དགའ་ལྡན་ཁྲི་ཐོག་བཅུ་བདུན་པ་མི་ཉག་རྡོ་རྗེ་བཟང་པོ་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་བཅུ་བདུན་པ་མི་ཉག་རྡོ་རྗེ་བཟང་པོ་ནི། རབ་བྱུང་བརྒྱད་པའི་ལྕགས་ཕག་ ༡༤༩༡ ལོར་མདོ་ཁམས་མི་ཉག དེང་སང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་རྟའུ་རྫོང་བར་སྨད་ཀྲེན་ཁོངས་འགྲོ་ཡོད་གྲོང་དུ་བལྟས་བཟང་དུ་མ་དང་བཅས་འཁྲུངས། སྐུ་ན་ཆུང་དུས་ནས་མི་ཉག་དགེ་བཤེས་བསྟན་འཕེལ་ཉི་མས་བཀའ་ལུགས་དགེ་བསྒྱུར་བྱས་པའི་ཆོས་སྡེ་བཀའ་ཞིག་དགོན་དུ་ཞུགས་ནས་ཡི་གེའི་ཕྱི་མོ་དང་ཆོས་སྤྱོད་ཆོ་ག་སོགས་ལ་བསླབས། ནར་སོན་པ་དང་དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས་ཏེ་ཐོག་མར་ཆོས་སྡེ་ཆེན་པོ་དཔལ་ལྡན་སྤུངས་བློ་གསལ་གླིང་མི་ཉག་ཁང་ཚན་དུ་ཆོས་ཞུགས་གནང༌། འཇམ་དབྱངས་དགའ་བའི་བློ་གྲོས་དང༌། བློ་གླིང་མཁན་རབས་དགུ་པ་སློབ་དཔོན་སངས་རྒྱས་བཟང་པོ་ལས། དབུ་ཕར་ཀྱི་གཞུང་ལུགས་ལ་གསན་བསམ་རྒྱ་ཆེར་མཛད་པས་བློ་གསར་བ་ཚོའི་ཁྲོད་ནས་མཁས་པའི་མཚན་སྙན་འབར། གཞུང་ཆེན་པོའི་རྩ་འགྲེལ་མང་པོ་ཚེགས་མེད་པར་ཐུགས་འཛིན་གནང༌། རྒྱུན་དུ་གཟིམ་ཤག་ལ་ཐུགས་གཉེར་གནང་དུས་ཉལ་ནས་བཞུགས་སྲོལ་ལས་ཡར་བཞེངས་པའི་སྲོལ་མེད་པས། མི་ཉག་ཁང་ཚན་དགེ་རྒན་གྱིས་ལན་ཁ་ཡར་བཀའ་བསྒྱུར་གནང་བར་མ་ཟད། ཉིན་ཞིག་ཁང་ཚན་སྒྲིག་ཁུངས་སུ་བསྡད་མི་ཆོག་པའི་བཀའ་བསྒྱུར་ཚ་ནན་བཏང༌། དགོང་མོ་ཁང་ཚན་དམ་བཅའ་ཞིག་བཞག་པའི་སྐབས་ད་ནས་ཁང་ཚན་འདིར་མི་བསྡད་དགོངས་ཏེ་གདིང་བ་ཕྲག་ཏུ་གཟར་ནས་ཕེབས་གྲབས་གནང་སྐབས། བསྟན་སྲུང་བསེ་ཁྲབ་པས་ཁོང་གི་ན་གཟའ་ནས་འཇུས་ཏེ་འཐེན་འཐེན་ཐེངས་འགར་ཞུས་པས། རྗེ་འདིས་ཀྱང་རྟེན་འབྲེལ་ལ་དགོངས་ནས། ཁྱོད་ལ་དགོས་པ་དེ་འདི་ཡིན་རྒྱུ་རེད་གསུངས་ནས་གདིང་བ་དེ་དམ་ཁྲིའི་སྒང་བརྡབ་བརྡབ་ཅིག་བཏང་པས། དེའི་རྟེན་འབྲེལ་ལས་དུས་ཕྱིས་ཁང་ཚན་འདི་ནས་དགའ་ལྡན་ཁྲི་ལ་ཕེབས་མཁན་སྐྱེས་ཆེན་འགའ་ཞིག་བྱུང་བར་བཤད། དེ་ནས་བྱམས་ཆེན་ཆོས་ཀྱི་རྒྱལ་པོའི་གདན་ས་སེ་ར་ཐེག་ཆེན་གླིང་དུ་ཕེབས་ནས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མི་ཉག་ཁང་ཚན་དུ་ཆོས་ཞུགས་གནང༌། གཞུང་ཆེན་ཁག་གི་གསན་བསམ་གྱི་འཕྲོ་མཐུད། དཀའ་ཆེན་གྲྭ་སྐོར་མཛད་པས་མཁས་པའི་མཚན་སྙན་གང་སར་འབར། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ནས་གསང་སྔགས་རྒྱུད་སྡེའི་གཞུང་ལ་བསླབས་པས། མདོ་སྔགས་གཉིས་ཀར་མཁས་པའིཡང་རྩེར་སོན། སེར་སྨད་གྲྭ་དམངས་ཀྱིས་རེ་བ་ལྟར་རྒྱུད་སྟོད་ནས་སེར་སྨད་དུ་ཕྱིར་ཕེབས་ནས་འཆད་ཉན་པའི་མཁན་ཁྲིར་ཞབས་སོར་འཁོད། རྗེ་འདི་ཉིད་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་རབས་བཅུ་གཉིས་པ་དེ་ཡིན། གདན་ས་ཆེན་པོ་དེར་འཆད་ཉན་གྱི་སྲོལ་དབྱར་མཚོ་ལྟར་སྤེལ་བཞིན་པའི་མུར། རྒྱུད་སྟོད་མཁན་ཁྲིར་རྒྱུད་མི་དགོས་པར་ཤར་རྩེའི་ཁྲིར་ཟླ་ཤས་བཞུགས་རྗེས། དགུང་ལོ་ཞེ་དགུ་པ་རབ་བྱུང་དགུ་པའི་ས་ཕག་ ༡༤༣༩ ལོར། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཇམ་མགོན་རྒྱལ་བ་གཉིས་པའི་གསེར་ཁྲིར་ཞབས་སོར་འཁོད། སེར་སྨད་མཁན་ཁྲི་རྒྱུད་དགའ་ལྡན་གསེར་ཁྲིར་ཕེབས་མཁན་ཐེངས་དང་པོ་དེ་རྗེ་འདི་ཉིད་ཡིན། ཁྲི་ལོ་བདུན་བསྐྱངས་ཤིང་དེའི་རིང་དམ་པ་གོང་མའི་ཕྱག་སྲོལ་མི་ཉམས་རྒྱུན་འཛིན་ཐོག དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་རྗེའི་གཟིམས་ཁང་ཆེན་མོར་ཤིང་རྩི་དང་ལྡེབས་རིས་སོགས་ལེགས་པར་མཛད། བཤད་སྒྲུབ་འཁོར་ལོ་གསུམ་གྱིས་དགེ་ལྡན་བསྟན་པའི་ལུགས་བཟང་བླ་ན་སྤེལ། དགུང་ལོ་ང་དྲུག་པ་རབ་བྱུང་དགུ་པའི་མེ་རྟ་ ༡༥༤༦ ལོར་ཁྲི་ལས་གཤོལ་ནས་བདེ་བ་ཅན་དུ་ཟུར་བཞུགས་མཛད་ཞོར་སྤྲས་རིན་ཆེན་བྲག་གི་ཞལ་འཛིན་ཡང་མཛད། རྒྱུན་ལྡན་རྗེ་འདི་ཉིད་ལ་མངོན་པར་མཁྱེན་པ་དང་གྲུབ་པའི་མཐུ་ཡོད་པ་ཡོངས་སུ་གྲགས་ཀྱང་མོ་གལ་གྱི་བུའི་རྫུ་འཕྲུལ་གྱི་དཔེ་ལྟར། དགུང་ལོ་རེ་བཞི་པ་རབ་བྱུང་དགུ་པའི་ཤིང་སྟག་ ༡༥༥༤ ལོར། ཐེ་བོ་དང་འདན་མ་ནང་འཁྲུགས་སྐབས་བར་འདུམ་དུ་འཚང་བས་སུ་ཡིན་མི་ཤེས་པས་རྡོ་ཞིག་འཕངས་པ་དབུ་ལ་ཕོག་པའི་རྐྱེན་བྱས་ནས་ཞི་བར་གཤེགས། དེའི་སྐྱེ་སྲིད་གཉིས་པ་མི་ཉག་ཁྲི་སྤྲུལ་ཚུལ་ཁྲིམས་མགོན་པོ་ནས་བཟུང༌། སྐུ་ཕྲེང་བཅུ་བཞི་པ་ངག་དབང་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་བར་རིམ་པར་བྱུང་སྣང་ངོ༌།།