དགའ་ལྡན་ཁྲི་ཐོག་བདུན་ཅུ་པ་སྟག་བྲག་ངག་དབང་ཆོས་འཕེལ

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་བདུན་ཅུ་པ་སྟག་བྲག་ངག་དབང་ཆོས་འཕེལ། ལྷ་སའི་བྱང་རྒྱུད་འདམ་ཁུལ་མར་རྐྱང་ཕ་བོང་དཀར་རི་ཞེས་པ་དེར་ཡབ་ཨ་ར་དབུ་རྒྱན་དང་ཡུམ་ཐང་ཟ་ཚེ་རིང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་༡༧༦༠ལོར་སྐུ་འཁྲུངས། དགུང་ལོ་ལྔ་ཙམ་ནས་འཁྲུངས་ཁྱིམ་ཤིན་ཏུ་དབུལ་བས་འབྱོར་ལྡན་ཁྱིམ་བདག་གཞན་གྱི་རེའུ་དང་ལུ་གུ་འཚོ་བར་ཕེབས། དགུང་ལོ་དགུ་ལ་སླེབས་དུས་གཞན་གྱི་ར་ལུག་འཚོ་སྐྱོང་གི་གཡོག་ཏུ་རྒྱུགས་དགུང་ལོ་བཅུ་གསུམ་པ་ཆུ་འབྲུག་༡༧༧༢ལོ་དེ་ཇོ་བོ་རྣམ་གཉིས་སོགས་མཇལ་ཁ་གྲུབ་ནས། གངས་ཅན་གྱི་ན་ལན་དྲ་དཔལ་ལྡན་འབྲས་སྤུངས་བཀྲིས་སྒོ་མང་གྲྭ་ཚང་གི་ཧར་གདོང་ཁང་ཚན་དུ་ཆོས་ཞུགས་གནང༌། ཞ་ལུ་མཁན་པོ་དཀའ་བཅུ་བློ་བཟང་དཔོལ་འབྱོར་དགེ་རྒན་དུ་བསྟེན་ནས་གཞུང་ཆེན་ཁག་ལ་ཐོས་བསམ་གྱི་དབུ་ཚུགས། དགུང་ལོ་བཅོ་ལྔ་པ་ཤིང་རྟ་༡༧༧༤ལོར་བློ་གླིང་མཁན་རབས་ཞེ་གཉིས་པ་གཙང་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་བཅུ་དགུ་པར་རྣམ་འགྲེལ་ཚོགས་ལངས་དང༌། ལོ་དེར་ཕར་ཕྱིན་ཐོན་པའི་སྟོན་མོའི་དམ་འཇོག་གནང༌། དགུང་ལོ་ཉི་ཤུ་པ་ས་ཕག་༡༧༧༩ལོར་རྒྱལ་མཆོག་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་དྲུང་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས། བཀའ་རམ་འཛིན་གྲྭའི་སྐྱོར་དཔོན་གནང༌། དགུང་ལོ་སོ་བདུན་པ་མེ་འབྲུག་༡༧༩༦ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་མཁས་མང་ཁྲི་ཕྲག་ཚོགས་པའི་དབུས་སུ་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་བཞག་ནས་གཞུང་ལུགས་རབ་འབྱམས་སྨྲ་བའི་མཚན་སྙན་བཞེས། ལོ་དེར་རྒྱུད་སྨད་དུ་ཞུགས་ནས་གསང་སྔགས་ཀྱི་སློབ་གཉེར་མཐར་ཕྱིན་པ་མཛད། སྔགས་རམས་པའི་མཚན་བཏགས་བཞེས། རྒྱུད་པའི་དགེ་བསྐོས་བཅས་རིམ་བཞིན་མཛད་ནས་སྒྲིག་སྤྱོད་དག་ཐེར་ཚུལ་བཞིན་གནང༌། དཀའ་ཆེན་ཡེ་ཤེས་རྒྱལ་མཚན་དང་ཀློང་བརྡོལ་ངག་དབང་བློ་བཟང་སོགས་སྐྱེས་ཆེན་དམ་པ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་གསེར་ཆོས་མཐའ་ཡས་པའི་དབང་ལུང་མན་ངག་ཞུས། དགུང་ལོ་ཞེ་བརྒྱད་པ་རབ་བྱུང་བཅུ་བཞི་པའི་མེ་ཡོས་༡༨༠༧ལོར་རྒྱུད་སྨད་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས་ཐོག་ནས་གཞུང་ཆེན་ཁག་གི་སློབ་ཁྲིད་རྒྱ་ཆེར་གནང་ཞོར་རྒྱུད་པའི་མཁན་པོ་ཡང་ཆབས་ཅིག་ཏུ་མཛད། ཀུན་བདེ་གླིང་ཧོ་ཐོག་ཐུའི་སྐུ་ཕྲེང་ཡོངས་འཛིན་གནང༌། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་བཞི་པའི་ཆུ་རྟ་༡༨༢༢ལོར་དགའ་ལྡན་གསེར་ཁྲིར་ཕེབས་ནས་ཁྲི་ལོ་བདུན་མཐར་འཁྱོངས་པ་མཛད། ཁྲི་ལ་ཕེབས་ནས་ལོ་དྲུག་པ་ལ་རྒྱལ་མཆོག་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་ཡོངས་འཛིན་དུ་ཕེབས་ནས་གཞུང་ཆེན་ཁག་གི་མཛུབ་ཁྲིད་རྒྱ་ཆེར་ཕུལ། དགུང་ལོ་རེ་བརྒྱད་པ་མེ་ཕག་༡༨༢༧ལོར་སྟག་ལུང་བྲག་རི་ཁྲོད་དུ་གཙུག་ལག་ཁང་བརྟེན་འདུ་ཁང་དང་སྐུ་གསུང་ཐུགས་རྟེན་རྒྱ་ཆེར་བཞེས་པ་ནས་སྟག་བྲག་བསམ་གཏན་གླིང་ཞེས་བཏགས། དེ་ནས་བཟུང་དགོན་གནས་ཁ་འཛིན་མཛད་མཁན་ལ་སྟག་བྲག་ཅེས་པའི་མཚན་འཇགས། རྒྱུད་སྨད་མཁན་པོ་གནང་བ་ནས་བཟུང་སྐུ་ཚེ་འཕེན་པ་ཞི་བར་མ་གཤེགས་བར་གདན་ས་འབྲས་སྤུངས་སོགས་ཆོས་སྡེ་ཁག་དུ་མར་རྒྱལ་སྲས་སྤྲུལ་པའི་སྐུ་དང༌། དགེ་བའི་བཤེས་གཉེན། རིས་མེད་སེར་སྐྱ་ཤིན་ཏུ་མང་པོ་ལ་མདོ་སྔགས་ཀྱི་ཁྲིད་ལུང་མན་ངག་གི་བཀའ་ཆོ་རྒྱ་ཆེར་བསྩལ། གསུང་གི་ལེགས་བཤད་ཀྱང་ ༨༣༣ སོགས་ཤིན་ཏུ་མང་པོ་བཞུགས། གསུང་ལས་སྐྱེས་པའི་སློབ་མ་ནི། རྒྱལ་བའི་དབང་པོ་ཚུལ་ཁྲིམས་རྒྱ་མཚོ་དང༌། རྟ་ཚག་རྗེ་དྲུང་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱུང༌། དགུང་ལོ་བརྒྱད་ཅུ་པ་ས་ཕག་༡༨༣༩ལོར་སྐུ་གཤེགས། རྣམ་ཐར་སྐོར་རྗེ་ཉིད་ཀྱི་རང་རྩོམ་དགའ་ལྡན་ཁྲི་ཐོག་བདུན་ཅུ་པ་ངག་དབང་ཆོས་འཕེལ་གྱི་རང་གི་སྤྱོད་ཚུལ་འགའ་ཞིག་བརྗོད་པ་དགེ་ལྡན་རིང་ལུགས་རྒྱས་བྱེད། དཔར་མ་ལ་ཤོག་གྲངས་གོ་གསུམ་ཡོད་པ་དམ་པ་དེའི་གསུང་འབུམ་དུ་བཞུགས། འདིའི་སྐུ་ཕྲེང་གཉིས་པའི་མཚན་མ་ཤེས། སྐུ་ཕྲེང་གསུམ་པ་སྟག་བྲག་སྲིད་སྐྱོང་ངག་དབང་གསུང་རབ། སྐུ་ཕྲེང་བཞི་པ་སྟག་བྲག་མཆོག་སྤྲུལ་ད་ལྟར་ལྷ་སར་ཞལ་བཞུགས་ཡོད་པ་དེ་ཉིད་དོ། །