དགའ་ལྡན་ཁྲི་ཐོག་དོན་དགུ་པ་ཕུ་ཁང་བློ་བཟང་སྦྱིན་པ

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་དོན་དགུ་པ་ཕུ་ཁང་བློ་བཟང་སྦྱིན་པ། འབའ་ཐང་ཁུལ་སྣང་བཟང་དུ་འཁྲུངས། དགའ་ལྡན་ཤར་རྩེ་ཕུ་ཁང་ཁང་ཚན་དུ་སྒྲིགས་ཞུགས་མཛད། རྗེ་འདི་ཉིད་གྲྭ་རྐྱང་དཔེ་ཆ་ཧ་ཅང་ཡག་པོ་མཁྱེན་ཚུལ་མེད་པར་ཚོགས་ཆེན་ཚོགས་ལངས་འཁེལ་བ་དང༌། ཚོགས་ལངས་རྩོད་ཟླ་བྱང་རྩེའི་དཔེ་ཆ་བ་ཤིན་ཏུ་སྐད་གྲགས་ཆེ་ཞིང་སློབ་གཉེར་ལེགས་པ་ཞིག་ཡོད་སྟབས། སང་ཉིན་ཚོགས་ལངས་བཞེངས་རྒྱུའི་དོ་ནུབ་བྲོས་བྱོལ་དུ་ཕེབས་པས། འབྲོག་རིའི་སྒང་གཞི་བདག་ནགས་གསེབ་ཏུ་བོང་བུའི་རྣམ་ཅན་གྱི་མི་མ་ཡིན་ཞིག་དང་འཕྲད། འཇིགས་སྣང་གང་ཡང་མ་མཛད་པར་ཕྱག་ཕྲེང་སྐེ་ལ་བཀོན་ནས་བོང་བུ་ལྟར་འཁྲིད་ཡོང་བར། ཁོས་གང་དགོས་བྱ་རྒྱུ་ཡིན་ཚུལ་ བརྗོད་དེ་གློད་རོགས་ཞུས་པར། སང་ཉིན་ཚོགས་ལངས་ལ་རོགས་བྱ་དགོས་གསུངས་པས། ཁོས་ཁྱེད་རང་གནམ་ཡངས་ལ་མིག་གིས་གཏན་ནས་མ་བལྟ་བར་རྟགས་བསལ་དང༌། ལན་ཁ་ནས་གང་ཐོན་བརྗོད་ཅིག་ཅེས་ཟེར་བ་བཞིན་དེ་ནུབ་ཡར་ལོག་སྟེ། སང་ཉིན་དེ་ལྟར་མཛད་པས་རིགས་ལམ་ལ་ཐོགས་པ་མེད་པར་གྱུར་ཏེ་ཆོས་གྲོགས་དེ་ཉིད་སྨྲ་བ་མེད་པའི་གནས་ལ་བཀོད། ཚོགས་ལངས་ཚར་བའི་རྗེས་གནམ་ཡངས་ལ་གཟིགས་པ་ན། བོང་བུའི་མགོ་ཅན་གོས་ཆེན་གྱི་སྟོད་འགག་གྱོན་པ་ཞིག་གིས་བལྟས་ནས་བསྡད་ཡོད་པ་དེ་ཉིད་དུ་ཡལ་བར་གྱུར་སྐད། ཚོགས་བཞེངས་ཚར་སྐབས་ཆོས་གྲོགས་ཀྱི་ཤག་ཏུ་གསོལ་ཚིགས་ལ་འགྲོ་སྲོལ་ཡོད་ཀྱང༌། ཆོས་གྲོགས་ཀྱིས་མ་འབོད་པར་སྔོན་ལ་སོང་བ་དང༌། རྗེ་འདིས་ཀྱང་རྗེས་སུ་ཕེབས་པས། ཁོང་གིས་དཔེ་ཆ་ཚང་མ་མེར་བསྲེགས་ནས་ཤོག་བུའི་དུ་དྲིས་ཁེངས་ནས་ཡོད་པར། གང་ཡིན་བཀའ་འདྲི་མཛད་པས། ངས་ད་བར་དཀའ་ལས་བྱས་ནས་དཔེ་ཆ་བལྟས་པ་ཡིན་ཏེ། ད་ཕན་ཐོགས་གང་ཡང་མི་འདུག་ཟེར། རྗེ་འདིས་དེ་འདྲ་མ་བྱེད་ངས་འདི་འདྲ་བྱེད་ཅིང་འདི་འདྲ་བྱུང་བས་གདུག་འདྲེའི་ནུས་པ་ཡིན་པ་ལས། ངས་གང་ཡང་མི་ཤེས་ཞེས་གསུངས་སྐད། གང་ལྟར་ཡོན་ཏན་ཐམས་ཅད་བུམ་ནང་གི་མར་མེ་ལྟར་སྦ་བའི་སྒོ་ནས་མཁས་གྲུབ་ཀུན་གྱི་ཡང་རྩེར་གྱུར་པ་ནི་གོར་མ་ཆག་ཅིང༌། དེ་ལྟར་རིམ་གྱིས་གཞུང་ལུགས་རབ་འབྱམས་ལ་སྦྱངས་པ་མཐར་སོན་པ་ན། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་དམ་བཅའ་བཞག དེ་ནས་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་སྡེའི་སྙིང་པོ་ཀུན་ལ་སྦྱངས་པར་མཛད། རིམ་གྱིས་བླ་མ་དབུ་མཛད་དང་མཁན་ཁྲིར་ཕེབས། རྒྱུད་པའི་མཁན་ཁྲི་རྩིས་བཞེས་སྐབས་དངུལ་ཊམ་དཀར་རསྙིང་ཟད་འགྲོ་རྒྱུགས་དཀའ་བའི་རིགས་རྩིས་སྤྲོད་བྱ་སྲོལ་ལྟར་སྤྲོད་ལེན་སྐབས་རསྙོག་གྲ་བརྒྱུད་མར་འབྱུང་བ་ལ། རྗེ་འདི་པས་དངུལ་ཁུག་ལ་རྒྱུད་པའི་སྤྱི་ཐམ་ཕབས་སུ་བཅུག་ཏེ། ཕྱིས་མཁན་ཁྲི་ཟིན་རྗེས་དངུལ་ཁུག་སྤྱི་ཐམ་འབྱར་མ་རྩིས་སྤྲོད་མཛད་པས་སྟབས་བདེ་རསྙོག་ཁྲ་མེད་པ་བྱུང་བ་སོགས་འཇིག་རྟེན་གྱི་བྱ་བཞག་ལའང་མཁྱེན་རླབས་ཤིན་ཏུ་ཆེ་བར་གྲགས། རབ་བྱུང་བཅུ་བཞི་པའི་ས་ལུག་༡༨༥༩ལོར་ཤར་རྩེ་ཆོས་རྗེའི་ཁྲིར་ཕེབས་ཤིང༌། རབ་བྱུང་བཅོ་ལྔ་པའི་ཐོག་མ་མེ་ཡོས་༡༨༦༧ལོར་དགའ་ལྡན་གསེར་ཁྲིར་ཕེབས། ཁྲི་པའི་བྱེད་སྒོ་འཐུས་ཚང་གནང་བཞིན་པའི་མུར། འདིས་དགའ་ལྡན་གསེར་ཁྲི་སྐྱོང་བའི་སྐབས། སྤྱི་མཁན་དཔལ་ལྡན་དོན་འགྲུབ་ཀྱིས་འབྲས་སྤུངས་རིགས་གྲྭའི་རྩོད་སྙོག་ལ་རྒྱབ་ཡངས་བྱས་ཏེ། དགའ་འབྲས་ཟུང་དྲུང་ཞེས་པ་བཙུགས། སྲིད་སྐྱོང་རྒྱལ་ཚབ་རྭ་སྐྱེང་རིན་པོ་ཆེ་ལ་གྱེན་ལངས་དང་སྙྙེ་མོ་རྒྱལ་བྱེད་ཚལ་དུ་རྒྱངས་འབུད་བཏང་ཟིན་བའི་བཤད་སྒྲ་བ་དང་མཉམ་དུ་བསྡེབས་ནས། བོད་ཀྱི་བསྟན་སྲིད་ཐུག་པ་ལྟར་དཀྲུག་པའི་སྐབས་དང་འཁེལ་ནའང་སྤྱི་མཁན་དཔལ་དོན་དང་གྲྭ་ཚང་གཅིག་པའི་ལ་ཞེན་ཕྱོགས་ལྷུང་མ་གནང་བར་རྒྱ་མཚོ་ཆེན་པོ་དང་རི་བོ་མཐོན་པོ་ལྟ་བུ་གཡོ་འགུལ་མེད་པར་བཞུགས་འདུག་པས་ཆོས་སྲིད་གཉིས་ཐད་ནས་གཟིགས་རྒྱང་ཡངས་པའི་སྐྱེས་ཆེན་དམ་པ་ཞིག་ཏུ་ཞུགས་སོ། །དེ་ལྟར། ལོ་གཉིས་ཙམ་ལས་མ་བཞུགས་པར་༡༨༦༩ལོར་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་འཇམ་དཔལ་སྙིང་པོའི་དྲུང་དུ་གཤེགས།