དགའ་ལྡན་ཁྲི་ཐོག་བདུན་ཅུ་པ་སྟག་བྲག་ངག་དབང་ཆོས་འཕེལ།

ཡོང་ཁུངས་Wikipedia

བེ་རི་འཇིགས་མེད་ཀྱིས་གསར་བསྒྲིགས་བྱས།


དགའ་ལྡན་ཁྲི་ཐོག་བདུན་ཅུ་པ་སྟག་བྲག་ངག་དབང་ཆོས་འཕེལ། དགའ་ལྡན་ཁྲི་ཐོག་བདུན་ཅུ་པ་སྟག་བྲག་ངག་དབང་ཆོས་འཕེལ་ནི། སྟག་བྲག་སྐུ་ཕྲེང་དང་པོ་དེ་ཡིན། མཚན་གྱི་རྣམ་གྲངས་ལ། བཀའ་འགྱུར་བ་ངག་དབང་ཆོས་འཕེལ། སྟག་བྲག་པཎྜི་ཏ་ངག་དབང་ཆོས་འཕེལ་ཡང་ཞུ། ལྷ་སའི་བྱང་རྒྱུད་འདམ་ཁུལ་གྱ་པའམ། མར་རྐྱང་ཞེས་བྱ་བའི་སའི་ཆ། ཕ་བོང་དཀར་རིལ་ཞེས་པ་དེར། ཕ་ཨ་ར་ཨུ་རྒྱན་སྲི་ཐར་ཞེས་བྱ་བ་དང་། མ་ཐང་བཟའ་ཚེ་རིང་ལྷ་མོ་གཉིས་ལ་བུ་ཕྲུག་མིང་སྲིང་བཞི་ལས་གཉིས་པ་དེ་ཡིན། རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་(༡༧༦༠)ལོ་ཧོར་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཀྱི་ཐོ་རངས་སུ་འཁྲུངས། འཁྲུངས་གཞིས་ཤིན་ཏུ་སྐྱོ་བས་མས་བུ་ཆུང་ཁྱེར་ནས་ཉེ་དུ་ཕྱུག་པོ་འགའི་ནང་དུ་ཐག་འཐག་པ་དང་། དཀར་ལས་སོགས་བྱས་ཏེ་གླ་རྔན་གང་བྱུང་རྣམས་ནང་དུ་བསྐྱལ། ། ཕས་ཀྱང་བར་སེང་གང་བྱུང་ལ་གཞན་གྱི་བཟོ་ཚེམ་དང་པགས་པ་མཉེ་བ་སོགས་བྱས་ཏེ་སྦྲ་ཚུགས་ཟིན་ཙམ་བྱུང་། དགུང་ལོ་གཅིག་གཉིས་སྐབས་ནས་རྨི་ལམ་དང་ཉམས་སྣང་འདྲེས་པའི་དམ་སྣང་སྣ་ཚོགས་བྱུང་། དགུང་ལོ་ལྔ་ཙམ་ནས་འབྱོར་ལྡན་ཁྱིམ་བདག་གཞན་གྱི་རེའུ་དང་ལུ་གུ་འཚོ་བར་ཕེབས། ཆུང་དུས་སུ་སྔོན་གྱི་བག་ཆགས་བཟང་བས། ནང་དུ་ཨ་ཡིལ་རྒན་མོ་ཞིག་ཡོད་པ་དེས་མ་ཎི་བཏོན་པས་དུང་སོ་སྐྱེས་པ་བྱུང་སོང་བ། དེའི་རྗེས་སུ་འབྲངས་ནས་མ་ཎི་འབུམ་ཕྲག་མང་པོ་བགྲངས། རི་ལ་ལུག་རྫི་རྒན་པོ་ཞིག་གིས་ཕྱོགས་ཐམས་ཅད་དུ་ཕྱག་འཚལ་གྱིན་འདུག་པས། དེའི་རྗེས་སུ་ཞུགས་ནས་ཕྱག་ཀྱང་མང་དུ་བཙལ། རིག་པ་ཤིན་ཏུ་རྣོ་བས་སྐུད་པ་འཁེལ་བ་དང་། ཀུ་རུ་བསྐོར་བ་སོགས་ཀྱང་གྲིམ་ལྷོད་སྙོམས་པ། འུར་རྡོ་བརྒྱད་སླས་དང་། འཆི་མེད་དགུ་སྒྲིལ་སླ་བ་སོགས་ལ་མཁས། སྔོན་གྱི་བྱུང་རབས་ཐར་ཐོར་ཤོད་པ་སོགས་སྨྲ་བརྗོད་བདེ་བ་ཞིག་ཀྱང་ཡོད་པས་མི་ཀུན་གྱིས་ཕྲུ་གུ་འདི་ཆོས་བྱས་ན་གྲྭ་པ་ཡོན་ཏན་ཅན་ཞིག་ཡོང་བ་འདྲ་ཟེར་བ་དང་། ཨ་མས་བུ་འདི་འབྲས་སྤུངས་སུ་གྲྭ་པ་བྱས་ནས་དགའ་ལྡན་ཁྲི་ལ་འགྲོ་བར་ཤོག་ཟེར་ནས་ནངས་ནུབ་ཏུ་གསོལ་འདེབས་བྱེད། ལོ་བདུན་བརྒྱད་ལ་བེའུ་དང་ཡ་རུ་འཚོས། ལོ་དགུ་དང་བཅུའི་སྐབས་ར་ལུག་གི་རྫི་བོ་བྱས། ཉིན་གཅིག་བེའུ་དང་ཡ་རུ་ལྔ་བཅུ་ཙམ་དེད་ནས་ཆུ་ཞིག་གི་ཕ་རིར་བསྡད་ཡོད་པ་ལས། གློ་བུར་དུ་སེར་དྲག་ཆེན་པོ་ཞིག་བཏང་བས་ཕུ་ཆུ་རྒྱས་ཏེ། ཆུ་དེ་ལ་བེའུ་རྣམས་རྐྱལ་གྱིས་འགྲོ་ཞིང་། ཡ་རུ་རྣམས་ཀྱང་རང་ཚོ་ཟིན་ཙམ་བྱུང་སོང་། ཆུ་དེ་ལ་ཐར་བའི་ཚོད་མི་འདུག་ཀྱང་། མིའི་གཡོག་ཡིན་སྟབས་དེ་རྣམས་དེད་ནས་ཆུ་ལ་ཨུ་ཚུགས་ཀྱིས་ཕྱིན་པས་ཆུ་དེའི་ནང་དུ་རྡོ་ཆེན་པོ་གྲུ་བཞི་ལྷམ་མེ་བ་མང་པོ་འདུག་པས། རྡོ་དེ་དག་གི་སྟེང་ནས་ང་རང་ཆུ་ལས་ཐར་ཙམ་བྱུང་། ཕ་རིར་སླེབ་ནས་ཕྱི་ལྟས་བྱས་པས་ཆུ་དེ་ནི་མི་རྒན་བས་ཀྱང་བརྒལ་ཐུབ་པའི་ཚོད་མི་འདུག །ནང་དེར་སླེབ་པ་ན་ཁྱོད་ཆུ་མ་རྒྱས་གོང་དུ་བེའུ་དེད་ནས་མི་འོང་བར། ཆུ་ཆེན་པོ་དེ་ལ་གླེན་རྟགས་འདི་འདྲ་བསྟན་ནས་བེའུ་དང་ཁྱེད་རང་ཚང་མ་ཆུས་ཁྱེར་དོགས་དགོས། བེའུ་འདི་ཚོ་ཆུ་ལ་ག་འདྲ་བྱས་སོང་ཁྱོད་ག་འདྲ་བྱས་ནས་ཡོངས་ཟེར་གྱིན་འདུག་པར་བེའུ་ཚོ་ནི་ལ་བརྒྱབ་ནས་ལངས་སོང་། ང་རང་ནི་རྡོ་དེ་དག་གི་ཐོག་ནས་ཡོངས་པ་ཡིན་སྨྲས་པས། ཆུ་དེའི་ནང་ལ་རྡོ་དེ་འདྲ་ཡོད་དོགས་མེད། གང་བྱས་ཆུས་མི་ཁྱེར་བ་དེ་འཚམས་པོ་བྱུང་ཟེར་རོ། །དེའི་རྗེས་སོར་ཆུ་དེ་ལ་རྡོ་ཆེ་བ་ནི་གཅིག་ཀྱང་མི་འདུག །དེར་ཡང་སྐྱོབ་མཁན་ཞིག་ནི་བྱུང་བ་ཡིན་པ་འདྲ་སྙམ་གསུངས། དེ་ལ་སོགས་པའི་རྨི་ལམ་དང་ཉམས་སྣང་། དངོས་བྱུང་ཡ་མཚན་ཅན་ཤྀན་ཏུ་མང་པོ་བྱུང་། ཡང་ཡུལ་དེའི་ལུགས་སྲོལ་ལ་ཁྱིམ་ཚང་སྟོབས་ཆེ་བ་ཚོ་ཆང་ས་སྟོན་མོ་བྱེད་པའི་ཚེ། དུད་སྙོམས་ཆུང་རྣམས་མ་བོས་ཀྱང་དེར་འགྲོ་ཆོག་པའི་ལུགས་སྲོལ་ཡོད་པས། ཕ་དང་མཉམ་དུ་ཆང་ས་མང་པོར་ཕྱིན། དེར་གླུ་སྙན་པོ་ལེན་མཁན་རྣམས་ལ་ཁ་བཏགས་རེ་སྤྲོད་སྲོལ་འདུག་ཅིང་། གླུ་མང་པོ་བླངས་པར་བུ་ཆུང་འདི་སྤོབས་པ་མཐོན་པོ་བྱུང་། མི་མང་པོའི་ནང་ན་གླུ་སྙན་པོ་འདི་འདྲ་བླངས་ནས་ཟེར་ཞིང་། ཆང་ལ་མར་ཁུ་དང་བུ་རམ་བཏབ་ནས་བྱིན། ཆུང་དུས་ཀྱི་སྐྱོ་རྣམ་མི་ལ་དང་ཧ་ཅང་འདྲ། དགུང་ལོ་བཅུ་གསུམ་པ་ཆུ་འབྲུག་(༡༧༧༢)ལོར་རང་གི་ཞང་པོ་དགེ་འཕེལ་དགེ་སློང་བློ་བཟང་བཟོད་པས་འཁྲིད་ནས་དབུས་འགྱུར་དམ་པའི་ཆོས་ཀྱི་ཞིང་སར་ཞབས་ཟུང་འཁོར་པོའི་རེ་ཁ་མངོན་པར་བཀོད་དེ་ལྷ་སའི་ཇོ་བོ་རྣམ་གཉིས་སོགས་མཇལ་ཁ་གྲུབ་རྗེས། ཐོག་མར་དགེ་འཕེལ་རི་ཁྲོད་དུ་ཟླ་བ་གསུམ་ཙམ་བསྡད། དེའི་རིང་ལ་ཡི་གེ་དང་ཆོས་སྤྱོད་སོགས་ལ་བསླབས། དེ་ནས་གངས་ཅན་མཁས་པའི་འབྱུང་གནས་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མངས་གྲྭ་ཚང་དུ་ཆོས་ཞུགས་གནང་། སྒོ་མངས་མཁན་རིན་པོ་ཆེ་ངག་དབང་དགེ་ལེགས་ལ་གསར་མཇལ་ཞུས་སྐབས་ཐུགས་ཧ་ཅང་མཉེས་པོ་གནང་། རང་གི་ཞང་པོའི་བཀོད་སྒྲིག་ལྟར་ཞ་ལུ་མཁན་པོ་དཀའ་བཅུ་བློ་བཟང་དཔལ་འབྱོར་གྱི་དྲུང་དུ་བཅར་ཏེ། ཡི་གེ་འབྲི་ཀློག་དང་ཆོས་སྤྱོད། རྒྱན་འཇུག་སོགས་ལ་བསླབས། བསྡུས་གྲྭ་སོགས་ཀྱང་དེ་ནས་བསླབ། བསྲེ་བསྡུས་གྲྭ་ཆ་ཚང་ཐུགས་ཐོག་ལ་བཟུང་། འཛིན་གྲོགས་ཚོས་ཨརྱཱ་དེ་བཱ་ཞེས་པའི་མིང་འདོགས་ཞུས་པ་དེ་ནས་སྐུ་ཚེ་རིང་གྲྭ་སར་མཚན་དེ་ལྟར་གྲགས། དགུང་ལོ་བཅོ་ལྔ་པ་ཤིང་རྟ་(༡༧༧༤)ལོར་བློ་གླིང་མཁན་རབས་ཞེ་གཉིས་པ་གཙང་པ་མཁན་ཆེན་རྡོ་རྗེ་འཆང་ཡེ་ཤེས་དཔལ་འབྱོར་བའི་ཞལ་སྔ་ནས་ཀྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་ཞུས། དགུང་ལོ་བཅུ་དྲུག་པར་རང་གི་དགེ་རྒན་ཞི་བར་གཤེགས་པར་ཤག་ཆས་གང་ཡོད་ཀྱིས་འདས་འཇུག་བྱས། དགུང་ལོ་བཅུ་བདུན་པའི་སྐབས་སུ་མཁན་ཆེན་དམ་པ་དེའི་དྲུང་ནས་འཇིགས་བྱེད་ཀྱི་དབང་ཆེན་ཡང་ཐོབ། དགང་ལོ་བཅུ་དགུ་པར་དོན་བདུན་ཅུའི་འཛིན་གྲ་ལ་སླེབས་སྐབས་རྣམ་འགྲེལ་ཚོགས་ལངས་བྱས་པས་སྐད་གྲགས་ཆོད་པ་བྱུང་། དགུང་ལོ་ཉེར་ལྔ་པར་ཕར་ཕྱི་འཛིན་གྲ་ཐོན་ཏེ་སྐྱོར་དཔོན་དང་མཉམ་དུ་གྲྭ་ཚང་རྡོ་ཅལ་ཆེན་མོའི་ཐོག་ཕར་ཕྱིན་སྟོན་མོའི་དམ་བཅར་བཞུགས་པས་རྟེན་འབྲེལ་གང་ལེགས་འགྲིགས། ལོ་དེར་བློ་གླིང་གཙང་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱིས་ལོ་རེ་བཞིན་བདེ་ལམ་དང་། ཕྱག་ཆེན་བླ་མཆོད། འཇིགས་བྱེད་བསྐྱེད་རྫོགས་བཅས་གནང་གིན་ཡོད་པ་ལྟར་་གསང་སྔགས་ཕོ་བྲང་གི་ནང་བཀའ་ཆོས་ལ་ཕྱིན། དེ་རྗེས་སྐུ་མདུན་དུ་མཇལ་ཁར་སོང་བས་གྲྭ་པ་ཞིག་གིས་པོ་ཏི་ཆེན་པོ་ཞིག་ཕྱག་ལ་ཕུལ་སོང་། པོ་ཏི་དེ་དབུ་ལ་བཞག་ནས། པོ་ཏི་འདིའི་ནང་དུ་པཎ་ཆེན་ཇོ་ནང་པ་ལ་དགག་པ་མང་པོ་བཏང་ཡོད། འོན་ཀྱང་ཀུན་མཁྱེན་ཇོ་ནང་པ་འདི་དབུ་མ་ཁྲེག་པའི་སྟབས་ཀྱིས་དགག་པ་ཇི་བཞིན་ཐོན་དཀའ། རྗེ་ཡབ་སྲས་ཀྱི་རང་ལུགས་མ་འཕྱུག་པ་བྱས་ན་དེ་ཀས་ཆོག་མོད། གཞན་ལ་དགག་པ་གཏོང་གཏོང་མང་པོ་ཨེ་ཡོང་མི་ཤེས། མི་ཁྱོད་ཀྱི་སེམས་ལ་དེ་ཞོག་གསུངས། སྐུ་ན་ཆུང་དུས་ནས་ཞལ་ནས་བཙོག་གཏམ་དང་ཚིག་རྩུབ་སོགས་ཀྱིས་གཞན་ལ་ཕོག་ཐུག་ཆེ་བས། སྐབས་འགར་གཞན་གྱི་ཉེས་རྡུང་བཏང་བ་ཡང་ཐེངས་མང་པོ་བྱུང་ཞིང་། ཕར་ཕྱིན་ཐོན་པའི་ལོར་ཧོར་མི་ཚན་གྱི་དུས་བཟང་ཞིག་གི་སྐབས་ཕན་ཚུན་ཁ་ཤགས་རྒྱབ་རེས་བྱས་པས། ཕ་རོལ པོ་ཁོང་ཁྲོས་བཟི་སྟེ་དབུ་ལ་ལུག་གི་སོག་པ་ཞིག་ཤུགས་ཀྱིས་བཞུས་པས་ཁྲག་རལ་འཛར་འཛར་བྱས་ཤིང་། ཟླ་བ་གཉིས་ཙམ་དུ་རྨ་མ་སོས་པར་ཚོགས་ཆོས་ར་འགྲིམ་པ་དང་། སྐྱོར་སྦྱངས་སོགས་ཀྱང་ཕེབས་མ་ཐུབ་པར་ལུས། དཔེ་ཁྲིད་དགེ་རྒན་ལ་ངས་ངག་ནས་བཙོག་གཏམ་དང་ཚིག་རྩུབ་སྣ་ཚོགས་སྨྲ་བ་འདི་རྒྱུན་ཆད་པའི་ཐབས་སུ་ཚིགས་བཅད་འདོན་རྒྱུ་ཞིག་གནང་རོགས་ཞུས་པས། དེ་ཡོང་ཟེར་ནས་དེ་མ་ཐག །དགེ་སྦྱོང་རྟགས་ལྡན་དེ་ཝའི་མིང་ཅན་ཁྱོད། །བློ་ཕུགས་དཀོན་མཆོག་གསུམ་ལ་ངེས་པར་གཏོད། །དུས་ཀུན་སྒོ་གསུམ་དགེ་བ་གང་ལྕོགས་འབུངས། །དགེ་བ་གང་བྱུང་བྱང་ཆུབ་མཆོག་ཏུ་བསྔོས། །དེ་མིན་ད་ལྟའི་སྤྱོད་ངན་ལངས་ཤོར་དེ། བྱས་ན་ཕྱི་མ་གཤིན་རྗེ་ཆོས་རྒྱལ་གྱིས། །ངན་སོང་ལ་ཁྲིད་མནར་མེད་མེས་བསྲེགས་ན། །ཁྱོད་ཀྱིས་བཟོད་པར་འདུག་གམ་ཡང་ཡང་སོམས། །ཞེས་པ་ཞིག་གནང་། དེ་ནས་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་རྣམས་ལ་གསོལ་བ་དྲག་ཏུ་བཏབ། ངག་ནས་སྨྲ་བརྗོད་ཉུང་དུ་བཏང་ཀྱང་རྩེད་མོ་དང་བཞད་གད་ཀྱིས་ཚིག་སྨྲ་བ་ནི་སྐུ་ཚེ་ཧྲིལ་པོར་རྒྱུན་གཅོད་མ་ཐུབ། དེའི་སྟེང་ནས་ཕ་རོལ་པོ་ལ་ཕོག་ཐུག་སྣ་ཚོགས་ཞིག་བྱུང་འགྲོ་གིན་འདུག་ཀྱང་འཕྲོ་གཅོད་ཐུབ་པ་ནི་ཡོང་གིན་མི་འདུག ཞེས་ཀྱང་གསུངས་སྣང་ངོ་། ། ཕར་ཕྱིན་ཐོན་པ་དང་མཁན་རིན་པོ་ཆེ་ནས། ཁྱོད་ཚོ་བློ་ཁ་མཐོ་དམན་ཀུན་གྱིས་ཡིག་ཆ་རེ་འཛིན་དགོས། རིག་པ་ཞན་པ་ཡིན་ནའང་འཇུག་ཊིཀ་གསལ་བའི་མེ་ལོང་ཙམ་རེ་མ་མཐའ་འཛིན་དགོས་གསུངས་པ་ལྟར། གུང་རུ་ཆོས་འབྱུང་གི་དབུ་མ་བཟུང་། དགུང་ལོ་ཉེར་ལྔ་པ་དབུ་མར་སླེབ་པའི་ལོ་(༡༧༨༤)དེར། རྒྱལ་དབང་ཐམས་ཅད་མཁྱེན་པ་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དེའི་དྲུང་ནས་ཐུགས་རྗེ་ཆེན་པོའི་དབང་ཆེན་དང་། པཎ་ཆེན་རིན་པོ་ཆེའི་ཞབས་བརྟན་རྒྱལ་མཆོག་ཉིད་ཀྱིས་མཛད་པ་དང་། སྒོ་མང་ཆོས་རར་དགའ་ལྡན་ལྷ་བརྒྱ་མའི་ལུང་། ནད་རིམས་ཞི་བར་བྱེད་པའི་ཚིགས་བཅད་དང་། གཟུངས་སྔགས་སྣ་ཚོགས་བཅས་ལྗགས་སྒྲིག་མཛད་པའི་ལུང་སོགས་ཞུས། མཛོད་འཛིན་གྲྭ་ལ་སླེབས་པའི་སྐབས་འཛྀན་གྲྭའི་སྐྱོར་དཔོན་ཡང་གནང་དགོས་བྱུང་། སྐབས་དེ་དག་ཏུ་ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱ་མཚོའི་དྲུང་ནས། བདེ་ལམ་གྱི་ཁྲིད་ཚར་གསུམ། ལམ་རིམ་ཆེན་མོའི་ཁྲིད་ཚར་གཅིག ། བརྒྱད་སྟོང་པའི་བཤད་ལུང་རྒྱས་པ། གཏོར་མ་བརྒྱ་རྩའི་ཁྲིད། འཇིགས་བྱེད་བསྐྱེད་རྫོགས་གཉིས་ཀའི་ཁྲིད། ཕྱག་ཆེན་དང་བླ་མ་མཆོད་པའི་ཁྲིད་རྣམས་རྨེ་རུའི་གྲྭ་ཁང་ནས་སྔ་ཕྱིར་ཐོབ། འདི་དག་གི་སྐབས་ཀྱང་བཀའ་ཆོས་ཀྱི་མང་ཇ་ཚོགས་ཐུན་གསུམ་ཀའི་ཕྱག་བདེ་འགྲིམས། གྲྭ་པ་གསར་པ་འགས་དགེ་རྒན་ཁྱེད་རང་ཕྱག་བདེ་ལ་སོང་ན་འདྲ་ཆགས་པོ་མི་འདུག་ཟེར་ཀྱང་། ཚོགས་བསགས་སྒྲིབ་སྦྱངས་ལ་དམིགས་ནས་ཕྱག་བདེ་རང་ལ་ཕྱིན་ཚུལ་གྱི་རྣམ་ཐར་ཡ་མཚན་པ་ཡང་དུ་མར་འཆིས། ཡང་ཡོངས་འཛིན་དེ་ཉིད་ནས་བློ་གསལ་གླིང་གྲྭ་ཁང་དུ་འདུལ་བ་མདོ་རྩ་བའི་བཤད་ལུང་། སྒོ་མང་གྲྭ་ཁང་དུ་མངོན་རྟོགས་རྒྱན་གྱི་བཤད་ལུང་། བདེ་ཡངས་གྲྭ་ཁང་དུ་སྨན་བླའི་རྗེས་གནང་། ཧར་གདོང་རྒྱུད་ཁང་དུ་ཤེས་རབ་སྙིང་པོའི་ཁྲིད་རྣམས་གནང་བ་ཐོབ་ཅིང་། རྒྱལ་དབང་ཐམས་ཅད་མཁྱེན་པ་འཇམ་དཔལ་རྒྱ་མཚོ་ལ་པོ་ཏ་ལར་ཚོམས་ཆེན་གསར་པའི་ནང་དུ། དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་བ་བྱིས་པ་ལྟར་འཇུག་པའི་དབང་བདུན། གོང་མ་གོང་ཆེན། རྡོ་རྗེ་སློབ་དཔོན་གྱི་དབང་སོགས་འབུལ་སྐབས་ཀྱང་འདི་ཉིད་ཀྱིས་ཐོབ། རྒྱལ་སྲས་རྡོ་རྗེ་འཆང་ལ་ལྕང་སྐྱ་རིན་པོ་ཆེས་ཞུས་སྐབས་ཀྱང་དུས་འཁོར་གྱི་དབང་ཆེན་ཐོབ། ཀློང་རྡོལ་བླ་མ་རིན་པོ་ཆེའི་དྲུང་ནས་ལམ་རིམ་ཆེན་མོ་མཆན་བཞི་སྦྲགས་མའི་ཁྲིད་ལན་གཉིས། ཡང་ལམ་རིམ་ཆེན་མོའི་ཁྲིད་ཚར་གཅིག །ལམ་རིམ་ཆུང་བའི་ཁྲིད་ཚར་གཉིས། བློ་སྦྱོང་ཚིག་རྐང་བརྒྱད་མའི་ཁྲིད། ཐོག་མའི་བློ་སྦྱོང་གི་ཁྲིད། ལྕང་སྐྱ་གོང་འོག་གི་བློ་སྦྱོང་གཉིས་ཀྱི་ཁྲིད། བླ་མ མཆོད་པའི་ཁྲིད། ཕྱག་ཆེན་གྱི་ཁྲིད། དཔལ་གསང་བ་འདུས་པའི་རིམ་ལྔ་གསལ་སྒྲོན་གྱི་ཁྲིད། འཇིགས་བྱེད་ཀྱི་བསྐྱེད་རིམ་ཆེན་མོའི་ཁྲིད། ལེགས་བཤད་སྙིང་པོའི་ཁྲིད། རྟེན་འབྲེལ་བསྟོད་པའི་ཁྲིད། བརྒྱད་སྟོང་དང་མདོ་སྡེ་བསྐལ་བཟང་གི་ལུང་བཅས་རིན་ཆེན་གླིང་ནས་ཐོབ། འདིར་མི་གསལ་བ་གཞན་ཡང་བླ་མ་ཆོས་འབྲེལ་ཞུ་ས་གྲྭ་རྐྱང་ལྟ་བུ་དེ་འདྲ་སོགས་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་བརྒྱ་ཕྲག་ལས་ཀྱང་ཆེས་ཆེར་བརྒལ་བ་ཡོད་ཅིང་། ཆོས་གང་ཞུས་ཕལ་ཆེ་བ་ཐོབ་ཡིག་ལོགས་སུ་གསན་ཡིག་ཏུ་ཡོད་པ་ལས་ཤེས་པར་བྱ་ཞིང་། འདིར་ཐམས་ཅད་ནི་བྲི་བར་མ་ལང་། རིམ་བཞིན་འདུལ་བ་དང་དེ་ནས་དཀའ་རམ་དུ་ལོ་བཅུའི་རིང་འདུལ་མཛོད་ལ་སྦྱང་པ་ཆེན་པོ་བྱས། མཛོད་རྩ་བ་དང་འདུལ་བའི་སྡོམ་ཚིག་སྐྱོར། ཡིག་ཆའི་འདུལ་མཛོད་ཀྱང་ཕལ་ཆེར་བློ་འཛིན་བྱས། མཚོ་ཊིཀ་དང་མཆིམས་མཛོད་སོགས་ཀྱི་ཚིག་རིས་ཤིན་ཏུ་ངེས་པར་གནང་། འདུལ་མཛོད་ཀྱི་སྐབས་སུ་ཡང་དབུ་ཕར་ལ་བལྟ་རྟོག་ཞིབ་ཏུ་བྱས།

དགུང་ལོ་སོ་བདུན་པ་མེ་འབྲུག་(༡༧༩༦)ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་མཁས་མང་ཁྲི་ཕྲག་ཚོགས་པའི་དབུས་སུ་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་བཞག་ནས་གཞུང་ལུགས་རབ་འབྱམས་སྨྲ་བའི་མཚན་སྙན་བཞེས། བཀྲ་ཤིས་འཁྱིལ་དགེ་བཤེས་ཁ་གྱ་རབ་རྒྱས་ཞུ་བ་མདོ་སྨད་ནས་བཀའ་འགྱུར་གྱི་ལུང་ཚར་ལྔ་ཙམ་གནང་མྱོང་པ་དེའི་དྲུང་ནས་ཞག་བཅུའི་རིང་བཤད་ལུང་གང་རྒྱས་ཞུས། ལོ་དེར་རྒྱུད་སྨད་དུ་ཞུགས། རིམ་གྱིས་སེ་རྭ་ཆོས་སྡིངས་སུ་དམ་བཅའ་བཞག །ཆུ་མིག་ལུང་དུ་དབྱངས་རྒྱུག་སྤྲད། །དགའ་ལྡན་དགུན་ཆོས་སུ་བྱང་རྩེ་གྲྭ་ཚང་གི་ཆོས་གྲྭར་དམ་བཅའ་མཚན་ཕུད་བྱས། རྡོ་རྗེ་འཆང་མཐུ་སྟོབས་རྒྱ་མཚོ་བའི་དྲུང་ནས་གསང་འདུས་བསྐྱེད་རྫོགས་ཀྱི་ས་བཤད་ལུང་ཡང་ཚོགས་པ་དང་མཉམ་དུ་ཐོབ། དེའི་ཕྱི་ལོ་(༡༧༩༨)སྨོན་ལམ་གྲོལ་ནས་བཟུང་། ཆུ་མིག་ལུང་གི་བར་འགྲེལ་པ་བཞི་སྦྲགས་ཀྱི་བཤད་ལུང་ཡང་བླ་མ་དེ་ཉིད་ཀྱི་དྲུང་ནས་ཐོབ། བདེ་ཆེན་གསང་སྔགས་མཁར་ཁྲི་ཆེན་ཏྲེ་བོ་བློ་བཟང་བཀྲ་ཤིས་ནས་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་། མགོན་ཆེན་བཅུ་གསུམ་གྱི་རྗེས་གནང་མགོན་པོ་སྙིང་ཞུགས་མ་གཏོགས་པ་ཚང་མ་ཐོབ། དེའི་ཕྱི་(༡༧༩༩)ལོ་ཟླ་བ་བཞི་པའི་ནང་དགའ་ལྡན་ཁྲི་ཆེན་རིན་པོ་ཆེ་དེ་ཉིད་ཀྱི་དྲུང་ནས་དགེ་ལྡན་གྱི་གཟིམས་ཆུང་དུ་གྲྭ་པ་བརྒྱ་སྐོར་ཙམ་དང་མཉམ་དུ་གསང་འདུས་ཀྱི་དབང་ཆེན་ཐོབ། ཡང་བྱང་རྩེ་ཆོས་རྗེ་མཐུ་སྟོབས་རྒྱ་མཚོའི་དྲུང་ནས་ཁྲིད་ཆེན་བརྒྱད་དང་། གསང་འདུས་ལག་བརྒྱུད་དང་ལག་རྗེས་སོགས་གཟིམས་ཤག་ནས་ཐོབ། རྒྱུད་སྨད་རབ་འབྱམས་པ་ཚུལ་ཁྲིམས་རྒྱ་མཚོའི་དྲུང་ནས་བཀྲས་ལྷུན་སྔགས་ཕྱོགས་པོ་ཏིའི་ལུང་ཞུས། ཁོང་ལ་ཕར་ངེད་ཀྱིས་ལམ་རིམ་གསེར་ཞུན་མའི་ཁྲིད་ཕུལ། དགའ་ལྡན་དགེ་བཤེས་ཁ་ཤས་ལ་སྔགས་ཕྱོགས་ཀྱི་ལུང་ཡང་གནང་། དགེ་བཤེས་ཁྱབ་བདག་པའི་དྲུང་ནས་མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་། རྟ་མགྲིན་དབྱུག་ཏོ་ཅན། སེང་གདོང་མ་གཙོ་འཁོར་གསུམ། ཁྱུང་ནག །འཇམ་དབྱངས་ནག་པོ། གསང་བདེ་གཉིས་ཀྱི་སྔགས་བཏུའི་རྗེས་གནང་བཅས་དང་། པཎ་ཆེན་དཔལ་ལྡན་ཡེ་ཤེས། ལྕང་སྐྱ་ངག་དབང་ཆོས་ལྡན། རྒྱལ་ཚབ་རྗེ། མཁས་གྲུབ་རྗེ་བཅས་ཀྱི་གསུང་འབུམ་རྣམས་ཀྱི་ལུང་། རྭ་པོད། ལྷོ་བྲག་བཀའ་འབུམ།  མགོན་པོ་དང་རྣམ་སྲས་ཀྱི་བེ་བུམ། རྣམ་སྲས་བཀའ་ཆེན་བཅོ་ལྔའི་རྗེས་གནང་དང་ཆོ་གའི་ལུང་། མདུང་རྩེ་རས་པའི་དམིགས་བརྩེ་མའི་ལས་ཚོགས་ཀྱི་ལུང་། སྐྱིད་ཤོད་གསུང་འབུམ། རྣམ་རྒྱལ་གྲྭ་ཚང་གི་སྔགས་ཕྱོགས་ཡོངས་རྫོགས་བཀའ་གདམས་ཕ་ཆོས་བུ་ཆོས་གཉིས་ཀའི་ལུང་བཅས་ཐོབ། འདིའི་ཁ་སྐོང་རྣམས་རྒྱུད་སྨད་སྔགས་རམ་པ་ཆོས་ལྡན་ཤེས་རབ་ནས་ཞུས། ཁོང་གིས་ཚེ་མཆོག་གླིང་སློབ་དཔོན་ནས་གསན་འདུག །གཞན་ཡང་དགེ་བཤེས་ཁྱབ་བདག་རིན་པོ་ཆེའི་དྲུང་ནས་ལས་ཆེན་ཀུན་རྒྱལ་བས་མཛད་པའི་བཀའ་གདམས་ཆོས་འབྱུང་། བཀའ་གདམས་ཐོར་བུ། ། པོ་ཏོ་བའི་ཆིག་ལབ་རིང་མོ་སོགས་དགེ་བཤེས་ཁྱབ་བདག་ནས་བདག་གིས་ཐོབ་གྲངས་ཤིན་ཏུ་མང་བ་ཡོད། རྭ་སྒྲེང་ཁྲི་ཆེན་རིན་པོ་ཆེའི་དྲུང་ནས་བདེ་མཆོག་གི་དབང་། རྗེའི་གསུང་འབུམ་ཡོངས་རྫོགས་ཀྱི་ལུང་། ཉིད་ཀྱི་གསུང་འབུམ་པོད་དང་པོ་གཉིས་ཀྱི་ལུང་། འདིའི་ཁ་སྐོང་རྣམས་བླ་མ་མང་པོ་ནས་ཞུས། ལམ་རིམ་ཆེན་མོ་མཆན་བཞི་སྦྲགས། ཕྱག་ཆེན། ཐོག་མའི་བློ་སྦྱོང་། ལམ་རིམ་ཆུང་ངུ་། གསང་འདུས་དབང་ཆེན། སྨན་བླའི་རྗེས་གནང་། བདེ་མཆོག་སྔགས་བཏུའི་རྗེས་གནང་། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་བཅས་ཁྲི་ཆེན་རྡོ་རྗེ་འཆང་ནས་ཐོབ། རྒྱུད་སྨད་སྔགས་རམས་པ་ཆོས་ལྡན་ཤེས་རབ་ཀྱི་དྲུང་ནས་ཚེ་དཔག་མེད་ལྷ་དགུའི་དབང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ་ལུང་སོགས་གཞན་ཡང་ལུང་མང་པོ་ཞུས། རྒྱུད་སྟོད་དགེ་བཤེས་ངག་དབང་སྐལ་ལྡན་པ་དེ་ཉིད་བསྟན་གླིང་སློབ་ཟུར་དུ་བཞུགས་དུས་ཁོང་གི་དྲུང་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་ཞུས་ཤིང་། དེའི་ཁ་སྐོང་རྣམས་དགེ་ལྡན་བླ་མ་བསྟན་འཛིན་ཆོས་འཕེལ་གྱི་དྲུང་ནས་ཞུས། རྒྱུད་སྨད་སྔགས་རམས་པ་བློ་བཟང་ཆོས་འབྱོར་གྱི་དྲུང་ནས་བསྟན་འགྱུར་གྱི་ནང་ནས་ལུང་ཡོད་གྲས་རྣམས་ཞུས། དར་པཎ་ཨཱ་ཙརྱས་མཛད་པའི་གླེགས་བམ་དེ་དང་། ཕྱག་རྡོར་བསྟོད་འགྲེལ། རྡོ་རྗེ་སྙིང་འགྲེལ་རྣམས་ཐོབ་མ་བྱུང་། རྟ་ཚག་རིན་པོ་ཆེ་ནས་ཀློང་རྡོལ་བླ་མའི་གསུང་འབུམ་གྱི་ལུང་ཐོབ། དེས་མཛད་པའི་རྣམ་ཐར་ཀུན་གླིང་སློབ་དཔོན་བློ་བཟང་རིན་ཆེན་ནས་ཐོབ། ཀློང་རྡོལ་གསུང་གྲས་ནས་རྟ་ཚག་རིན་པོ་ཆེར་མ་བཞུགས་པའི་བཀའ་འགྱུར་གྱི་གསན་ཡིག་སོགས་ཁ་ཤས་དགེ་བཤེས་ཁྱབ་བདག་རིན་པོ་ཆེ་ནས་ཐོབ་ཅིང་། དེ་ཐམས་ཅད་བསྡོམས་ནས་ཀློང་རྡོལ་གསུང་འབུམ་ཆ་ཚང་གི་ལུང་བྱུང་། རྒྱལ་སྲས་རིན་པོ་ཆེའི་གསུང་འབུམ་ཡང་པོད་དང་པོ་གཉིས་རྒྱལ་སྲས་ཉིད་ཀྱི་དྲུང་ནས་ཞུས། ཕྱི་མ་དེ་མོ་རིན་པོ་ཆེའི་དྲུང་ནས་ཐོབ། བཀའ་རྒྱ་མ་སྔགས་རམས་པ་ཆོས་ལྡན་ཤེས་རབ་ནས་ཞུས། གོང་གི་རྗེའི་གསུང་འབུམ་གྲས་ནས་སྡོམ་པ་གོང་མ་གཉིས་ཀྱི་ཕྱིར་བཅོས་བྱ་ཚུལ་རྗེའི་ཕྱག་ལེན་བཞིན་དུ་བཀོད་པ་དང་། རྗེའི་གཏོར་མ་བརྒྱ་རྩ་གཉིས་ཀྱི་ལུང་རྒྱུད་སྟོད་དགེ་བཤེས་དཔོན་སློབ་བློ་བཟང་ཐུགས་རྗེ་ནས་ཐོབ། ཡང་དཔོན་སློབ་བློ་བཟང་ཐུགས་རྗེའི་དྲུང་ནས་འཕོ་འཁྲིད་དཔའ་བོ་གཡུལ་འཇུག །ཚེ་དཔག་མེད་ཀྱི་དབང་། སྨན་ཁང་པས་མཛད་པའི་དམིགས་བརྩེ་མའི་ལས་ཚོགས་བཅས། འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོའི་དྲུང་ནས་གདུགས་དཀར་ལྷ་མང་གི་དབང་། སྤྱན་རས་གཟིགས་ཀྱི་དབང་། ཉིད་ཀྱིས་མཛད་པའི་ལྕང་སྐྱ་རོལ་པའི་རྡོ་རྗེའི་ལྟ་མགུར་གྱི་འགྲེལ་པའི་ལུང་བཅས་ཐོབ། ལྕང་སྐྱ་མཆོག་སྤྲུལ་རིན་པོ་ཆེ་ནས་བདེ་མཆོག་གི་དབང་ཆེན། འཇམ་དཔལ་མཚན་བརྗོད། ཡོན་ཏན་གཞིར་གྱུར་མའི་ཁྲིད་རྣམས། ཁྲི་གུང་ཐང་སྤྲུལ་སྐུ་དཀོན་མཆོག་བསྟན་པའི་སྒྲོན་མེའི་དྲུང་ནས། བ་རི་བརྒྱ་རྩའི་རྗེས་གནང་། སྣར་ཐང་བརྒྱ་རྩའི་རྗེས་གནང་། རྟེན་འབྲེལ་བསྟོད་པའི་ཁྲིད། འགྲེལ་པ་དོན་གསལ། ལེགས་བཤད་སྙིང་པོའི་ལུང་བཅས། སྐབས་ཤིག་ཏུ་རྒྱལ་སྲས་རྡོ་རྗེ་འཆང་གིས་རྡོ་རྗེ་འཕྲེང་བའི་དབང་ཆེན་སོགས་ཞུས། དེ་ནས་རྒྱུད་པའི་དགེ་བསྐོས་མཛད་ནས་སྒྲིག་སྤྱོད་དག་ཐེར་ཚུལ་བཞིན་གནང༌། དགུང་ལོ་ཞེ་བརྒྱད་པ་རབ་བྱུང་བཅུ་བཞི་པའི་མེ་ཡོས་(༡༨༠༧)ལོར་རྒྱུད་སྨད་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས། རྒྱུད་ཀྱི་སྒྲིག་སྲོལ་མི་ཉམས་རྒྱུན་སྐྱོང་ཐོག །གཞུང་ཆེན་ཁག་གི་སློབ་ཁྲིད་རྒྱ་ཆེར་གནང་ཞོར་རྒྱུད་པའི་མཁན་པོ་ཡང་ཆབས་ཅིག་ཏུ་མཛད་དགོས་བྱུང་། རྒྱུད་པ་མཁན་པོའི་སྐབས་རྒྱུད་པའི་ཆོས་ར་ནང་མ་ལ་རྡོ་གཅལ་ལོ་གསུམ་བཞིའི་བར་རྡོ་བསགས་ནས་དཀའ་ཚེགས་ཆེན་པོས་བཏིང་། ཆོས་ར་ཕྱི་མའི་བྱང་བརྒྱུད་ཀྱི་རྩིག་པ་རྣམས་རྩིག་རྨང་ཆེར་མེད་སྟབས་ཡང་ཡང་ཞིག་རལ་དུ་འགྲོ་གིན་ཡོད་པར་སྐབས་འགའ་རེར་གྲྭ་པ་ཚོའི་ལྷམ་དང་ཤོག་གླེགས་སོགས་རྐུན་ཤོར་དང་། བྱ་ཁྱིའི་གནོད་པ་བྱུང་བས། རྩིག་རྨང་ནས་བཟུང་ཁ་གཡམ་གྱི་བར་འུ་ལག་སུམ་ཅུ་སྐོར་གྱིས་ཟླ་བ་གཉིས་གསུམ་གྱི་བར་དཀའ་ཚེགས་ཆེན་པོས་བརྩིགས་ཏེ་ཉམས་གསོ་ལེགས་པར་བྱས། རྒྱུད་པའི་འཆད་ཉན་བྱེད་བཞིན་པའི་མུ་ནས་བར་བར་དུ་ཁང་ཆེན་ནོ་མིན་ཧན་སོགས་ནས་ཞུས་ངོར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་རྒྱུད་ཁང་སྟེང་ནས་བཤད་ལུང་ཚར་ལྔ་དང་། པཎ་ཆེན་ཆོས་རྒྱན་གྱི་གསུང་འབུམ། ལྕང་སྐྱ་ངག་དབང་ཆོས་ལྡན་པའི་གསུང་འབུམ་གཉིས་ནི་ལུང་ཚར་ཤིན་ཏུ་མང་བ། མི་ལའི་མགུར་འབུམ་དང་མ་ཎི་བཀའ་འབུམ་གྱི་ལུང་། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ་ལུང་ཡང་དེ་སྐབས་ལན་དྲུག། རྒྱལ་ཚབ་དང་མཁས་གྲུབ་ཀྱི་གསུང་འབུམ་ལུང་ཡང་ཚར་གསུམ། འཇིགས་བྱེད་བཅུ་གསུམ་མའི་དབང་། བཀྲ་ཤིས་ལྷུན་པོའི་ཐོས་བསམ་གླིང་གི་བླ་མ་ཟུར་པ་བློ་བཟང་དོན་གྲུབ་ནས་ཞུས་ངོར་དད་ལྡན་སུམ་བརྒྱ་སྐོར་ལ་རིན་འབྱུང་བརྒྱ་རྩའི་རྗེས་གནང་། སེ་རའི་ཁལ་ཁ་ཐོ་ཡོན་མགོ་ཆེན་ནས་ཞུས་ངོར་དད་ལྡན་ཉིས་བརྒྱ་སྐོར་ལ་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་། བ་རི་བརྒྱ་རྩ། སྣར་ཐང་བརྒྱ་རྩ། གཞན་ཡང་དེ་སྐབས་རྗེས་གནང་ཁ་འཐོར་བ་མང་པོ་དང་། ཁང་ཆེན་ནོ་མིན་ཧན་ནས་ཞུས་ངོར་འགྲེལ་པ་བཞི་སྦྲགས་དང་། འདུལ་བ་མདོ་རྩ་བ། བརྒྱད་སྟོང་སོགས་ཀྱི་བཤད་ལུང་ཡང་བྱས་ཤིང་། མདོར་ན་ཆོས་མཚམས་གང་ཡོད་དུས་ལུང་དང་རྗེས་གནང་སོགས་བྱས་པས། དེ་སྐབས་ཁང་ཆེན་ནོ་མིན་ཧན་སོགས་ཀྱིས་ཁྱེད་རང་གི་རྩར་ནས་ལུང་ཞུས་པ་པོ་ཏི་ཉིས་བརྒྱ་ལྷག་ཙམ་སོང་ཟེར་ཞེས་གྲགས། རྒྱུད་ཀྱི་མཁན་ཁྲི་ལས་ཟུར་ནས་གཏོང་སྒོ་གྲ་རྒྱས་བྱས་པས་བུད་ལེན་ཡང་ཆེན་པོ་ཆགས་པ་སུ་ཕྱིས་སུ་འཇལ། 

ནུབ་གཅིག་རྨི་ལམ་དུ་ཡང་། འབྲས་སྤུངས་ཕྱོགས་ནས་གཡག་ཆེན་པོ་རྣ་བ་ལ་རྔ་དམར་སོགས་བཏགས་པ་ཞིག་བྱུང་། ལྷ་ལྡན་ཕྱོགས་ནས་གླིང་ཆུང་ངུ་སོ་བཞི་པའི་ཚོད་ཙམ་ལ་སྤུ་མདོག་སྔོན་པོ་ཞིག་བྱུང་སྟེ། སྐྱེད་ཚལ་ཀླུ་སྡིང་གི་ལྟག་ཙམ་ད་ལྟ་ཞིང་ཁ་ཡོད་ས་དེར། ཞིང་ཁ་རྣམས་ལ་སྙེ་མ་ཡང་རྒྱས་སྐབས་ཡིན་པ་ལྟར་འདུག་ཅིང་། དེའི་གཞོག་དེ་ནས་རང་ཉིད་འགྲོ་གིན་འདུག་པ་དང་། དེ་གཉིས་ཕྲད་ནས་གཡག་དེས་གླང་དེ་མཐོང་མ་ཐག་ཏུ་འབྲས་སྤུངས་ཕྱོགས་སུ་བྲོས་ནས་སོང་། རང་ཉིད་དང་གླང་དེ་མཉམ་དུ་ལྷ་ལྡན་ཕྱོགས་སུ་སོང་ནས་ཞོལ་རྡོ་རིང་སྒང་ནས་གླང་དེ་གར་སོང་ཆ་མེད་དུ་སོང་བ་ཞིག་རྨིས་པས། དེ་ནི་རང་ཉིད་སྒོ་མང་མཁན་པོ་དང་དགའ་ལྡན་ཁྲི་པར་མགོན་པོ་ཕྱག་དྲུག་པ་དང་དམ་ཅན་ཆོས་རྒྱལ་གྱིས་རྩོད་པས་དམ་ཅན་ཆོས་རྒྱལ་གྱིས་ཐོབ་ནས་དགའ་ལྡན་ཁྲི་པར་འགྱུར་བའི་ལྟས་མཚན་ལྟ་བུ་ཞིག་ཨེ་ཡིན་ནམ་སྙམ་ཞེས་གསུངས། དགུང་ལོ་རེ་གཅིག་པ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་(༡༨༢༠)ལོར་བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས། མདོ་སྔགས་ཀྱི་ཆཽས་འཁོར་རྒྱ་ཆེར་སྐོར། ལྷག་པར་ཁྲི་ཆེན་ངག་དབང་སྙན་གྲགས་ཀྱིས་རྗེ་འདི་ཉིད་ལ་སྔགས་རིམ་ཆེན་མོ་དེ་ཁྲིད་རྒྱུན་ཆད་དོགས་དགོས་པས་ཁྱོད་རང་གིས་སྔགས་རིམ་ཆེན་མོའི་ཁྲིད་ཞིག་ཐོང་གསུངས་པ་ལྟར་གནང་། ལོ་དེར་ཀུན་བདེ་གླིང་སྤྲུལ་པའི་སྐུའི་ཡོངས་འཛིན་གནང་སྟེ་ལོ་ལྔ་ཙམ་གྱི་རིང་ཀློག་འདྲི་ཆོས་སྤྱོད། འཇིགས་བྱེད་བསྐང་གསོ། རྒྱན་འཇུག །སུམ་རྟགས་སོགས་ཀྱི་རྟིང་བསྐུལ་ཞུས། སྤྲུལ་སྐུ་ཉིད་དང་། མངའ་རིས་སྤྲུལ་པའི་སྐུ་སོགས་དད་ལྡན་མང་པོར་སྔ་ཕྱིར་ཕྱག་རྡོར་འཁོར་ཆེན་དང་། འཇིགས་བྱེད་བདུད་ལས་རྣམ་རྒྱལ། གཤེད་དམར་ལྷ་ལྔ། འཇིགས་བྱེད་རོ་ལངས་བརྒྱད་སྐོར། འཇིགས་བྱེད་ཞེ་དགུ་མ། རྟ་མགྲིན་གསང་སྒྲུབ་སོགས་ཀྱི་དབང་ཆེན་གནང་། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་བཞི་པའི་ཆུ་རྟ་(༡༨༢༢)ལོའི་ཧོར་ཟླ་དྲུག་པའི་ཚེས་བཞིན་ཆོས་འཁོར་སྐོར་བའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོར་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་ཁྲི་པའི་བྱེད་སྒོ་འཐུས་ཚང་གནང་བའི་ཐོག །མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། པཎ་ཆེན་ཐམས་ཅད་མཁྱེན་པ་ནོར་གླིང་དུ་ཕེབས་པའི་སྐབས་རྗེ་འདི་ཉིད་ཁྲི་པའི་བཀའ་བསྒྱུར་ཕེབས་ཚར་ཙམ་ཡིན་པས་ཐུགས་ཧ་ཅང་མཉེས་པོས་ངུར་སྨྲིག་གསུམ་གྱི་ན་བཟའ་ཆ་ཚང་བ་ཞིག་གནང་། ཕྱག་མཛོད་ཀྱི་གདོང་ལ་ཞབས་བརྟན་སྨོན་ཚིག་ལྷུན་གྲུབ་རིན་ཆེན་མ་ཞེས་དགའ་ལྡན་དུ་ཚོགས་འདོན་རྒྱུན་རིང་གནང་སྲོལ་བྱུང་བ་དེ་ཡང་ལྗགས་རྩོམ་མཛད་ནས་གནང་། ལོ་དེར་སྨོན་ལམ་གྲུབ་ནས་ཚོགས་མཆོད་སྐབས་དཔལ་འབྱོར་རབ་བརྟན་ཁང་དུ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་ཡང་མང་པོ་གནང་། དེ་སོགས་སྔ་ཕྱིར་རབ་བྱུང་བསྙེན་རྫོགས་གནང་པ་ཡང་སྟོང་ཕྲག་བརྒལ། དེ་བཞིན་བརྒྱད་སྟོང་དང་བསྐལ་བཟང་སོགས་ཀྱི་ལུང་། འཇིགས་བྱེད་བསྐྱེད་རྫོགས་ཀྱི་ཁྲིད་དང་། རྗེས་གནང་ཐོར་བུ། ཚེ་དབང་སོགས་ཀྱང་མང་པོ་བྱས། རྨེ་རུའི་འདུ་ཁང་དུ་ཐའུ་ཀན་ཧོ་ཐོག་ཐུའི་སྤྲུལ་པའི་སྐུས་ཞུས་ངོར། རྒྱུད་སྟོད་ཀྱི་མཁན་པོ་ལས་ཐོག་པ་ཡེ་ཤེས་ནོར་བུ་དང་། བླ་མ་དབུ་མཛད་བློ་བཟང་སྦྱིན་པ་སོགས་དོན་གཉེར་པ་གྲྭ་གྲངས་བདུན་བརྒྱ་ལྷག་ཙམ་ལ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་འགྲེལ་པ་བཞི་སྦྲགས་ཀྱི་བཤད་པ་ཟླ་བ་གཅིག་གནང་། འགྲེལ་པའི་ལས་ཚོགས་ཀྱི་གྲས་ནས་གསང་འདུས་འཕགས་ལུགས་ཀྱི་ཛམ་བྷ་ལ་སེར་པོའི་ཆུ་སྦྱིན་རྒྱུད་སྟོད་ལ་ཚོགས་འདོན་གནང་རྒྱུ་དེའི་སྟེང་ནས་ལུང་ལག་ཁྲིད་བཅས་པ་དང་། འཕགས་ལུགས་ཛམ་བྷ་ལའི་རྗེས་གནང་དང་། རྟ་མགྲིན་དབྱུག་པ་ཅན་ཞལ་གཅིག་ཕྱག་གཉིས་པ། ཚེ་རྟ་ཟུང་འབྲེལ་གྱི་རྗེས་གནང་། གསང་འདུས་སྔགས་བཏུའི་རྗེས་གནང་། དཔོན་སློབ་བློ་བཟང་ཐུགས་རྗེའི་གསུང་འབུམ་གྲས་དམིགས་བརྩེ་མའི་སད་བསྲུང་། ཆར་འབེབས་ཀྱི་འཁོར་ལོ་སྒྲུབ་ཚུལ་གྱི་ཆོག་བསྒྲིགས་བཅས་ཀྱི་ལུང་རྣམས་ཀྱང་སྤེལ། འཇིགས་བྱེད་བདུད་ལས་རྣམ་རྒྱལ་གྱི་དབང་ཆེན། མཇུག་ཏུ་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་རྒྱུས་པ། གཞན་ཡང་མདོ་ཐར་པ་ཆེན་པོ། པོ་ཏི་ལྔའི་རྩ་བའི་ལུང་སོགས་ལུང་སོགས་གནང་། དགའ་ལྡན་སིའུ་ཐང་གོང་ཙམ་ནས་རྗེ་བླ་མའི་གཟིམས་ཆུང་མདོ། ཉི་འོད་ཆེན་མོར་དགེ་འདུན་བརྒྱ་དང་ལྔ་བཅུ་ལྷག་ཙམ་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་ཀློག་རྒྱུའི་དབུ་ཚུགས། སིའུ་ཐང་སྐབས་ཞག་ཁ་ཤས་མཚམས་བཞག་སྟེ། དེ་ནས་དབྱར་གནས་རིང་ཚང་མ་ལ་ཀློག །པོ་ཏི་ལྔ་བཅུ་ང་གཉིས་སོང་མཚམས་ནས་གྲྭ་པ་ཚོ་ཡང་སློབ་གཉེར་པ་རྣམས་དཔེ་མཚམས་དང་། གཞན་པ་རྣམས་ཀྱང་འཚོ་བའི་སྟ་གོན་བྱེད་རྒྱུ་བཅས་ཕན་ཚུན་ཡས་མས་སུ་ཕེབས་སྲོལ་ཡོད་པ་བཞིན་བཀའ་འགྱུར་གྱི་མཚམས་རེ་ཞིག་བཞག་སྟེ། ཕྱག་རྡོར་འཁོར་ཆེན་གྱི་བསྙེན་པ། ཚེ་དཔག་མེད་ལྷ་དགུའི་བསྙེན་པ་སོགས་བྱས། ལྷ་ལྡན་ཁྲི་ཐོག་ཁང་གི་ཡང་སྟེང་དུ་བསྡད་ནས་གསང་འདུས་འཇིགས་རྟེན་དབང་ཕྱུག་དང་བདེ་མཆོག་དྲིལ་བུ་ལྷ་ལྔ་སོགས་ཀྱི་བསྙེན་པ་བཏང་སྟེ། ཁ་སྐོང་གི་སྦྱིན་སྲེག་ཀྱང་བྱས། ཤིང་སྤྲེལ་(༡༨༢༤)སྨོན་ལམ་ཆེན་མོ་དང་ཚོགས་མཆོད་སོགས་ཀྱི་བྱེད་སྒོ་སྔར་ལྟར་དང་། སྡོམ་རྒྱུན་སྤེལ་བ་སོགས་ཀྱང་རྒྱ་ཆེར་བྱས། རྨེ་རུའི་ཡང་སྟེང་དུ་སོང་ནས་འདུ་ཁང་ནང་དུ་ཕྱོགས་བཅུའི་དད་ལྡན་དགེ་འདུན་བདུན་བརྒྱ་ལྷག་ཙམ་ལ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཤད་ལུང་རྒྱས་པ་ཞག་གྲངས་མང་པོའི་བར་དུ་ཉིན་ལྟར་ཆོས་ཐུན་རིང་པོ་གཉིས་རེ་བྱས་ཏེ་བཏང་། མི་ལའི་མགུར་འབུམ་གྱི་ལུང་དང་མ་ཎི་བཀའ་འབུམ་གྱི་ལུང་། ཐུའུ་ཀྭན་ཧུ་ཐོག་ཐུ་དང་ཧོར་སྤྲུལ་སྐུ་སོགས་ཁ་ཤས་ལ་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་། ཁྲི་ཐོག་ཁང་དུ་རྣམ་སྲས་བཀའ་ཆེན་བཅོ་ལྔའི་རྗེས་གནང་སོགས་བྱས། དགའ་ལྡན་དབྱར་གནས་སྐབས་སྔར་གྱི་འཕྲོས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་ཡོངས་རྫོགས། དེའི་མཇུག་ཏུ་སྐྱིད་ཤོད་ཞབས་དྲུང་གི་བཀའ་འབུམ། པོ་ཏི་ལྔའི་རྩ་བ་སོགས་ལུང་རྒྱུན་རྒྱ་ཆེར་གནང་། ལོ་དེར་གཞུང་ས་མཆོག་ནས་རྒྱལ་བའི་དབང་པོ་ཚུལ་ཁྲིམས་རྒྱ་མཚོའི་ཡོངས་འཛིན་བྱེད་དགོས་ཀྱི་བཀའ་རྒྱ་ཕེབས་པ་ལྟར་ལྷ་ལྡན་དུ་ཕེབས་ཏེ་ཟླ་བ་བརྒྱད་པའི་ཚེས་བཅོ་ལྔའི་ཉིན་གོང་ས་མཆོག་ལ་མཇལ་བཅར་དང་ཡོངས་འཛིན་མཛད་སྒོ་གྲུབ་པ་དང་། ཐོག་མར་བླ་མ་མཆོད་པ་ནས་རྟེན་འབྲེལ་ཆེད་དབུ་བཙུགས་ཏེ་ཐུགས་འཛིན་གནང་དུ་བཅུག །དེ་ནས་ཆོས་སྤྱོད་ཀྱི་འཕྲོ་གང་ཡོད་དང་། འཇིགས་བྱེད་བསྐང་གསོ་སོགས་རིམ་གྱིས་ཐུགས་འཛིན་མཛད་རྒྱུའི་རྟིང་བསྐུལ་ཞུས། དགའ་ལྡན་ལྔ་མཆོད་གྲོལ་ནས་སྐྱབས་མགོན་རིན་པོ་ཆེ་བཅད་རྒྱའི་ཁོངས་ནས་ཀྱང་ཕྱག་དཔེ་འཛིན་སྐྱོར་མཛད། ལོ་མཇུག་ལཱུ་ཨི་པའི་བསྙེན་པ་གནང་། ཤིང་བྱ་(༡༨༢༥)ལོ་ཧོར་ཟླ་དྲུག་པ་དགའ་ལྡན་དུ་དབྱར་གནས་སྐབས་བསྟན་འགྱུར་གྱི་ལུང་གང་ཡོང་ཀློག །ཕྱག་རྡོར་ལཁོར་ཆེན་གྱི་བསྙེན་པ་བཏང་། དབྱར་གནས་གྲོལ་འཕྲལ་རྒྱལ་དབང་མཆོག་ལ་སྔར་བཞིན་ཕྱག་དཔེའི་རྟིང་བསྐུལ་ཞུ་བར་རྩེ་ལ་འབྱོར། རྒྱུད་པ་གྲགས་སོགས་ལ་བདེ་མཆོག་ལཱུ་ཨི་པའི་དབང་ཆེན། འཇམ་དབྱངས་བླ་མ་སོགས་ལ་ཕྱག་རྡོར་འཁོར་ཆེན་གྱི་དབང་བསྐུར་གནང་། བར་སེང་དུ་རབ་བྱུང་བསྙེན་རྫོགས་སོགས་ཀྱི་སྡོམ་རྒྱུན་ཡང་མང་པོ་སྤེལ། ཕྱོགས་འགྲུལ་མང་པོ་ལ་དགའ་ལྡན་ལྷ་བརྒྱ་མའི་ ཁྲིད་དང་། སྐྱབས་འགྲོའི་ཁྲིད། བསྙེན་གནས་དང་སྨྱུང་གནས་སོགས་ཀྱི་སྡོམ་པ་ཡང་མང་དུ་བྱིན། དེ་ནས་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་ དང་ལྷན་དུ་ཚེ་སྨོན་གླིང་དུ་རབ་གནས་ལ་ཕྱིན། རྒྱལ་ཚབ་ཚེ་སྨོན་གླིང་རིན་པོ་ཆེར་ནང་མཛོད་དང་མཎྜལ་རྟེན་གསུམ། གསེར་བརྒྱད་རྡོ། དངུལ་རྡོ་ ཚད་གཅིག །གོས་ཡུག་གཉིས། དགུ་ཚན་གསུམ། འགོ་སྣམ་གྱོན་འདེངས། ཤིང་འབྲས་ལྟང་། འབྲུ་དཀར་ལྟང་བཅས་ཕུལ། ཚུན་ལ་ཡང་འབུལ་སློག་དང་ སྐུ་འགྱེད་ཀྱི་སྐལ་བ་གནང་སྦྱིན་སོགས་གྱ་ནོམ་བསྩལ་སོགས་ཐུགས་སྣང་ཧ་ཅང་གཤིན་པོ་གནང་། དགུང་ལོ་རེ་བརྒྱད་པ་མེ་ཕག་(༡༨༢༧)ལོར་སྟག་ལུང་བྲག་རི་ཁྲོད་དུ་གཙུག་ལག་ཁང་བརྟེན་འདུ་ཁང་དང་སྐུ་གསུང་ཐུགས་རྟེན་རྒྱ་ཆེར་བཞེས་པ་ནས་སྟག་བྲག་བསམ་གཏན་གླིང་ཞེས་བཏགས། སྟག་ལུང་ཞེས་པ་ནི། སྔོན་གྱི་སྟག་ལུང་བྲག་དགོན་ཆགས་ཡུལ་དུ་རྒྱབ་རི་སྟག་དང་འདྲ་བས་སྟག་ལུང་བྲག་ཅེས་ཞུ། དགོན་དེ་ནི་ཐོག་མར་སྦ་ཏི་ལོ་ཙཱ་བ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ར་མོ་ཆེར་ས་སྒྲུབ་གནང་ས་དང་། སྟག་བྲག་གི་ཤར་ངོས་ནོར་བུ་རིར་རླུང་སྒོམ་གནང་ས་ཡིན་ཞེས་ཐོག་མར་ཁུ་སྟོན་གྱིས་ཕྱག་བཏབ་གནང་བའི་བཀའ་གདམས་པའི་རི་ཁྲོད་ཅིག་ཡོད་པ་ལ། དེ་རྗེས་དགའ་ལྡན་ཁྲི་ཐོག་བདུན་ཅུ་པ་ཁྲི་ཆེན་ངག་དབང་ཆོས་འཕེལ་འདི་ཉིད་ཀྱིས་ཀློང་རྡོལ་བླ་མ་རིན་པོ་ཆེའི་ལུང་བཞིན་གནས་དེའི་དགེ་སློང་རེར་ཆོས་གོས་རེ་ཕུལ་ནས་དགོན་དེའི་དགོན་བདག་གནང་། དེ་ནས་བཟུང་དགོན་གནས་ཁ་འཛིན་མཛད་མཁན་ལ་སྟག་བྲག་ཅེས་པའི་མཚན་འཇགས། དགའ་ལྡན་གསེར་ཁྲི་ལ་ཕེབས་ནས་ལམ་ལོ་ལྔའི་རིང་སྔར་རྒྱུན་བཞིན་སྟོན་པ་ཐུབ་པའི་དབང་པོའི་སྐྱེས་རབས་སོ་བཞི་པ་དང་། ལོ་དྲུག་པ་དེར་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ནས་དང་། ཚོགས་མཆོད་ལོ་དྲུག་ཀ་ལ་སྔར་རྒྱུན་བཀའ་གདམས་བུ་ཆོས་བཅས་གསུང་ཆོས་ར་བའི་ཆོས་ཐུན་རྣམས་ལ་བཤད་པ་ཤན་ཏུ་གྲ་རྒྱས་གནང་། དགུང་ལོ་རེ་དགུ་པ་རབ་བྱུང་བཅུ་བཞི་པའི་ས་བྱི་ལོ་(༡༨༢༨)ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་ནས་ཁྲི་པ་དགོངས་པ་ནན་གྱིས་ཞུས་པ་བཞིན་དགོངས་ཁྲོལ་བྱུང་། དགའ་ལྡན་ཁྲི་པ་ལོ་དྲུག་གི་རིང་དགག་དབྱེ་དང་ལྔ་མཆོད་རྣམས་ལ་ཡང་ལོ་དྲུག་ཀར་རྩམ་པ་ལྷུང་བཟེད་གང་བ་བྱས་ནས་ཕུལ་ཞིང་། དགག་དབྱེའི་སྐབས་གྲྭ་ཚང་ཡས་མས་ཀྱི་གཏོང་སྒོ་སོགས་ལ་ཡང་ཁྲལ་ཆོས་སུ་མ་སོང་བར་བཞེས་ཐུག་འབྲས་ཚ་སོགས་བཞེས་གང་སྤྲོ་ཡོང་བ་བྱས། ལོ་དྲུག་ཀའི་ལྔ་མཆོད་ཉིན་སྟོང་མཆོད་རེ་ཡང་མ་ཆག་པར་ཕུལ། ཁྲི་པ་གྲུབ་ཚེ་ཕྱི་ནང་བར་གསུམ་གྱི་རྩིས་སྤྲོད་རྣམས་ཀྱང་གླེང་བརྗོད་སྤུ་ཙམ་མེད་པར་སྔར་སྲོལ་རྒྱུན་བཟང་གང་ཡོད་བསྐྱངས། ལྷག་མཆོད་ཀྱང་རྒྱ་ཆེར་ཕུལ། གསེར་ཁྲི་ལས་འཕོས་པ་དང་གདན་ས་འབྲས་སྤུངས་སུ་ཞབས་སོར་འཁོད། ཚོགས་ཆེན་དང་སྒོ་བློ་གྲྭ་ཚང་ཀུན་ལ་ཇ་ཐུག་སྐུ་ཡོན་གྲ་རྒྱས་ཞུས། ལྷ་སྔགས་ཏིང་འཛིན་གྱི་ཉམས་ལེན་ལ་རྩེ་གཅིག་ཏུ་འབུངས་པའི་ཞར་ལ་གདན་ས་འབྲས་སྤུངས་སོགས་ཆོས་སྡེ་དུ་མར་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། མདོར་ན་རྒྱུད་སྨད་མཁན་པོ་གནང་བ་ནས་བཟུང་སྐུ་ཚེ་འཕེན་པ་ཞི་བར་མ་གཤེགས་བར་གདན་ས་དགའ་འབྲས་སོགས་ཆོས་སྡེ་ཁག་དུ་མར་རྒྱལ་སྲས་སྤྲུལ་པའི་སྐུ་དང༌། དགེ་བའི་བཤེས་གཉེན། རིས་མེད་སེར་སྐྱ་ཤིན་ཏུ་མང་པོ་ལ་མདོ་སྔགས་ཀྱི་ཁྲིད་ལུང་མན་ངག་གི་བཀའ་ཆོས་རྒྱ་ཆེར་བསྩལ། གསུང་གི་ལེགས་བཤད་ཀྱང་། རྗེ་ཉིད་ཀྱི་རྣམ་ཐར་རྒྱས་པ་དགེ་ལྡན་རིང་ལུགས་རྒྱས་བྱེད། རྣམ་ཐར་གྱི་རྩ་བ་ཚིགས་སུ་བཅད་པ་དགེ་ལྡན་གསེར་ཁྲིར་འཛེགས་པའི་ཐེམ་སྐས། གསང་འདུས་འཇིག་རྟེན་དབང་ཕྱུག་གི་བླ་བརྒྱུད་གསོལ་འདེབས། གསང་འདུས་འཇིག་རྟེན་དབང་ཕྱུག་ལྷ་བཅུ་དགུའི་སྒྲུབ་ཐབས་མདོར་བསྡུས། དེའི་བུམ་བསྐྱེད། དེའི་མདུན་བསྐྱེད། དེའི་སྨོན་ལམ། དེའི་ཤིས་བརྗོད། ཕྱག་རྡོར་གཏུམ་པོ་ཁྱུང་ལྔའི་བདག་མདུན་གྱི་སྒྲུབ་ཐབས། གཙུག་ཏོར་རྣམ་རྒྱལ་མའི་སྒྲུབ་ཐབས། བདེ་མཆོག་དྲིལ་བུ་ལྷ་ལྔའི་བསྐྱེད་རིམ་མདོར་བསྡུས། ཚད་མ་རྣམ་འགྲེལ་གྱི་ས་བཅད་མདོར་བསྡུས། སྐྱེས་རབས་སོ་བཞི་པའི་དོན་བསྡུས་ཀྱི་གསོལ་འདེབས་ཐུབ་དབང་རྗེས་དྲན། གྲུབ་མཐའི་རྣམ་བཤད་ཆེན་མོའི་ས་བཅད་བསྡུས་དོན། ཀུན་སྤྱོད་དགེ་སྦྱོར་དུ་བསྒྱུར་ཚུལ། རང་གཞན་ཆོས་ལ་བསྐུལ་བའི་བསླབ་བྱ་དང་རྗེ་རིན་པོ་ཆེའི་ལེགས་བཤད་སྙིང་པོའི་ས་བཅད་བཅས། བླ་མ་ལྔ་བཅུ་པའི་ས་བཅད། ཕྱག་རྡོར་གཏུམ་པོ་ལྷ་ལྔའི་མངོན་རྟོགས་མདོར་བསྡུས། ལྷ་མོ་འོད་ཟེར་ཅན་མའི་མངོན་རྟོགས་མདོར་བསྡུས་དང་གཞི་བདག་དགེ་བསྙེན་ཆེན་པོའི་གཏོར་འབུལ་གསེར་སྐྱེམས་བཅས། ཡང་དབེན་གནས་སྟག་ལུང་བྲག་གི་གཞི་བདག་དགེ་བསྙེན་གྱི་གསོལ་མཆོད་བསྐང་བཤགས་མངའ་གསོལ་བཅས། ལྷ་མོ་ཀུ་རུ་ཀུ་ལླེའི་མངོན་རྟོགས། བདེ་ལམ་བླ་བརྒྱུད་ཀྱི་རྒྱབ་ཡིག་སོགས་རྒྱབ་ཡིག་སྐོར་དང་གཞི་གསུམ་གྱི་ཆོ་གའི་ལག་ལེན་མདོར་བསྡུས་བཅས། ཁྲོ་བཅུ་ལ་བརྟེན་པའི་གདོན་བགེགས་བཟློག་ཐབས་མདོར་བསྡུས་དང༌། རྟེན་འབྲེལ་བསྟོད་པའི་ས་བཅད་མདོར་བསྡུས། དུས་འཁོར་གྱི་དྲིས་ལན། རྫིང་ཕྱིའི་བྱམས་པའི་ན་བཟའ་སྙན་ཤལ་སོགས་ཕུལ་བའི་འདོད་གསོལ་བཅས། སྤྱན་རས་གཟིགས་ཀྱི་བསྒོམ་བཟླས་མདོར་བསྡུས་དང༌། མགོན་པོ་ཕྱག་བཞི་པའི་གཏོར་འབུལ་མདོར་བསྡུས། དགེ་སློང་གྲགས་པ་བསྟན་དར་ནས་བསྐུལ་བའི་སྨོན་ཚིག་མདོར་བསྡུས་བཅས། ཆོས་མངོན་པ་མཛོད་ཀྱི་གནས་གཉིས་པ་ཡན་གྱི་ས་བཅད་མདོར་བསྡུས་དང༌། དཔལ་ཕྱག་ན་རྡོ་རྗེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སྒོམ་བཟླས་བཅས། གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་གཅིག་པ་ནས་གསུངས་པའི་མིག་གི་སྐྱོན་སྦྱོང་བྱེད་ཟབ་མོ། དྲིས་ལན་མཛུབ་མོ་རི་སྟོན། འགྲེལ་པ་དོན་གསལ་གྱི་ས་བཅད་མདོར་བསྡུས། འགྲེལ་པ་དོན་གསལ་གྱི་ཟིན་བྲིས། རྡོ་རྗེ་ཕྲེང་བ་ནས་བཤད་པའི་རིག་བྱེད་མ་ལྷ་བཅོ་ལྔའི་སྒྲུབ་ཐབས། བུམ་བསྐྱེད། བདག་འཇུག་སྨོན་ཤིས་སྦྱིན་སྲེག་བཅས། གནས་ཆུང་ཆོས་ཀྱི་རྒྱལ་པོའི་ཐུགས་དམ་བསྐང་བའི་རིམ་པ་རྭ་སྒྲེང་རྡོ་རྗེ་འཆང་གིས་མཛད་པ་ལ་གཞི་བྱས་ཁྲི་ཐོག་བདུན་ཅུ་པས་ཁ་སྐོང་ཅུང་ཟད་བགྱིས་པ་བཅས། བླ་མཆོད་བདེ་སྟོང་དབྱེར་མེད་མ་དང༌། ཕྱག་ཆེན་རྩ་བ་གཉིས་ཀྱི་ས་བཅད་མཆན་འགྲེལ། དུས་འཁོར་གྱི་སྦྱིན་སྲེག་འཇིགས་བྱེད་ཀྱི་བསྐྱེད་རྫོགས་གཉིས་ཀྱི་ཁྲིད་ཀྱི་ས་བཅད། ཕྱག་རྡོར་འཁོར་ཆེན་གྱི་སྒོམ་བཟླས་བྱ་ཚུལ་བཅས། ནོར་ལྷ་གང་རིགས་ལ་སྦྱར་ཆོག་པའི་གཡང་འགུགས་འདོད་དགུའི་ཆར་འབེབས། བཅས་པོད་ཆེན་གཅིག་ཡོད་པ་པོ་ཏ་ལའི་གསུང་འབུམ་དཀར་ཆག་ཏུ་གསལ།

གསུང་ལས་སྐྱེས་པའི་སློབ་མ་ནི། རྒྱལ་བའི་དབང་པོ་ཚུལ་ཁྲིམས་རྒྱ་མཚོ་དང༌། ཨོ་རོད་ཞབས་དྲུང་བློ་བཟང་བསྟན་པའི་རྒྱལ་མཚན། ཏ་ལའི་བླ་མ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།  བླ་བྲང་ཁྲི་ཞེ་གཅིག་པ་བསོད་གྲགས་སྤྲུལ་སྐུ་ཕྲེང་གཉིས་པ་དཀོན་མཆོག་རྒྱ་མཚོ། རྟ་ཚག་རྗེ་དྲུང་སྐུ་ཕྲེང་བརྒྱད་པ་ཡེ་ཤེས་བསྟན་པའི་མགོན་པོ། དཀའ་ཆེན་དགེ་ལེགས་རྒྱལ་མཚན། གཙང་པ་མཁན་ཆེན་སྤྲུལ་སྐུ། རོང་ཐ་ཆེ་ཚང་སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱུང༌། དགུང་ལོ་བརྒྱད་ཅུ་པ་རབ་བྱུང་བཅུ་བཞི་པའི་ས་ཕག་(༡༨༣༩)ལོའི་ཧོར་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། སྐུ་གདུང་སྟག་ལུང་རི་ཁྲོད་དུ་ཞུགས་འབུལ་སྐབས་རིང་བསྲེལ་བུང་བ་རྡོལ་བ་ལྟ་བུ་བསམ་གྱིས་མི་ཁྱབ་པར་སྤྲོས་པ་རྣམས་སྙིང་པོར་བྱས་པའི་གདུང་རྟེན་རིན་པོ་ཆེ་དུ་མས་ཕྲ་ཚོམས་བཀོད་པའི་དངུལ་གྱི་མཆོད་སྡོང་སྟག་བྲག་བསམ་གཏན་གླིང་གི་དགོན་གནས་སུ་བྱིན་རླབས་ཀྱི་ཚོན་ཁ་འབར་བཞིན་བཞུགས་སུ་གསོལ། 

རྣམ་ཐར་སྐོར་རྗེ་ཉིད་ཀྱི་རང་རྩོམ་དགའ་ལྡན་ཁྲི་ཐོག་བདུན་ཅུ་པ་ངག་དབང་ཆོས་འཕེལ་གྱི་རང་གི་སྤྱོད་ཚུལ་འགའ་ཞིག་བརྗོད་པ་དགེ་ལྡན་རིང་ལུགས་རྒྱས་བྱེད། དཔར་མ་ལ་ཤོག་གྲངས་གོ་གསུམ་ཡོད་པ་དམ་པ་དེའི་གསུང་འབུམ་དུ་བཞུགས། འདིའི་སྐུ་ཕྲེང་གཉིས་པའི་མཚན་མ་ཤེས། སྐུ་ཕྲེང་གསུམ་པ་སྟག་བྲག་སྲིད་སྐྱོང་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན། སྐུ་ཕྲེང་བཞི་པ་སྟག་བྲག་མཆོག་སྤྲུལ་བསྟན་འཛིན་དགེ་ལེགས་འཇིགས་མེད་བསྟན་པའི་རྒྱལ་མཚན་ད་ལྟར་ལྷ་སར་ཞལ་བཞུགས་ཡོད་པ་དེ་ཉིད་དོ། །(ཡག་པོ་གཟིགས་མ་གཏོགས་དཀའ་ལས་མང་པོ་བརྒྱབས་ཡིན། )