དགའ་ལྡན་ཁྲི་ཐོག་བཅུ་པ་འདན་མ་ཡེ་ཤེས་བཟང་པོ་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་བཅུ་པ་འདན་མ་ཡེ་ཤེས་བཟང་པོ། རབ་བྱུང་བདུན་པའི་ཤིང་ལུག་ ༡༤༡༥ ལོར་ཁམས་འདན་ཁོག་ཏུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་དབུས་སུ་གདན་ས་འབྲས་སྤུངས་སུ་ཆོས་ཞུགས་གནང༌། མཁན་ཆེན་དཔལ་ལྡན་བློ་གྲོས་པའི་ཞབས་ལ་བརྟེན་ནས་དབུ་མ་དང་ཕར་ཕྱིན་ཚད་མ་གསུམ་ལ་བསླབས། འདུལ་འཛིན་དགེ་ལེགས་དཔལ་བ་ལས་འདུལ་མཛོད་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་མཐར་ཕྱིན་པར་མཛད་ནས་གླིང་བསྲེས་དམ་བཅའ་བཞག་པས་མཁས་པའི་མཚན་སྙན་ཕྱོགས་ཀུན་བརྡལ། གླིང་བསྲེའི་དམ་བཅའ་ནི་སྔར་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་སྔར་བོད་ཡུལ་གངས་ཅན་ལྗོངས་སུ་འདིའི་ཆོས་གྲྭ་ཆེན་པོ་གསང་ཕུ་སོགས་ན་ལུང་རིགས་ཀྱི་བཤད་གྲྭ་འཛུགས་གནང་པ་ལས། ཇོ་བོ་རྗེ་སྙེ་ཐང་དུ་བཞུགས་པའི་བཞུགས་པའི་དུསན། ཉིན་གཅིག་ཇོ་བོའི་ཞལ་ནས། ད་ནངས་མགོན་པོ་བྱམས་པ་དང་རྗེ་བཙུན་འཇམ་དབྱངས་གཉིས་མདུན་གྱི་ནམ་མཁར་བྱོན་ཏེ་ཐེག་པ་ཆེན་པོའི་ཆོས་ཀྱི་བགྲོ་གླེང་མཛད་དེ། གསང་བའི་བདག་པོ་ལག་ན་རྡོ་རྗེས་བར་ཆད་སྲུང༌། ལྷའི་བུ་མང་པོས་ཟུར་བྲིས་གནང་བཞིན་པར་གཟིགས་ཤིང༌། གནས་དེར་བྱམས་འཇམ་དབྱངས་གཉིས་ཀྱིས་དྲངས་ངེས་ཀྱི་དོན་ལ་རྩོད་པའི་རྟེན་འབྲེལ་ལས་དུས་ཕྱིས་གསང་ཕུ་གླིང་སྟོད་སྨད་གཉིས་སུ་གྱེས་པར་བསྟན་པར་བཟང་འགྲན་ལྟ་བུའི་གླིང་སྟོད་སྨད་བསྲེས་པའི་ནང་གཞུང་ཅེན་པོའི་དམ་བཅའ་གཞག་རྒྱུའི་སྲོལ་བཟང་པོ་བྱུང་བ་ལྟར། དགེ་ལྡན་པའི་གདན་སར་གླིང་བསྲེས་དམ་བཅའ་བཞག་པའི་སྲོལ་ཡང་ཐོག་མ་འདི་ནས་བྱུང་བ་ཡིན་ནོ།། རྗེ་འཇམ་དབྱངས་ཆོས་རྗེའི་དྲུང་ནས་བསྙེན་པ་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས། ཀོང་པོ་རབ་འབྱམས་པ་ཚུལ་ཁྲིམས་བློ་གྲོས་བློ་གསལ་གླིང་གྲྭ་ཚང་གི་འཆད་ཉན་པ་གནང་གིན་ཞི་བར་གཤེགས་པའི་ཤུལ་དུ་རྗེ་འདི་ཉིད་མཁས་མང་བློ་གསལ་གླིང་གི་འཆད་ཉན་པ་མཛད་པས་གྲྭ་ཚང་འདིའི་མཁན་རབས་གསུམ་པ་ཡིན། རྗེ་འདིས་འཆད་ཉན་པ་མཛད་པའི་རིང༌། འཆད་རྩོད་རྩོམ་གསུམ་དང༌། བཤད་སྒྲུབ་ལས་གསུམ་གྱིས་བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པས་དགེ་འདུན་འདུས་ཚོགས་དབྱར་གྱི་མཚོ་ལྟར་འཕེལ་ཞིང༌། བཤད་སྒྲུབ་འཆད་ཉན་སྟོན་ཀའི་ཟླ་བ་ལྟར་རྒྱས། འཆད་ཉན་ལས་ཟུར་པའི་རྗེས་དགའ་ལྡན་ཤར་རྩེ་ཆོས་རྗེའི་ཁྲིར་གདན་དྲངས་པ་ལྟར་ཕེབས་ནས་འཆད་ཉན་གྱི་སྲོལ་རྒྱ་ཆེར་འཕེལ་བ་བྱུང༌། 
རྗེ་འདི་ཉིད་དགའ་ལྡན་ཤར་རྩེ་ཆོས་རྗེ་དྲུག་པ་ཡིན་ནོ། དགུང་ལོ་དོན་དགུ་པ་རབ་བྱུང་བརྒྱད་པའི་ཆུ་གླང་ ༡༤༩༣ ལོར་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་མི་འཇིགས་སེང་གེས་བཏེགས་པའི་གསེར་ཁྲིར་ཞབས་སོར་འཁོར་ལོའི་རེ་ཁ་མངོན་པར་བཀོད་ནས། ཐུབ་བསྟན་སྤྱི་དང་དེའི་ཡང་སྙིང་འཇམ་མགོན་རྒྱལ་བ་གཉིས་པ་ཡབ་སྲས་ཀྱིས་དག་ཐེར་ལེགས་པར་མཛད་པའི་མཉམ་མེད་དགེ་ལྡན་རིང་ལུགས་པའི་གསེར་སྦྱངས་བཙོ་མ་ལྟ་བུའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་རླབས་པོ་ཆེ་བསྐྱངས།སྟག་ལོ་ཟླ་བ་བཅུ་པའི་ཚེས་ཉེར་ལྔ་དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་རྒྱལ་མཆོག་དགེ་འདུན་རྒྱ་མཚོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྗེའི་དངུལ་གདུང་ཆེན་མོ་སོགས་ལ་མཆོད་མཇལ་ཕེབས་པའི་སྐབས་དང་བསྟུན་ནས་ཁྲི་ཆེན་འདི་ཉིད་ཀྱི་དྲུང་དུ་བཅར་ནས་བླ་མའི་རྣལ་འབྱོར་ཞིག་གི་ཆོས་འབྲེལ་ཞིག་ཀྱང་ཞུས། དེབ་ཐེར་ནོར་བུའི་ཕྲེང་བ་༣༦༡ ནང་གསལ། རྗེ་འདི་ཉིད་བློ་གསལ་གླིང་གྲྭ་ཚང་གི་མཁན་པོའི་ཁོངས་ནས་ཕེབས་པའི་དགའ་ལྡན་ཁྲི་འཛིན་དང་པོ་དེ་ཡིན། འདིའི་གསུང་འབུམ་ཡང་དབུ་ཕར་གྱི་དཀའ་འགྲེལ་དང༌། སྔགས་ཀྱི་སྒྲུབ་ཐབས་སོགས་ཅི་རིགས་ཡོད་པར་མ་ཟད། འཇམ་དབྱངས་དགའ་བློ་མ་བྱོན་པའི་སྔོན་དུ་གྲྭ་ཚང་འདིའི་ཡིག་ཆའི་གཙོ་བོ་ཡང་རྗེ་འདིའི་ལེགས་བཤད་རྣམས་ཡིན་པར་བཤད་དེ། པཎ་ཆེན་བསོད་ནམས་གྲགས་པའི་དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེའི་མཇུག་བྱང་དུ་དབུ་མ་པ་ཆེན་པོ་ཆོས་ཀྱི་རྗེ་ཡེ་ཤེས་བཟང་པོ་དང་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱི་ལེགས་བཤད་ལ་བརྟེན་ནས་མདོ་སྔགས་རབ་འབྱམས་སྨྲ་བ་བསོད་ནམས་གྲགས་པའི་དཔལ་གྱིས་སྦྱར་བའོ༌། ། ཞེས་པ་གསུངས་པ་ལ་བརྟག་ན་ཤེས་པར་ནུས་སོ། །
 གཞུང་ཆེན་སྤྱི་དང་ལྷག་པར་ཕར་ཕྱིན་སྐོར་འཆད་ཉན་རྒྱ་ཆེར་སྤེལ་བས་རྗེ་འདིས་ཞལ་ཤགས་ཀྱི་ཚུལ་དུ་མི་ཚོས་གསེར་ཟངས་ཀྱི་བྱམས་སྐུ་བཞེངས་ཀྱང༌། ཁོ་བོས་ནི་མི་རང་ལ་བྱམས་སྐུ་བཞེངས་པ་ཡིན་ཞེས་གསུངས་པ་ལྟར་གཞུང་ལུགས་སྤྱི་དང༌། ལྷག་པར་དབུ་ཕར་ཀྱི་གཞུང་ལུགས་ལ་མཁས་པས་གསུང་སྐྱེས་སློབ་མ་གནམ་གྱིས་ས་བཀབ་པ་ལྟ་བུ་ཤིན་ཏུ་མང་པོ་བྱོན་པའི་ཁྲོད་ནས་འབྲས་སྤུངས་སུ་ཐོན་པའི་ཞལ་སློབ་རགས་རིམ་ཙམ་བརྗོད་ན། རྗེ་མཁས་བཙུན་རིན་པོ་ཆེ་དང༌། རྒྱལ་མཆོག་སྐུ་ཕྲཻང་གཉིས་པ་དགེ་འདུན་རྒྱ་མཚོ། བློ་གླིང་མཁན་རབས་དགུ་པ་སྡེ་སྣོད་འཛིན་པ་སངས་རྒྱས་བཟང་པོ། རོང་སྟོན་ཚུལ་ཁྲིམས་རྒྱལ་མཚན། མཁན་ཆེན་དབང་དཔལ། རབ་འབྱམས་པ་རིན་བཟང༌། མཁན་རིན་པོ་ཆེ་ཆོས་བཟང༌། འཕྱོངས་རྒྱས་དཀའ་བཅུ་བ་ཆོས་འཕེལ་རྒྱལ་མཚན། ཀོང་པོ་དཀའ་བཅུ་བ་བློ་གྲོས་དབང་པོ། མཁན་པོ་སངས་རྒྱས་ཚུལ་ཁྲིམས། གོ་བོ་རབ་འབྱམས་པ་སྔ་མ། ཚ་བ་བསམ་གཏན། ཉག་རེ་བསམ་གཏན། འདན་མ་བསམ་གཏན། ཨར་དགེ་བླ་མ་སྐྱབས། དྭགས་པོ་དཀའ་བཅུ་བ་ཆོས་དཔལ། ཨཙརྱ་དཀའ་བཅུ་བ་ཤེས་རབ་དཔལ། ཨུ་རུ་བླ་མ་འོད་སྲུང་པ། འཕན་པོ་དཀའ་བཅུ་བ་རབ་གསལ་ཟླ་བ། འཕན་པོ་དཀའ་བཅུ་བ་ལེགས་གྲུབ། འཕན་པོ་དཀའ་བཅུ་བ་བཀྲ་ཤིས་རབ་བརྟན། དཀའ་བཅུ་བ་གཞོན་ནུ་མཛེས་པ་ལ་སོགས་གཞན་དྲིང་མི་འཇོག་པའི་མཁས་གྲུབ་ཀྱང་བཅུ་ཕྲག་ཟུང་ལྷག་བྱུང་ཞིང༌། དགའ་ལྡན་གྱི་གསེར་ཁྲི་ལོ་དྲུག་རིང་བསྐྱངས། མཐར་དགུང་གྲངས་གྱ་བཞི་པ་རབ་བྱུང་བརྒྱད་པའི་ས་རྟ་༡༤༩༨ལོར་དགའ་ལྡན་དག་པའི་ཞིང་དུ་ཞི་བར་གཤེགས། ལོ་དེར་རི་སྤུངས་པས་དབུས་གཙང་ཕལ་ཆེ་བར་དབང་བསྒྱུར་བྱས་པ་དང༌། རྒྱལ་དབང་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་གཟིམས་ལམ་དུ་རྒྱལ་བ་བྱམས་པས་ལུང་བསྟན་བྱུང་བ་ལྟར། ཇོ་བོ་ཤཀྱཱ་མུ་ནི་ནག་གྲོང་གི་དཀྱིལ་དུ་གཞུགས་ན་བསྟན་པར་གནོད་པས་གཙུག་ལག་ཁང་དུ་དགེ་འདུན་གཙང་མའི་སྡེ་ཞིག་བྱུང་ན་དགོངས་ནས། དབུས་ཀྱི་སྡེ་བ་སྣེའུ་པ་ལ་གསུངས་ཀྱང་དགོངས་དོན་ལྟར་མ་བྱུང་བར་བཀའ་མ་བཅག་ཙམ་དུ་དབུས་ཀྱི་ས་ནག་མར་ཀརྨ་ཆོས་འཁོར་གླིང་དགོན་པ་བཏབ་རྒྱུའི་ཁས་ལེན་བྱས། དབུས་ཕྱོགས་ཀྱི་སྡེ་པ་སྣེའུ་དང་སྐྱིད་ཤོད་པ་སོགས་གཙང་སྲིད་འོག་འཛུལ་བར་མི་འདོད་པས་ཇུས་བསྐུལ་འོག སེར་འབྲས་ཀྱི་ཆོས་སྲིད་གཉིས་ཀའི་བརྟེན་གཞི་ནི་སྐྱི་ད་ཤོད་ཡུལ་གྱི་ལྟེ་བ་ལྷ་ལྡན་གྲོང་ཁྱེར་ཡིན་པས། འདི་གཞན་ཕྱོགས་སུ་ཤོར་ན་སེར་འབྲས་རང་ཤུགས་ཀྱིས་ཉམས་ཉེས་པར་འགྱུར་ཞིང་དེ་ལ་བསམ་ནས་སེར་འབྲས་ཀྱི་ཁ་ནོན་དུ་ས་ནག་མར་ཀརྨ་པའི་གྲྭ་ཚང་བཏབ་པའི་ངོས་འཛིན་གྱིས་གྲིབ་ནག་འདྲེ་མཐོང་གི་དཔེ་ལྟར། སེར་འབྲས་གྲྭ་ལྔ་བརྒྱ་ལྷག་གིས་སེར་དམག་ལངས་ནས་འགོག་རྒོལ་བྱས་པས་ཞྭ་དམར་སེར་གྱི་དུས་ཟིང་བྱུང༌། དེའི་རྐྱེན་གྱིས་རི་སྤུངས་པ་མཚོ་སྐྱེས་རྡོ་རྗེས་ལྷ་སའི་སྨོན་ལམ་ཆེན་པོའི་ནང་སེར་འབྲས་ཀྱི་གྲྭ་པ་ཞུགས་མི་ཆོག་པར་བྱས་ཏེ། དེ་ ༡༤༩༨ - ༡༥༡༨ ནས་བཟུང་མི་ལོ་བཅོ་བརྒྱད་རིང་ལྷ་ལྡན་སྨོན་ལམ་དུ་ཉེར་འཁོར་གྱི་བཀའ་བརྒྱུད་དང་ས་སྐྱའི་གྲྭ་རྒྱུན། གསང་ཕུ་བ་རྣམས་ཕེབས་དགོས་པ་སོགས་དབུས་ཀྱི་དགེ་ལྡན་པའི་གྲྭ་ཚང་རྣམས་ལ་མགོ་གནོན་ཤུགས་ཆེར་འཕྲོད། དུས་ཟིང་དེའི་རྐྱེན་པས་ཁྲི་ཆེན་འདི་ཉིད་ཞི་བར་གཤེགས་ནས་ཁྲི་ཐོག་བཅུ་གཅིག་པ་འདར་སྟོན་བློ་བཟང་གྲགས་པ་ཁྲི་ལ་མ་ཕེབས་པའི་བར་མི་ལོ་གཉིས་ཀྱི་རིང་གསེར་ཁྲི་སྟོང་པར་ལུས། རྗེ་འདིའི་སྐུ་རབས་སྔ་མ་སྐུ་བ་དྲི་མེད་དང༌། ལྷ་རི་སྡེ་སྣོད་འཛིན་པ་དར་མ་སེང་གེ་ཡིན་པར་གྲགས་ཤིང༌། འདིའི་སྐུ་ཕྲེང་གཉིས་པ་རྨུ་བཟའ་སྐྱབས་མགོན་ཀུ་ལུ་རིན་པོ་ཆེ་ཡིན་ཞིང༌། འདི་ཉིད་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་ཆབ་མདོ་ལྕགས་ར་སྤྲུལ་སྐུ་ངག་དབང་འཕྲིན་ལས་གཉིས་ཀྱི་བཀའ་མངགས་ལྟར་འདན་ཁོག་རབ་ཤིས་ཀླུང་ཤོད་དགོན་པའི་མཁན་ཁྲིར་ཕེབས་པ་ནས་ཆོས་སྡེ་དེའི་དགོན་བདག་ཏུ་གྱུར། སྐུ་ཕྲེང་གསུམ་པ་རྨུ་བཟའ་སྐྱབས་མགོན་སྐུ་རྒན་མ། བཞི་པ་རྨུ་བཟའ་སྐྱབས་མགོན་འཇམ་དཔལ་བློ་གྲོས་བསྟན་པའི་ཉི་མ། ལྔ་པ་རྨུ་བཟའ་སྐྱབས་མགོན་འཇམ་དཔལ་ཡེ་ཤེས་བསོད་ནམས་རྣམ་རྒྱལ། དྲུག་པ་རྨུ་བཟའ་སྐྱབས་མགོན་བསྟན་འཛིན་ངག་དབང་བློ་ལྡན་དཔལ་བཟང་པོ་ཉིད་ཡིན་ལ། འདི་ཉིད་ད་ལྟར་གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་རྩེར་སོན་མཛད་བཞིན་འཚོ་ཞིང་བཞུགས་བཞིན་པ་ལགས་སོ། །