དགའ་ལྡན་ཁྲི་ཐོག་བཅུ་གསུམ་པ་ཆོས་རྗེ་ཆོས་ཀྱི་བཤེས་གཉེན་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་བཅུ་གསུམ་པ་ཆོས་རྗེ་ཆོས་ཀྱི་བཤེས་གཉེན་ནི། རབ་བྱུང་བརྒྱད་པའི་ཆུ་བྱ་༡༤༥༣ལོར་དབུས་ཀྱི་སྟོད་ལུང་མདར་སྐུ་འཁྲུངས། སྐུ་ན་ཆུང་དུས་དགའ་ལྡན་དུ་ཕེབས་ཏེ་སློབ་དཔོན་ཆོས་གྲགས་ལས་རབ་ཏུ་བྱུང་བའི་མཚན་ལ་ཆོས་ཀྱི་བཤེས་གཉེན་ཞེས་གསོལ། གཙང་དུ་ཕེབས་ཏེ་རྒྱལ་མཆོག་དགེ་འདུན་གྲུབ་པའི་དྲུང་ནས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་གསན་པས་མཁས་པའི་མཚན་སྙན་གཙང་ཕྱོགས་སུ་ཁྱབ། རྗེ་དགེ་འདུན་གྲུབ་པས་བསྟན་པའི་རྒྱལ་མཚན་འཛིན་པ་ཞེས་མ་འོངས་ལུང་བསྟན་གྱི་ཚུལ་དུ་མཚན་གསོལ་གནང༌། དབུས་སུ་བྱོན་ཏེ་དཔལ་ལྡན་འབྲས་སྤུངས་སུ་ཞུགས། བློ་གླིང་མཁན་རབས་བཞི་པ་དང་དགའ་ལྡན་ཁྲི་ཐོག་བཅུ་པ་ཆོས་རྗེ་ཡེ་ཤེས་བཟང་པོ་དང༌། འཇམ་དབྱངས་དགའ་བའི་བློ་གྲོས། དྲུང་དཔལ་ལྡན་རྒྱལ་མཚན་སོགས་ལས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་ཆེར་གསན། རྩེད་ཐང་དུ་པོ་ཏི་ཉི་ཤུའི་གྲྭ་སྐོར་མཛད་པས་དབུས་ཕྱོགས་སུ་མཁས་པའི་མཚན་སྙྙན་རྒྱས། རབ་འབྱམས་སྨྲ་བ་སྨོན་ལམ་དཔལ་བ་སོགས་ལས་རྒྱུད་སྡེ་རྒྱ་མཚོའི་དབང་ལུང་མན་ངག་རྒྱ་ཆེར་ཞུས། རྗེ་ཤེར་སེང་པའི་གདན་ས་རྒྱུད་པ་གྲྭ་ཚང་དུ་ཞུགས་ནས་རྒྱུད་སྡེ་བཞིའི་དོན་ལ་བསླབས་པས་སྔགས་ཕྱོགས་ལ་མཁས་པའི་ཡང་རྩེ་སོན། སྟག་ལུང་ཆོས་རྗེ་ངག་དབང་གྲགས་པ་ལས་སྒྲ་དང་སྙན་ངག་སོགས་ཐ་སྙད་རིག་གནས་ལ་མཁས་པར་སྦྱངས། ཆོས་རྗེ་གནས་བརྟན་པས་མཁན་པོ་དང༌། འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་ལས་སློབ། དྲུང་དཔལ་ལྡན་རྒྱལ་མཚན་པས་གསང་སྟོན་མཛད་དེ། བསྙེན་པ་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས། ཤག་སྐོར་གྲྭ་ཚང་དུ་འཆད་ཉན་པར་བྱོན་ཏེ། དབུ་ཕར་འདུལ་མཛད་བཞིའི་འཆད་ཉན་རྒྱ་ཆེར་སྤེལ་བའི་མཚན་སྙན་འབར་བཞིན་པའི་མུར། དགུང་ལོ་ལྔ་བཅུ་པ་ཆུ་ཁྱི་༡༥༠༢ལོར་ཤར་རྩེ་ཕེབས་ནས་བསྟན་པའི་བྱ་བ་རྒྱ་ཆེར་སྤེལ། དགུང་ལོ་རེ་བཞི་པར་ ༡༥༡༦ དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་མི་འཇིགས་སེང་གེའི་ཁྲི་ལ་ཞབས་ཟུང་འཁོར་ལོའི་རེ་ཁ་མངོན་པར་བཀོད། ལོ་དེར་རི་སྤུངས་པའི་ཞལ་ངོ་ཕྱི་མ་རྣམས་ཀྱིས་དེ་སྔོན་བསམ་སྡེ་བ་གྲགས་པ་མཐའ་ཡས་ཀྱིས་བསླངས་པའི་སྡེ་གཟར་ལ་རྒྱབ་ལངས་བྱས་ཏེ་དབུས་གཙང་དབར་འཁྲུགས་ལངས་ཆེན་པོ་བྱུང༌། སྐབས་དེར་སྤྱན་སྔ་ཆོས་ཀྱི་གྲགས་པས་ཆུ་ཤུལ་ལྷུན་པོ་རྩེ་ཆིངས་རྟེན་དུ་ཕུལ་ཏེ་དབུས་གཙང་དབར་ལོ་གསུམ་རིང་སྡེ་གཟར་མི་བྱེད་པའི་ཆིངས་བསྡམས་ནའང་རི་སྤུངས་པས་སླར་སྡེ་གཟར་བསླངས་ནས་རྒྱལ་མཁར་རྩེར་སླེབས་སྐབས། དབུས་ཀྱི་འཕྱོངས་རྒྱས་སྡེ་བ་རིན་ཆེན་རྒྱ་མཚོ་དཔུང་དང་བཅས་དང་ནང་སྟོད་བར་དུ་བྱོན། སྡེ་པ་སྐྱིད་ཤོད་དགའ་ལྡན་པ་བསོད་ནམས་རྒྱལ་པོས་ལྷ་ས་དང་འཕན་པོའི་དམག་བཏོས་ཆེན་འཁྲིད་ནས་ཤངས་ཀྱི་བར་དུ་བསྐྱོད་པས། རི་སྤུངས་པ་དཔའ་འཆག་སྟེ་དགོངས་བསང་ཞུས་ཤིང་ཕྱིས་ནས་སྡེ་གཟར་མི་བསླང་པའི་དམ་བཅའ་བྱས། དེར་བརྟེན་སྡེ་པ་སྣེ་འུ་པ་དང་སྐྱིད་ཤོད་པ་སོགས་ལ་དབུས་ཕྱོགས་དབང་བ་དང་ཕག་གྲུའི་སྲིད་གཞུང་སླར་ཡང་བརྟན་ལྷིངས་བྱུང་བས། ༡༥༡༧ ལོར་རྒྱལ་དབང་དགེ་འདུན་རྒྱ་མཚོ་འབྲས་སྤུངས་པའི་ཁྲིར་གདན་དྲངས་པ་དང༌། སེར་འབྲས་སོགས་དབུས་ཁུལ་གྱི་དགེ་ལྡན་པའི་ཆོས་སྡེ་ཁག་ཏུ་འཆད་ཉན་ཡང་སླར་གསོ་ཐུབ་པར་བྱུང་ཞིང༌། དགུང་ལོ་རེ་དྲུག་པ་ཤིང་བྱ་ ༡༥༡༨ ལོར་རྒྱལ་མཆོག་དགེ་འདུན་རྒྱ་མཚོའི་འཕྲིན་ལས་ལ་བརྟེན་ནས་སྡེ་སྲིད་ཕག་མོ་གྲུབ་པའི་ལུང་ལས་ལྷ་ལྡན་དུ་དགེ་ལྡན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སླར་ཡང་ཚོགས་ཆོག་པ་བྱུང༌། དགུང་ལོ་བདུན་ཅུ་ཐམ་པར་ཆུ་རྟ་ ༡༥༢༢ ལོར་སླར་ཡང་རི་སྤུངས་པས་གཙང་དམག་སྟོས་ཆེ་དབུས་སུ་ཕབ་སྟེ་སྡེ་གཟར་ཚབ་ཆེར་བསླངས་ཀྱང་ཕག་གྲུའི་སྲིད་གཞུང་ལ་གནོད་པ་མ་ནུས་པས། དགེ་བསྟན་གྱི་འཆད་ཉན་ལ་གད་ཆག་མེད་པར་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པའི་སྲོལ་རྒྱུན་བླ་ན་བཏེགས། ལོ་དེར་གསེར་ཁྲི་ལས་ཟུར་ནས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་ཟུར་བཞུགས་མཛད་ནས་རྩེ་གཅིག་སྒྲུབ་པ་ལ་གཞོལ། གསུང་ལས་སྐྱེས་པའི་སློབ་མ་མཁས་པའི་དབང་པོ་ལྷ་དབང་དཔལ་འབྱོར། རབ་འབྱམས་སྨྲ་བ་བློ་གྲོས་ལྷུན་གྲུབ། བླ་མ་འཇམ་དབྱངས་བློ་གྲོས། བླ་མ་བསམ་གཏན་ཤེས་རབ། མདོ་སྔགས་རབ་འབྱམས་སྨྲ་པ་པཎ་ཆེན་བསོད་ནམས་གྲགས་པ། ཁྲི་ཆེན་དབོན་པོ་དཀོན་མཆོག་དར་རྒྱས། ཁྲི་ཆེན་དབོན་པོ་ངག་དབང་ཆོས་གྲགས། སློབ་དཔོན་དགེ་ལེགས་བཟང་པོ་སོགས་མདོ་སྔགས་རིག་གནས་དང་བཅས་པ་ལ་ནང་བྱན་ཆུད་པའི་མཁས་གྲུབ་སྐྱེས་ཆེན་ཤིན་ཏུ་མང་པོ་བྱོན། རྗེ་འདིས་རྩོམ་པའི་ལེགས་བཤད་ཅིས་ཀྱང་ཡོད་ངེས་པས་བརྩད་བཅད་ནས་རྙེད་ན་མཚམས་འདིར་འཇུག་དགོས། མཐར་དགུང་གྲངས་གྱ་བརྒྱད་པ་རབ་བྱུང་དགུ་པའི་ལྕགས་བྱི་ ༡༥༤༠ ལོར་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། སྐུའི་གདུང་རྟེན་དངུལ་གྱི་མཆོད་སྡོང་རིན་པོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བཞུགས།།