དགའ་ལྡན་ཁྲི་ཐོག་བདུན་ཅུ་དོན་བརྒྱད་པ་རྒྱལ་རོང་བློ་བཟང་འཇམ་དབྱངས་དམ་ཆོས་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་བདུན་ཅུ་དོན་བརྒྱད་པ་རྒྱལ་རོང་བློ་བཟང་འཇམ་དབྱངས་དམ་ཆོས་ནི། སྤྱི་ལོ་དུས་རབས་བཅུ་དགུ་པ་རབ་བྱུང་བཅུ་བཞི་པའི་ནང་མདོ་ཁམས་རྒྱལ་རོང་དར་མདོ་རྫོང་ཁོངས་ལྷ་མོ་རྩེ་ཁུལ་དུ་འཁྲུངས། སྐུ་ན་ཆུང་དུས་ནས་ཕལ་བའི་སྐྱེ་བོ་ལས་འགོང་བའི་མཛད་སྤྱོད་ཁོ་ན་བསྟན། སྐུ་ན་ཆུང་དུས་གཞིས་དགོན་ལྷ་མོ་རྩེ་དགའ་ལྡན་འགྲོ་ཕན་གླིང་དུ་ཆོས་ཞུགས་ཀྱིས་ཡི་གེ་ཕྱི་མོ་སོགས་ལ་བསླབས། སྐུ་ལ་སོན་པ་དང་དབུས་སུ་བྱོན་ནས་མཆོད་མཇལ་དང་གནས་བསྐོར་གྲུབ་རྗེས་གདན་ས་འབྲས་སྤུངས་མཁས་མང་བློ་གསལ་གླིང་གི་ཆོས་སྒོར་ཞུགས། རོང་པོ་མཁན་ཆེན་བློ་བཟང་ཕུན་ཚོགས་དང༌། བློ་གླིང་སློབ་དཔོན་འཇམ་དབྱངས་བསྟན་པ་སོགས་ལ་བསྟེན་ནས་བསྡུས་བཞུང་དང་རྣམ་འགྲེལ། དབུ་ཕར། འདུལ་མཛོད་བཅས་ལ་དཀའ་སྤྱད་འབད་པ་དྲག་པོས་བསླབས་ཏེ་མཁས་པར་གྱུར། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་པས་གཟུར་གནས་མཁས་རྒུའི་ཡིད་དབང་འཕྲོག ལྷ་རམས་པའི་གྲྭ་སྐོར་གྲུབ་ནས་རྒྱུད་སྡེ་རྒྱ་མཚོའི་བསྟི་གནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཞུགས་གནང༌། རྒྱུད་སྡེ་བཞིའི་དོན་ལ་གཞན་དྲིང་མེད་པའི་མཁས་པར་བསླབས། སྡེ་དྲུག་བློ་བཟང་མཁྱེན་རབ་དབང་ཕྱུག ཆུ་བཟང་བླ་མ་ཡེ་ཤེས་རྒྱ་མཚོ་དང༌། པཎ་ཆེན་བསྟན་པའི་ཉི་མ་སོགས་ལས་མདོ་སྔགས་ཀྱི་བཀའ་ལུང་མན་ངག་རྒྱ་ཆེར་མནོས། སྨད་རྒྱུད་ཀྱི་དགེ་བསྐོས་དང་བླ་མ་དབུ་མཛད། རིམ་པར་བརྒྱུད་དེ། ཇི་སྐད་དུ་བརྒྱུད་འདེབས་ལས། འཇམ་དཔལ་དབྱངས་དངོས་རྗེ་བཙུན་ཙོང་ཁ་པའི། ། མདོ་སྔགས་དམ་པའི་ཆོས་ཀུན་ལེགས་བཟུང་ནས། ། སྐལ་བཟང་གདུལ་བྱའི་ཚོགས་རྣམས་ཚིམས་མཛད་པ། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། ཞེས་འབྱུང་བ་ལྟར་དཔལ་ལྡན་སྨད་རྒྱུད་པའི་མཁན་ཁྲིར་ཕེབས་ནས་རྒྱུད་སྡེ་རྒྱ་མཚོའི་འཆད་ཉན་རྒྱ་ཆེར་སྤེལ། བྱང་རྩེ་བརྒྱུད་རབ་བྱུང་བཅུ་བཞི་པའི་ལྕགས་བྱ་༡༨༦༡ ལོར། དགའ་ལྡན་གསེར་ཁྲིར་ཞབས་སོར་འཁོད་དེ་ཁྲི་ལོ་བདུན་བསྐྱངས་རིང་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་དགེ་ལྡན་བསྟན་པ་རིན་པོ་ཆེ་བླ་ན་སྤེལ། འཁྲུངས་ཡུལ་གཞིས་དགོན་ལྷ་མོ་རྩེ་དགོན་དུ་དགའ་ལྡན་ལྡན་ལྷ་བརྒྱ་མའི་ཞལ་ཐང་ཆེན་མོ་ཞིང་ལ་ཁྲི་སོ་ལྔ་དང་ཞེང་ལ་རིང་ཐུང་ཁྲི་དོ་གསུམ་ཡོད་པའི་ཐོག་ཏོག་ཆ་གཅིག་ལ་དངུལ་སྲང་ལྔ་བཅུ་ཡོད་པ་གཅིག ཙོང་ཁ་རྒྱ་ཅུའི་ཞལ་ཐང་ཆེན་མོ་ལྔ་བཅས་གནང་བ་དུས་ཕྱིས་རིག་གནས་གསར་བརྗེ་བར་དུ་གཞིས་དགོན་དེའི་ནང་དུ་བཞུགས་འདུག ཁྲི་ལས་ཟུརནས་རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་སྒྲེངས། ཞི་བར་གཤེགས་པ་དང་དམ་པ་གང་གི་རིང་བསྲེལ་གྱི་སྙིང་པོ་ཞུགས་པའི་གདུང་རྟེན་གྱི་ཆ་ཤས་དངུལ་གྱི་མཆོད་རྟེན་ཞིག་གཞིས་དགོན་ལྷ་མོ་རྩེར་བཞུགས། འདས་ལོ་མི་གསལ། དེའི་སྐྱེ་སྤྲུལ་ཚལ་གུང་ཐང་དུ་འཁྲུངས་ནས། ཁམས་སུ་བྱོན། ཐང་ལུང་ས་ཆར་ཡུན་རིང་བཞུགས་ཏེ་བླ་བྲང་གི་རྟེན་གཞི་ཆགས། དུས་ཕྱིས་བླ་བྲང་འདིའི་ཤུལ་འཛིན་དགའ་ལྡན་ཁྲི་ཆེན་གྱ་གཉིས་པ་ཆོས་རྗེ་ཡེ་ཤེས་ཆོས་འཕེལ་གྱི་མཛད་པའི་ངག་རྒྱུན་ཡོད་ཚུལ། དགའ་ལྡན་ཁྲི་ཐོག་བརྒྱ་པ་ཆོས་རྗེ་བློ་བཟང་ཉི་མས་རྒྱུད་སྨད་ཆོས་འབྱུང་དུ་གསུངས། ། དགའ་ལྡན་ཁྲི་ཐོག་དོན་བརྒྱད་པ་ཁྲི་ཆེན་འཇམ་དབྱངས་དམ་ཆོས་ནི། ཁམས་རྒྱལ་མོ་རོང་དུ་འཁྲུངས། འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད། དགེ་བཤེས་ལྷ་རམས་པ་ཐོན་ནས་རྒྱུད་སྨད་དུ་ཞུགས་ཏེ་རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་རིམ་པར་བརྒྱུད་དེ་རབ་བྱུང་བཅུ་བཞི་པའི་ལྕགས་བྱ་༡༨༦༡ལོར་དགའ་ལྡན་གྱི་ཁྲིར་ཕེབས། ཁྲི་ལོ་བདུན་བསྐྱངས་ནས་གཤེགས། རྣམ་ཐར་ཟུར་དུ་མེད།