་བཟང་གྲགས་པ་སོགས་རྗེ་འདིའི་རྗེས་སུ་གདན་སར་ཕེབས་པ་ཤིན་ཏུ་གསལ་ཏེ་ཐུགས་ཡིད་མ་ཆེས་ན་བོད་རྒྱའི་ཚིག་མཛོད་ཀྱི་ལོ་ཚིགས་རེའུ་མིག་དང༌། བོད་ཀྱི་ལོ་རྒྱུས་གལ་ཆེན་ཁག་གི་ལོ་ཚིགས་རེའུ་མིག ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་ཀུན་བཏུས་སོགས་ལ་ཞིབ་ཏུ་གཟིགས་ནས་ལོ་འཁོར་བགྲང་ན་ཤེས་ཐུབ་པས་འདིར་གསལ་བཤད་རྒྱས་པོ་ཞུ་དགོས་པ་མི་འདུག་གོ བཻཌཱུརྱ་སེར་པོ་དང༌། ཐུའུ་བཀྭན་གྲུབ་མཐའ་སོགས་དང་དེ་དག་དཔེ་བཤུས་བྱེད་མཁན་ཕྱིས་ཀྱི་ཆོས་འབྱུང་ཕལ་ཆེ་བའི་ནང་ཞིབ་འཇུག་ཅུང་ཟད་ཙམ་ཡང་མ་བྱས་པར་བཀའ་གདམས་ཆོས་འབྱུང་ལས་བྱུང་བའི་གོ་རིམ་སོར་བཞག་བྱས་པར་མ་གཏོགས། ཆོས་འབྱུང་དེའི་ལོ་ཚིགས་གསལ་པོར་བཀོད་པར་སྤྱན་ཟུར་ཙམ་ཡང་གཡོ་མི་འདུག་པ་ནི་མཛད་པ་པོ་དེ་དག་བསྟན་འགྲོ་གཉིས་ཀའི་ཁུར་དང་ཐུགས་བྲེལ་ཧ་ཅང་རྒྱ་ཆེ་བས་ཐུགས་ཁག་མེད་མོད། ཁོ་བོ་ལྟ་བུ་གྲྭ་ཆུང་ཉམ་ཆུང་ཞིག་ལ་ཐུགས་བྲེལ་དེ་འདྲ་མེད་སྟབས་ཞིབ་ཏུ་དཔྱད་པའི་ལུགས་སུ་བྱས་ཏེ་འབྲས་སྤུངས་གདན་རབས་ཀྱི་གོ་རིམས་འདི་བཞིན་བཅོས་པར་གཟུར་བོར་གནས་པའི་དཔྱད་ལྡན་ཚོས་དགའ་བར་བྱོས་ཤིག།