དགའ་ལྡན་ཁྲི་ཐོག་བཅུ་དགུ་པ་ཁྲི་ཆེན་ངག་དབང་ཆོས་གྲགས་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་བཅུ་དགུ་པ་ཁྲི་ཆེན་ངག་དབང་ཆོས་གྲགས་ནི། སྟོད་ལུང་མདའི་དངོས་གཞི་གྲོང་ཚོར། རབ་བྱུང་བརྒྱད་པའི་ལྕགས་བྱ་ ༡༥༠༡ ལོར་སྐུ་འཁྲུངས། འདི་ཉིད་དགའ་ལྡན་ཁྲི་ཐོག་བཅུ་གསུམ་པ་ཆོས་ཀྱི་བཤེས་གཉེན་གྱི་སྐུ་ཚ་གཉིས་ལས་ཆུང་བ་དེ་ཡིན་ཞིང༌། ཁོང་གི་སྐུ་མཆེད་ཤར་པ་དཀོན་མཆོག་ཆོས་དར་ཡང་རྒྱུད་སྟོད་རྒྱུད་ཤར་རྩེ་མཁན་པོ་དང་ཆོས་རྗེ་གཅིག་ལྕོགས་མཛད་མྱོང༌། རྗེ་འདི་ཉིད་དགུང་ལོ་དགུ་པའི་ཐོག་རབ་ཏུ་བྱུང༌། གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང༌། རང་གི་དབོན་པོ་ཁྲི་ཆེན་ཆོས་ཀྱི་བཤེས་གཉེན་དང་སྐུ་མཆེད་དཀོན་མཆོག་ཆོས་དར་གཉིས་ལ་བསྟེན་ནས། ཀུན་མཁྱེན་ལེགས་པ་ཆོས་འབྱོར་རམ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱི་ཡིག་ཆའི་ཐོག་ནས་རྗེ་ཡབ་སྲས་དང་འཕགས་བོད་མཁས་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་སློབ་གཉེར་རྒྱ་ཆེར་མཛད་པས་མཁས་པར་གྱུར། དགུང་ལོ་བཅུ་དགུ་པར་བསྙྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས། ཁུ་བོ་ཁྲི་ཆེན་ཆོས་ཀྱི་བཤེས་གཉེན་དང་པཎ་ཆེན་བསོད་ནམས་གྲགས་པ། རྒྱལ་མཆོག་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ། ཤར་པ་དཀོན་མཆོག་ཆོས་དར་སོགས་བླ་མར་བསྟེན་ནས་བྱང་ཆུབ་ལམ་རིམ་ཆེ་ཆུང་དང་ཡི་དམ་བདེ་གསང་འཇིགས་གསུམ་སོགས་མདོ་སྔགས་ཀྱི་བཀའ་ལུང་མན་ངག་རྒྱ་ཆེར་ཞུས་པས། དགེ་ལྡན་བསྟན་པའི་གསལ་བྱེད་དམ་པར་གྱུར། ལྷག་པར་པཎ་ཆེན་བསོད་ནམས་གྲགས་པ་ལས་མགོན་པོ་ཞལ་བཞི་པའི་རྗེས་གནང་ཞུས་ཏེ་བླ་མ་མགོན་པོ་དབྱེར་མེད་དུ་བསྒོམ་པ་ལས་དཔལ་མགོན་ཞལ་བཞི་པའི་དངོས་གྲུབ་བར་སྙེས། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་གདན་དྲངས་པ་ལྟར་ཕེབས་ནས་མི་ལོ་བདུན་གྱི་རིང་རྒྱུད་སྡེ་རྒྱ་མཚོའི་བསྐྱེད་རྫོགས་ཀྱི་རྣམ་བཞག་ལུང་རིགས་དྲི་མ་མེད་པས་འཆད་མཉན་རྒྱ་ཆེར་སྤེལ། རྗེ་འདི་ཉིད་རྒྱུད་སྟོད་མཁན་ཐོག་དྲུག་པ་དེ་ཡིན། དེ་ནས་དགུང་ལོ་སོ་དྲུག་ ༡༥༣༦ པར་དགའ་ལྡན་དུ་ཕེབས་ནས་ཤར་རྩེ་ཐོས་བསམ་ནོར་གླིང་གི་མཁན་པོ་དང་ཤར་རྩེ་ཆོས་རྗེ་གཅིག་ལྕོགས་གནང་ནས། སྔ་ཕྱི་མི་ལོ་བཅུ་གཉིས་རིང་གཞུང་ཆེན་ཁག་གི་འཆད་མཉན་རྒྱ་ཆེར་སྤེལ། འདི་ཉིད་ཤར་རྩེ་མཁན་རབས་བཅུ་གཅིག་པ་ཡིན། དགུང་ལོ་ཞེ་བརྒྱད་པ་རབ་བྱུང་དགུ་པའི་ས་སྤྲེལ་ ༡༥༤༨ ལོར་དགའ་ལྡན་གསེར་ཁྲིར་ཕེབས་ནས་ལོ་ངོ་བཞིའི་བར་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་བླ་ན་འདེགས། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་རྗེའི་དངུལ་གདུང་ཆེན་མོའི་དབུ་ཐོག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་ཉི་ཟླའི་གཟི་འོད་ཀྱང་འཕྲོག་ནུས་པ་གསར་བཞེངས་མཛད། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་བཞིན་པའི་མུར། དགུང་གྲངས་ང་གཅིག་པར་རབ་བྱུང་དགུ་པའི་ལྕགས་ཕག་ ༡༥༥༡ ་ལོར་དགོངས་པ་ཞི་བར་གཤེགས་པའི་གདུང་རུས་ལ་རྡོ་རྗེ་འཇིགས་བྱེད་དང་དཔལ་ལྡན་ལྷ་མོའི་སྐུ་བརསྙན་གསལ་བ་སོགས། བསམ་གྱིས་མི་ཁྱབ་པའི་རྣམ་ཐར་བདག་གིར་བཞེས། ། འདི་ཉིད་ཞི་བར་གཤེགས་ནས་བགྲང་བྱ་ཉེར་ལྔ་ ༡༥༧༥ པར་འཕན་ཡུལ་མདར་འཁྲུངས་པ་ངག་དབང་ཆོས་ཀྱི་རྒྱལ་མཚན་ཡང་སྲིད་དུ་ངོས་འཛིན་བྱུང་བ་དེ་ཡང་དགའ་ལྡན་ཁྲི་ཐོག་སོ་བཞི་པར་ཕེབས་པ་སོགས་སྐུ་རབས་སྔ་ཕྱི་དུ་མར་རྨད་དུ་བྱུང་བའི་རྣམ་པར་ཐར་པ་བདག་གིར་མཛད་པས་གསལ་ཁང་སྐུ་སྐྱེ་ཞེས་གྲགས་པ་བྱུང་སྟེ་འོག་ཏུ་དགའ་ཁྲི་སོ་བཞི་པའི་སྐབས་འཆད་པར་འགྱུར་རོ། ། རྗེ་འདིའི་རྣམ་ཐར་གྱི་སྐོར། སྡེ་སྲིད་ཀྱི་བཻ་སེར་ཤོག་གྲགས་༨༣པ་དང༌། དུང་དཀར་ཚིག་མཛོད་ཤོག་གྲངས་ ༣༧༥ པ། རྒྱུད་སྟོད་ཆོས་འབྱུང་ཤོག་གྲངས་༩༢ ། འཇམ་དབྱངས་མཁྱེན་བརྩེའི་གསུང་འབུམ། གངས་ཅན་མཁས་གྲུབ་རིམ་བྱུང་གི་མིང་མཛོད་ཤོག་གྲངས་༧༨༣། ཁྲི་རབས་ཡོངས་འདུའི་ལྗོན་བཟང་ཤོག་གྲངས་ ༧༨ བཅས་ལ་གཟིགས་དགོས།